བསེ་རུ། ས་རཱ་མཐོ་སློབ།
སྤྱི་ལོ་ 2012/9/11 ཉིན་ཏེ། དེ་རིང་ངས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལའི་ཉེ་འདབས་ཀ་ཅ་རི་ཞེས་པའི་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་བར་བཅར། ང་རང་མགོ་བོ་འཐོམས་དྲགས་པའི་དབང་གིས། ལག་དེབ་དུས་འགྱངས་ལོ་ལྔ་ཞུ་རྒྱུའི་གོ་སྐབས་དེ་ཆུད་ཟོས་སུ་ཕྱིན་ཏེ། ལོ་ངོ་གཅིག་གི་དུས་འགྱངས་མ་གཏོགས་ཞུ་ཐུབ་མ་སོང་། དེ་ནི་སུའི་ནོར་འཁྲུལ་ཡིན་ནམ། ང་རང་འཐོམས་ཞྭ་གྱོན་པའི་བྱས་འབྲས་རེད།
ལོ་ངོ་ལྔ་དུས་འགྱངས་ཞུ་བའི་བརྒྱུད་རིམ་ནི། འབྲེལ་ཡོད་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་དོན་ལྟར། ལག་དེབ་ཀྱི་དུས་ཡུན་མ་རྫོགས་པའི་ཟླ་བ་གཅིག་ཙམ་གྱི་སྔོན་ཚུད་ནས་དྷ་ས་བདེ་དོན་ནས་ངོས་སྦྱོར་དང་། དེ་ནས་ལམ་སེང་བདེ་སྲུང་ཡན་ལག་ལས་ཁུངས་སུ་ཐོ་འགོད། དེ་ནས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་འགེངས་ཤོག་དང་ངོས་སྦྱོར་དེ་ཚོ་ཕུལ་ཏེ། ཉེན་རྟོག་པས་ཉིན་ཤས་རྗེས་ས་གནས་སོ་སོར་དྲི་བརྩད་(Inquiry)བྱེད་པར་སླེབས་རྗེས་དྷ་ས་བདེ་དོན་ལས་ཁུངས་འགྲམ་གྱི་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་ངོས་འབྱོར་གྱི་ཡིག་ཆ་ཞིག་བླངས་རྗེས། བདེ་དོན་དང་། བདེ་སྲུང་ཡན་ལག་གི་ཡིག་ཆ་དེ་གསུམ་ལྷན་སྦྱར་ཐོག་ཁུར་ནས་ཀ་ཅ་རི་ཉེན་རྟོག་ལས་ཁུངས་སུ་བཅར་དགོས་ཀྱི་འདུག
དེ་རིང་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་མཁན་ས་ཐག་རིང་ཐུང་སྣ་ཚོགས་ནས་ཕེབས་འདུག་ལ། རྒན་གཞོན་བར་གསུམ་གྱི་སྐྱ་སེར་སྣ་ཚོགས་ཕེབས་འདུག ཚང་མས་རིམ་པ་བཞིན་འཚང་ཁ་དང་སྐད་ཅོར་མེད་པའི་ཐོག་ནས་རིམ་པར་ལས་ཁུངས་འོག་ཏུ་སྔར་རྒྱུན་བཞིན་ཐོ་འགོད་བྱས། དེའི་བར་དེར་བུད་མེད་ལོ་ཆུང་ཞིག་གིས་”དེ་རིང་སྔོན་མའི་ལོ་ལྟར་འཚང་ཁ་རྒྱག་གི་མི་འདུག