………རྩེ་ཁོག་གི་ངོ་གདོང་གླེང་མཁན་དག་ལས་འཕྲོས་ཏེ་རྩེ་ཁོག་གླེང་བ།
རྩེ་སྐར།
དགུན་ཁ་ཙག་རླུང་དང་ཁ་བས་གནམ་ས་གྲང་འདར་རྒྱག་པའིེ་རྩེ་ཁོག
དབྱར་ཁ་རྩི་ཤིང་དང་མེ་ཏོག་གིས་ས་གཞི་ལ་མཛེས་རྒྱན་སྤྲས་པའི་རི་གྲོང༌།
ཆེས་མཐོ་སྒང་ན་ཁུ་སིམ་སིམ་གྱི་ཕ་གཞིས་དྲོན་མོ།
མེ་ཏོག་གི་ཁྲོད་ནས་མནར་སོན་པའི་གཅེས་ཕྲུག་དེ་ཚོའི་རྩེད་ར་ཡིན་ལ།
དག་གཙང་གི་ས་གཞི་དེ་ནས་ལོ་ལོན་པའི་རྒན་འཁོགས་དེ་ཚོའི་ཁྱིམ་གཞིས་ཡིན།
ཇི་ལྟར་བཤད་ཀྱང༌།
རྩེ་ཁོག་ནི་མནའ་སྔ་མོ་ཞིག་ནས་བྲང་གཞུང་ང་ཚོར་གཏད་པའི་མེ་ལོང་ཞིག་ཡིན།
རྩེ་ཁོག་གི་མི་རྣམས། རྩེ་ཁོག་གི་ངོ་གདོང་གཙང་ཕྱི་བྱེད་མཁན་དེ་ཡིན།
ལོ་ངོ་ག་ཚོད་ཅིག་ལ་རྩེ་ཁོག་གི་ངོ་གདོང་མུན་པས་སྒྲིབ་སྟེ་ལྷག
མི་རབས་ཅི་ཙམ་ཞིག་ལ་རྩེ་ཁོག་གི་སྒོ་མོ་སུ་ཞིག་གིས་བཀག་སྟེ་བསྡད།
དེང་སྐབས་རྩེ་ཁོག་གླེང་མཁན་དག་གི་སེམས་ནང་གི་རྩེ་ཁོག
འཁྱག་ལ་འབྱར་བའི་རྡོ་བ་ཞིག་དང་མཚུངས་ལ།
རྡོག་སྒྲིལ་བརྒྱབ་པའི་མདུད་ལོག་ཅིག་ཏུ་གྱུར་ཡོད་ཟེར།
དོན་དམ་དུ། རྩེ་ཁོག་གི་མི་དག
མིག་བཙུམ་ནས་དབུས་ལམ་སྙེག་མཁན་གྱི་ཆོས་བ་ཁྱུ་གཅིག་གམ།
ཡང་ན། ཁ་གདེང་ནས་ཉལ་སར་གཉིད་དུ་ཡུར་བའི་སློང་མོ་བ་རྐྱང་རྐྱང་རེད།
དེའི་ཕྱིར། རྩེ་ཁོག་ནི་རླུང་ཁ་ན་འགྱུར་ལྡོག་མེད་པའི་ན་ནིང་གི་རྩེ་ཁོག་དེ་རེད།
རྩེ་ཁོག ཇི་ལྟར་བཤད་ཀྱང༌།
གནའ་སྔ་མོ་ནས་ང་ཚོའི་རྣམ་ཤེས་འཚོ་སའི་གཞིས་ཀ་ཆུང་ཆུང་དེ་ཡིན།
ད་ཆ་རྩེ་ཁོག་གླེང་མཁན་དག་གི་མིག་ནང་གི་རྩེ་ཁོག
རྩ་བ་མེད་པའི་སྡོང་ཀོག་ཁེར་སྐྱེས་ཤིག་དང་མཚུངས་ལ།
མེད་མུག་གིས་འཚོ་བའི་གདོད་མའི་རི་གྲོང་ཞིག་རེད་ཟེར།
དོན་དམ་དུ། རྩེ་ཁོག་གི་མྱི་ཆེན་དག
མིག་བགྲད་ནས་རྩེ་ཁོག་གི་ལྷུ་རྐང་གཞིབ་མཁན་གྱི་གཤེད་མ་སྐོར་ཞིག་གམ།
ཡང་ན། ལག་བཀྱག་ནས་རྩེ་ཁོག་གི་མགོ་བོ་རྡུང་བའི་ལམ་འགྲོ་བ་རྐྱང་རྐྱང་རེད།
དེའི་ཕྱིར། རྩེ་ཁོག་ནི་ཆར་ཆུའི་ཁྲོད་བངས་རྒྱུ་མེད་པའི་སྔོན་ཆད་ཀྱི་རྩེ་ཁོག་དེ་རེད།
ཁ་གྲག་ནས་རྩེ་ཁོག་གླེང་མཁན་གྱི་མི་རྣམས།
ནམ་རྒྱུན་རྩེ་ཁོག་གི་སྒལ་གཞུང་ན་ཞེན་ཆགས་ལྷག་མ་ཞིག་སྒོམ་སྟེ།
རང་གི་ཕོར་བ་གནམ་ལ་བཟེད་མཁན་རྐྱང་ཡིན་ནམ།
གང་ལྟར། ཨ་རག་གིས་བཟི་དུས་རྩེ་ཁོག་གི་ཁ་དོག་དྲན་གྱིན་ཡོད་ལ།
སྙན་ངག་གིས་མྱོས་དུས་རྩེ་ཁོག་གི་ངོ་གདོང་གླེང་གིན་ཡོད།
དོན་དམ་དུ། རྩེ་ཁོག་ནི་གླུ་ཚིག་ཅིག་ཏུ་བླངས་ནས་ལྷག་ཡོད་ལ།
རྩེ་ཁོག་ནི་སྙན་ངག་ཅིག་ཏུ་བྲིས་ཏེ་བཞག་ཡོད།
དེའི་ཕྱིར། རྩེ་ཁོག་ནི་ནམ་རྒྱུན་ཉི་མར་ལྡེ་བའི་རི་གྲོང་སྐྱ་བོ་དེ་རེད།
རྩོམ་ཡིག་འདི་སྔོན་ཆད་ཅིག་ལ་བྲིས་ཏེ་བོད་ནང་གི་དྲ་ངོས་འགར་བཀོད་མྱོང་ནའང་། ཁ་སང་དེ་རིང་ཕ་ཡུལ་རྩེ་ཁོག་ལ་གློ་བ་གཏད་ཅིང་ཚོར་བ་བན་བུན་ཞིག་གི་ཀློང་ནས་འདིར་བསྐྱར་བཀོད་ཅིག་བྱེད་ན་འདོད་བྱུང་།