ཤེད་བུ།
ཉི་མ་དམར་པོ་ས་རྡུལ་ཁྲོད་དུ་ལངས། །
བརྩེ་བའི་ཕྱི་མིག་དམྱལ་བའི་མལ་དུ་བསྲིངས། །
ཅི་ཡང་ཡོད་པ་གངས་ཀྱི་ར་བ་ནས། །
ཉི་ཟླ་ཆ་རུ་བཞད་ཀྱང་དགོས་པ་ཅི། །
ཟླ་གཞོན་ནར་སོན་མ་བྱུང་སྤྲིན་པས་བསྒྲིབས། །
ཉི་གཞོན་འདམ་མྱགས་ཁྲོད་ན་འགྱེལ་གྱིན་གདའ། །
འདི་ནི་དགོང་ཀའི་དུས་ཀྱི་འཇིགས་སྣང་སྟེ། །
གངས་གཞོང་མུན་པ་བསྐྱིལ་བའི་རྟེན་འབྲེལ་ལོ། །
མདའ་མཚོན་རྣ་ཆར་བཏགས་པའི་འོད་པོ་ཆེ། །
མཁའ་ལ་ཤར་བའི་ནམ་ཟླ་ཚེས་པ་ནས། །
འུར་ཆ་ཐོགས་པའི་རྟ་བ་ཁྲི་སྟོང་ལྷག །
རི་ལ་བཞུད་པའི་ངལ་བ་ཐོག་མར་བརྩམས། །
ཡ་གླིང་མུ་གེས་བཟུང་བའི་ལོ་ཟླ་ལ། །
ཤར་ཕྱོགས་རི་ནས་དུ་བའི་རླངས་པ་འཕྱུར། །
གངས་ཀྱི་འོད་མདངས་ཁྲག་ཏུ་འགྱེད་པ་ནས། །
སྡུག་གི་ལོ་ཟླ་མཛུབ་མོ་རྩེ་ནས་བགྲང་། །
མེས་པོ་ཟུངས་ཁྲག་ས་རུ་མ་གྱུར་སྔོན། །
གྲོག་མའི་དམག་དཔུང་ཁ་དང་མིག་ལ་འཚང་། །
བརྗེད་པར་དཀའ་བའི་ལོ་ཟླ་འདི་ཀོ་འང་། །
ཉི་མར་རྒོལ་བའི་ཡན་ལག་ཅི་ལ་མིན། །
འོན་ཏེ་ཉི་མའི་གདུག་རྩུབ་མ་ལངས་ན། །
བདག་གི་བརྩེ་བའི་འོད་ཟེར་ག་ལ་འགྱེད། །
འདི་ཡང་གནས་ལུགས་ཤིག་གི་ལྡོག་འཕྲོ་སྟེ། །
ཁ་བའི་སྲོག་རླུང་རྒྱས་པའི་སྐྱེ་རྡུལ་ལོ། །
ཉི་འོད་ལྡོག་འཕྲོ་རྒྱག་པའི་སྲོད་ཀ་དེར། །
བདག་གི་ཧབ་ཆས་མི་སེམས་རྣལ་དུ་ཕབ། །
རྐང་གཉིས་འཇིག་རྟེན་ནུབ་པར་གྱུར་ན་འང་། །
བདག་གིས་ད་དུང་རུས་པའི་མར་མེ་སྦར། །
ལས་ཀྱི་མཐའ་འདི་ཟད་ལ་སྐྱོ་མ་གྱུར། །
ལོ་མ་སྐམ་པོ་ཐལ་བའི་ཟུངས་སུ་སྨིན། །
བསིལ་རླུང་བཟི་བའི་སྐད་ཅོར་བྲག་ལ་འཁོར། །
རྒོལ་འཛིང་ལས་འདི་སུས་ཀྱང་མཐའ་མ་ཆོད། །
དུག་སྦྲང་གོག་པོའི་ངུ་སྐད་རྣ་ལ་གཟན། །
ལྷིང་འཇགས་ལས་འདི་གཞན་ལ་མ་བརྡབས་ཀྱེ། །
ཚེ་ཡི་སྙིང་བོ་བསྐལ་བའི་མཐའ་ལ་བསྲིངས། །
བདག་གི་སློབ་ཚན་ད་དུང་མཇུག་མ་སྒྲིལ། །
མཚོན་ཆ་ས་ལ་ཕབ་པའི་མཉམ་བཞག་པས། །
རེ་བའི་རྨི་ལམ་འཇའ་དང་འོད་ཀྱིས་ཁེངས། །
འདི་ཡང་ཆོས་ཉིད་གཤིས་ཀྱི་འོད་ཟེར་ཏེ། །
སྐྱོ་བའི་ཉམས་འདི་སྟོང་བའི་དབྱིངས་སུ་ཐལ། །
གསེར་གྱི་ཀོ་གྲུ་ཡོམ་ཞིང་འདར་གྱིན་དུ། །
དྲག་རྩུབ་རླབས་ཀྱི་མེ་ཏོག་གཏུབ་པ་འང་། །
བདེན་པ་ཆེན་པོའི་ཆོས་མཐུན་དཔེ་གཞི་སྟེ། །
ས་ལ་ཕབ་པའི་རྐང་རྗེས་ཅི་ལ་མིན། །
ཁྲག་གི་ཟེགས་མ་ས་རུ་འགྱེད་པ་ནས། །
ཉི་མར་རྒོལ་བའི་རྙིང་རླུང་སྲོག་ལ་ཞུགས། །
རུས་པར་ཟུག་པའི་ནད་འདི་རྣམ་ཤེས་ཤིག །
ལན་གཅིག་བསད་ཀྱང་སླར་ཡང་གསོན་པར་ངེས། །
ཡིག་འབྲུ་གཅིག་ཀྱང་མ་ལུས་པར་དག་འདོན་བྱས་ཚར་ཡིན། ད་དུང་དྲག་རྩལ་ཉམས་མི་འདུག་པས་དགའ་ཡོད། ད་ནི་མ་སྦྱང་ན་ཉམས་རྒུད་དུ་འགྲོ་ངེས་པས་ཉིད་ཀྱིས་དེ་ལུགས་དགོངས་འཇགས་འཚལ།
མ་གཞི་དེང་སང་ངས་གཅིག་རྒྱག་གཉིས་གཤག་གི་དྲག་རྩལ་ལ་འབད་ཀྱིན་ཡོད། བདེ་མོ། ང་བུད་ཐ།
གྲོགས་ཨ་རིག་དགེ་མཐོང་ཡང་ཡིན་ལ་དགེ་བཤེས་ཀྱང་ཡིན་པ་ཁྱེད་ཕེབས་ནས་བསླབ་བྱའང་ཡིན་ལ་རེ་བ་ཡང་ཡིན་པའི་བསམ་ཚུལ་ཞིག་སྤེལ་བ་གོ་སོང་།