དེ་ཡག་པོ་འདུག་”ཟེར་བཞིན་མོ་རང་གི་རོགས་པ་དེར་བཤད་པ་ཁོ་བོས་ཐོས། ང་ཚོ་ཡིག་ཚང་ནང་དུ་སླེབས་དུས་དེར་ལོ་ལྔ་ཅན་གྱི་དུས་འགྱངས་བྱེད་སའི་ཐོ་འགོད་དེབ་ཆེན་ཞིག་དང་། ལོ་གཅིག་ཅན་གྱི་དུས་འགྱངས་བྱེད་སའི་ཐོ་འགོད་དེབ་ཆེན་གཉིས་འདུག དེ་གཉིས་ལས་གཅིག་ལ་བོད་ཁྱིམ་སློབ་མའི་སྒྲིག་ཆས་གྱོན་པའི་སློབ་གྲྭ་བ་བུ་མོ་ཞིག་གིས་དང་བླང་ངང་ཐོ་འགོད་བྱེད་བཞིན་འདུག་ལ་གཞན་དེར་བུད་མེད་ན་ཆུང་གཞན་ཞིག་གིས་ཐོ་འགོད་རོགས་རམ་བྱེད་ཀྱིན་འདུག
འོན་ཀྱང་། ཁོང་གཉིས་དང་བླང་ཡིན་མིན་མི་ཤེས་མཁན་གྱི་བོད་མི་མང་པོ་ཞིག་གིས་ཁོང་གཉིས་ནི་ལས་བྱེད་བྱེ་བྲག་པ་གཅིག་རེད་བསམ་པའི་སྣང་བ་ཞིག་མ་གཏོགས། ཁོང་གཉིས་སོ་སོ་རང་ཉིད་ལ་དང་བླང་ངང་རོགས་པ་བྱེད་མཁན་ཡིན་པའི་སྣང་བ་ཞིག་ཀྱང་འཆར་གྱི་མེད་ཚོད་རེད། དངོས་གནས་བྱས་ན་ཁོང་གཉིས་ལ་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞེས་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེ་ལྟར་ཞུ་མཁན་གྱི་བོད་མི་ག་ཚོད་ཙམ་ཡོད་དམ།
ང་རང་ཐོ་འགོད་ཚར་རྗེས་སྐྱབས་བཅོལ་ལག་དེབ་དེ་ཉར་བཞིན་གཡས་ལྟ་གཡོན་ལྟ་རེ་བྱེད་དུས་བོད་མི་མང་པོ་ཞིག་གི་སེམས་ནང་སྐྱོ་སྣང་དང་ཡིད་ཆད་ཀྱི་རྣམ་པ་ཤུགས་ཆེ་མངོན་གྱི་འདུག ལྷག་པར་དུས་འགྱངས་ཀྱི་དུས་ཚོད་ཡོལ་ཟིན་པའི་བོད་མི་ཁག་ཅིག་ཚ་གེ་ཚིག་གེའི་ངང་ཤབ་ཤུབ་སྣ་ཚོགས་སྨྲ་བཞིན། བོད་མི་གཞན་ཚོར་ཡིད་སྨོན་སྐྱེས་པ་ལྟ་བུར་གནས་བཞིན་འདུག ད་དུང་ཁོང་ཚོས་ཉེན་རྟོག་པར་ཐབས་ལམ་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་འདོད་དོན་དེ་སྒྲུབ་ཐབས་བྱེད་དགོས་མིན་ཐོག་བསམ་བློ་གཏོང་གིན་འགྲམ་པ་སྐྱོར་བཞིན་འདུག ལ་ལ་ནི་ཁ་པར་ཕར་བཏང་ཚུར་ཉན་ངང་ཅི་བྱེད་འདི་བྱེད་མེད་པར་ལྷག་འདུག ད་དུང་འགའ་ཞིག་གིས་མི་ཆེན་དེ་འདྲ་དང་། སྐད་སྒྱུར་རྒོད་པོ་དེ་འདྲ་ཡང་རོགས་པར་ཁྲིད་ཡོད་ཚོད་རེད། གང་ལྟར་མ་འོངས་པར་མི་ལོ་ལྔ་བཅུ་ལྷག་ད་དུང་འདིར་ལྟར་སྐྱེལ་དགོས་སམ།
