སོ་རུ་ཚེ་རིང་།
ནུབ་ཁའི་མཚམས་སྤྲིན་གྱི་ལོ་མ་སེར་པོ
དྭངས་གསལ་གཙང་འགྲམ་དུ་ག་ལེར་ལྷུང་དུས
སྤྲིན་པ་ལྟར་འཐིབས་པའི་སེམས་གཏིང་འདི་ནས
གློག་འགྱུ་བཞིན་མྱུར་བའི་འགུལ་སྐྱོད་ཅིག་མཆེད་ཡོང
སྤྱི་གཙུག་ན་ཤར་བའི་ཚེས་རིས་ཆུང་ཆུང་དེ
མཛའ་གཞས་ཀྱིས་བསུས་པའི་མགྲོན་པོ་ལྟར
འཛུམ་མདངས་གསོན་པོ་ཞིག་གི་མཛེས་ཉམས་བསྟན་བཞིན
ངའི་སྙིང་དཀྱིལ་དུ་ཟུག་པ་ནི
འོད་ཐིགས་ལྟ་བུའི་ཁྱེད་ཀྱི་བྱམས་བརྩེ་ཡིན
དྲན་འཛིན་གྱི་ཆར་ཆུ་ས་གཤིས་འཇམ་པོའི་ཕང་བ་རུ་བཀྲམ་ཚེ
ཐ་སྙད་ཀྱི་མེ་ཏོག་སྣ་ཚོགས་དལ་གྱིས་འབུས
ལྗང་སྨྱུག་གི་སྐྱེ་སྟོབས་ཡུན་གྱིས་སྨིན་པ་ན
མིང་ཚིག་གི་བརྡ་གཟུགས་གོམས་གཤིས་ཀྱི་མཛེས་པར་བསྟར
མེས་དཔོན་ཚོས་རླབས་རིས་གསོན་པོ་དེ
དུས་རབས་རེ་རེའི་དཀྱོག་མཚམས་སུ་བརླིང་ཞིང་བརྗིད
རི་གཟར་ལ་བཏང་བའི་ལམ་ཕྲན་ཀྱག་ཀྱོག
རུས་རྐང་དུ་ཟུག་པའི་རྣམ་ཤེས་བཞིན
ང་དང་ངའི་སྙིང་རུས་ཀྱི་དབྱངས་ལ་འཐིམ
ངག་གི་དཔལ་མོ་ས་འཛིན་དཀར་པོའི་དབུ་རྩེ་ལ་མཁྱུད་ཚེ
རྣམ་གཞག་གི་ཁ་མིག་ཇི་ལྟར་མི་གསལ་ཡང
འོད་ཟེར་གྱི་ཟེགས་མ་དབྱངས་འགྲོས་ཀྱི་རྟིང་བར་སིམས་པས
རྔོ་མི་ཐོགས་པའི་འཇིག་རྟེན་འདི་ཅི་འདྲའི་རྒྱ་ཆེ་ཨང
ལང་ལོང་དུ་རྒྱུ་བའི་སྤྲིན་དཀར་གྱི་འདབས་མ
སིམ་སིམ་དུ་འཇོ་བའི་སྦྲང་ཆར་གྱི་བསིལ་མ
དགའ་སྐྱོ་ཡི་དབུགས་རིང་ཤུགས་ཀྱིས་འབྱིན་པ་ན
ངུ་ཡང་སླ་ལ་དགོད་ཀྱང་སྐྱེན་པའི་འཚོ་བ་ཡི་ཁ་དོག་ལྷང་ངེར་མངོན
ཀྱེ དབྱངས་འགྲོས་སུ་འཐིམ་པའི་རྣམ་ཤེས་ཡཱ
ཁྱེད་ནི་སྙན་ངག་པའི་དགའ་མ་ལགས བྲག་རི་ལྟར་བརླིང་བའི་རྡོ་རིང་ཞིག
དུས་རབས་ཀྱི་དཀྱོག་མཚམས་རེ་རེ་ནས
འགྱུར་བག་གི་ཆོས་ཉིད་ཇི་ལྟར་རབ་རིབ་དང་སབ་སོབ་ཏུ་གྱུར་ཡང
འདས་དོན་གྱི་ཡོ་ལང་ས་རྡུལ་ལས་དལ་བུར་མངོན
ལྷིང་འཇགས་ཀྱི་འཛུམ་མདངས་ལས་འབུས་པའི་ཁྱེད་ཀྱི་དུངས་ཤ་ལྷོད་པོ་དེ
འཇམ་མཉེན་གྱི་མཆུ་སྒྲོས་དང་བཅས་བདག་གི་རུས་རྐང་དུ་བབས་དུས
ལྷུ་ཚིགས་ཀྱི་གོས་སྲུབས་བར་དུ་འུ་ཅག་ལ་རྨི་ལམ་གྱི་གཤིན་ས་བསྐྲུན་མྱོང