དེ་རིང་གིི་ཉི་མ་ལྟ་བུར་སྐབས་རེ་ངང་སྒུག་བྱས་ཏེ་ཞོགས་པ་ཆུ་ཚོད་དགུ་པ་བཅུ་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པར་བསྒུགས་དགོས་པ་དང་། སྐབས་རེ་ཆུ་ཚོད་གཉིས་གསུམ་ནང་ཚར་བའང་ཡོང་གི་ཡོད། གང་ལྟར་དུས་ཡུན་རིང་བས། ཡིག་ངོ་ཆོད་མཁན་གྱི་གང་ཟག་ཅིག་ཡིན་ན། ཉིན་འདིར་དཔེ་དེབ་དང་ཚགས་པར་རིགས་བཀླག་རྒྱུ་ཁྱེར་བ་དང་། ཡིག་ངོ་མི་ཆོད་མཁན་ཞིག་ཡིན་ན། ལག་ཏུ་ཕྲེང་བ་རེ་བཟུང་སྟེ། ཚེ་འདི་ཕྱིར་ཕན་པའི་མ་ཎི་ཡིག་དྲུག་སོགས་བཏོན་ནས་བཞུགས་ན་སེམས་ཀྱི་ཉོབ་སྣང་དེ་ཞི་བར་ཕན་ཚོད་རེད། ཅི་སྟེ། ཕོ་གསར་མོ་གསར་འདྲ་ཡིན་ན། བརྩེ་དུང་གི་གཏམ་རྒྱུད་གླེང་རེས་དང་། སྲིད་དོན་པ་ཞིག་ཡིན་ན། སྤྱི་ཚོགས་དཔྱད་གླེང་གི་གཏམ་གླེང་རེ་གནང་ནས་བཞུགས་ནའང་དམིགས་བསལ་གྱི་བགྲོ་གླེང་ལྷུག་པོ་ཡོང་ས་རེད། ད་དུང་བསམ་གཞིགས་ཀྱི་འཁོར་ལོ་བསྐོར་མཁས་པོ་ཞིག་ཡིན་ན། རང་ཉིད་ཀྱི་མི་ཚེ་འདི་ལྟར་ཡུལ་གྱར་དུ་གྱར་དགོས་པའི་ལོ་རྒྱུས་ཀྱི་བྱུང་རབས་ལ་ཕྱི་མིག་གཅིག་ལྟ་ཐུབ་ས་རེད་ལ། མི་རིགས་འདི་ཉིད་ཀྱི་སྐྱོ་གར་གྱི་སྣང་བརྙན་གསོན་པོ་ཞིག་ཀྱང་སེམས་ཀྱི་མེ་ལོང་ངོགས་སུ་རབ་རིབ་ནས་ཇེ་གསལ་དུ་འཆར་བའི་ཉིན་མོ་རྩ་ཆེན་ཞིག་ཀྱང་ཆགས་ངེས་རེད་སྙམ་བྱུང་།
དེ་ནས་དུས་ཡུན་གང་འཚམ་གྱི་རྗེས་ཐོག་རྩེག་ཉིས་ཐོག་ཏུ་ཡོད་པའི་ཉེན་རྟོག་དཔོན་པོའི་ཡིག་ཚང་ནས་འོག་གི་རྡོ་སྐས་ཀྱི་འདབས་བར་རིམ་པར་བང་རིམ་སྒྲིག་བཞིན་འདུག ང་རང་སེམས་པ་ལྷོད་ལྷོད་ངང་དེ་རིང་དཔོན་པོའི་ས་ཡིག་དེ་རག་ན་འགྲིག་གི་རེད་སྙམ་བཞིན་བང་རིམ་གྱི་མཇུག་དེར་སྡོད་རྩིས་བྱས། དེའི་སྐབས་གཞོན་སྐྱེས་ཕོ་གསར་བཞི་ལྔ་ཙམ་བང་རིམ་གྱི་སྔ་མཇུག་ཏུ་གྱོན་ཆས་(Fashion)ཡིན་མདོག་ངང་གྱོན་ཞིང་། ལག་ཐོགས་ཁ་པར་(I phon)རྫིག་པོ་དེ་འདྲར་རྩེད་མོ་རྩེ་བ་དང་། གཞས་སྣ་ཉན་བཞིན་པའི་སྣང་ཚུལ་མཐོང་། ད་དུང་གྱོན་གོས་ཚུལ་ལྡན་མ་གྱོན་པར་གོས་ཐུང་ཕྱེད་ཀ་(short pant)གྱོན་ཏེ་སྐྱབས་བཅོལ་ལག་དེབ་དེ་ལག་ཏུ་བཟུང་ཞིང་བང་རིམ་ཁྲོད་དུ་ཡིན་མདོག་མདོག་ངང་གནས། ངའི་བསམ་པར་ཡིག་ཚང་དུ་ཡོང་སྟངས་དེ་འདྲ་རང་ད་ཡིན་གྱི་མ་རེད། དེ་ཚོར་ལམ་སྟོན་བསླབ་བྱ་རྒྱག་མཁན་འདྲ་བྱུང་མེད་པ་འདྲ་བསམ་བྱུང་ལ། གཡས་གཡོན་གྱི་བོད་མི་ཚོའི་ཁྲོད་ནས་ཀྱང་མིག་ཟུང་ཀེམ་ཀེམ་ངང་གཅིག་མ་འགྲིག་པའི་རྣམ་འགྱུར་སྟོན་གྱིན་འདུག དེ་ནི་ཡིག་ཚང་གང་ཞིག་ཏུ་འགྲོ་དགོས་ཀྱང་། ཡིན་ལུགས་ཚུལ་ལྡན་ངང་འགྲོ་དགོས་པ་ནི་སྤྱིར་བཏང་གི་ཤེས་བྱ་ཞིག་རེད་ལ། ས་ཕྱོགས་གང་སར་ཡ་རབས་གུས་ཞབས་ཀྱི་མཚོན་བྱེད་ཙམ་དུའང་བརྩི་གིན་ཡོད་པ་དེ་བོད་མི་མང་ཆེ་བས་མཁྱེན་གྱི་ཡོད་ཚོད་དུ་སྣང་།
ང་ཚོ་བང་རིམ་རིམ་པར་འགྲིམ་བཞིན་པའི་སྐབས་སུ་བུ་དང་པོ་དེ་ཏག་ཏག་སྒོ་ཁ་ནས་ལམ་སེང་གོས་ཐུང་དེ་འདྲ་གྱོན་པར་གཤེ་གཤེ་དང་སྦྲགས་ཕྱིར་སློག་བཏང་། དེའི་རྗེས་ཀྱི་ཕོ་གསར་དེ་ཚོ་ཡང་རིམ་པར་”ར་བསད་ལུག་འདར་”ཞེས་པའི་དཔེ་ལྟར། གསང་སྤྱོད་ནང་དུ་གོས་ཐུང་ཕར་བརྗེ་ཚུར་བརྗེ་བྱེད་དགོས་པའི་གནས་སུ་གྱུར། དེ་ནས་ངའི་མདུན་ངོས་སུ་བང་རིམ་ཁྲོད་བུད་མེད་དང་ཨ་ནེ་ལགས་གཉིས་གསུམ་ཞིག་བཀའ་མོལ་ཐུག་པ་འཁོལ་འཁོལ་གནང་གིན་དབྱིངས་ཚུད་འདུག ཏག་ཏག་ཡང་ཉེན་རྟོག་པ་ཞིག་གིས་”ཁྱེད་ཚོ་མར་རྒྱུགས། བང་རིམ་འདི་མན་ཆད་ལོག་”ཅེས་པའི་ངར་སྒྲ་ཞིག་གྲགས་རྗེས། ཁོང་རྣམས་ཀྱི་རྣམ་འགྱུར་སྐད་ཅིག་ཉིད་ལ་འགྱུར་ཞིང་། གཅིག་གིས་གཅིག་ལ་ལྟ་གིན་དབུགས་ཀྱང་གཏོང་གི་ཡོད་མེད་ཀྱི་ཚོད་དུ་གྱུར། ངའི་བསམ་པར་”བཟང་པོའི་ཞོར་ལ་ཇ་ཆང་དང་། ངན་པའི་ཞོར་དུ་རྒྱུག་རྡུང་།”ཞེས་པའི་གཏམ་དཔེ་དེ་ལྷང་ངེར་དྲན་ཏེ། ད་ཡང་རླུང་རྟ་ཆག་སོང་། དེ་རིང་”ཟས་ལ་ཁ་ལ་སླེབས་དུས་ལྕེས་བུད་རྒྱག་བརྒྱབ་སོང་།”སྙམ་བྱུང་། ཡིན་ནའང་། འཇམ་ཐིང་ཐིང་ངང་དལ་བུར་ཁོང་ཚོའི་རྗེས་སུ་ཕྱིན་ཏེ། ང་རང་འཇིགས་དངངས་ཤིག་དང་ལྷན་དུ་ཉེན་རྟོག་དཔོན་པོའི་འགྲམ་དུ་འབྱོར། ཁོང་གིས་ངའི་སྐྱབས་བཅོལ་ལག་དེབ་ལ་ནན་ཏན་ངང་གཟིགས་རྗེས། མཚན་རྟགས་དེ་མྱུར་བར་བཀོད་སོང་། ང་རང་ལོ་ངོ་གཅིག་གི་འགག་འཕྲེང་དོག་མོ་དེ་ལས་བརྒལ་ཐུབ་ཙམ་བྱུང་བས། ངས་ལམ་སེང་ལག་དེབ་ཚུར་བླངས་རྗེས་(Thanks sir)ཞེས་འཛུམ་དམུལ་དམུལ་ངང་འབོད་བཞིན་ང་རང་ལ་ཚེ་སྲོག་གསར་པ་ཞིག་ཐོབ་པ་ལྟ་བུའི་དགའ་སྣང་ངང་ཕྱིར་ལོག
དེ་ནས་ངས་ལོ་རྗེས་མར་ཟླ་བ་གཅིག་གི་སྔོན་ཚུད་ནས་ལོ་ལྔ་དུས་འགྱངས་ཐོ་འགོད་ཀྱི་རིམ་པ་དེ་གོ་རིམ་ལྡན་ཞིང་། ཚགས་ཚུད་ངང་བསྒྲུབ་ཀྱི་ཡིན་བསམ་བཞིན་རང་གིས་རང་ལ་དྲན་སྐུལ་ཞིག་བྱས། ད་དུང་བོད་མི་གཞན་མང་པོ་ཞིག་ང་ལྟ་བུའི་འཐོམས་ཞྭ་གྱོན་མཁན་ཇི་ཙམ་ཡོད་ཨང་སྙམ་བཞིན་ཕྱིར་ལོག
དེ་རྗེས་རོགས་པ་ཞིག་ཡིག་ཚང་གི་ཆེད་དུ་དྷ་ཤོད་དུ་འགྲོ་དགོས་སྟབས་ང་ཡང་ལྷན་དུ་དེར་བསྐྱོད། དེ་ནས་དེབ་རིགས་སོགས་ཤེས་ཡོན་གྱི་དགོས་མཁོའི་རིགས་ཉོ་སའི་ཚོང་ཁང་ཞིག་ཏུ་བསྐྱོད། དེ་ལྟར་བསྐྱོད་དགོས་དོན་ནི་འདི་ག་མཐོ་སློབ་ཀྱི་གངྒཱའི་བཞད་སྒྲ་འདོན་ཐེངས་ཉེར་གཉིས་པའི་རྩོམ་སྒྲིག་པ་ཚོས་རྩོམ་ལུས་འདྲ་མིན་གྱི་རྩོམ་རིག་འགྲན་བསྡུར་ཞིག་བྱས་ཡོད་སྟབས། དོ་དགོང་སྒྱུ་རྩལ་གྱི་དགོང་ཚོགས་དཔྱིད་ཀྱི་ཕོ་ཉ་ཞེས་པ་ཞིག་གོ་སྒྲིག་ཐོག་སྙན་ངག་གྱེར་འདོན་དང་། གླུ་ལེན་གར་འཁྲབ། ཨང་རིམ་རྩེར་སོན་རྣམས་ཀྱི་མྱོང་ཚོར་གཏམ་གླེང་བྱེད་པ་སོགས་ཀྱི་ཐོག དེ་འབྲེལ་ཁོང་རྣམས་ལ་བྱ་དགའ་གནང་གཏན་ཁེལ་ཡོད་ཅིང་། བྱ་དགའི་ལག་ཁྱེར་དང་ལྷན་དུ་འབྲི་དེབ་སོགས་རྔན་པ་ཆུང་ཆུང་གནང་སྲོལ་ཡོད་ལྟར་འབྲི་དེབ་སོགས་དགོས་མཁོ་ཁག་ཅིག་རྒྱ་གར་ཚོང་ཁང་ཞིག་ནས་སློབ་གྲྭའི་མིང་ཐོག་ཏུ་ལེན་རྩིས་བྱས་ཏེ། ཚོང་བདག་དེར་སྐད་ཆ་བཤད་ནས་ཅ་ལག་གང་མང་ཞིག་བླངས་ཏེ་ངའི་རོགས་པས་ཚོང་ཁང་གི་ཟིན་ཐོ་ལྟ་བུའི་དེབ་གཅིག་གི་ཐོག་ས་ཡིག་དང་། སྤྱི་ལོ་ཟླ་ཚེས་ཙམ་བྲིས་པ་མ་གཏོགས་ངེད་གཉིས་ཀ་དངུལ་སྒོར་ཨ་ན་གཅིག་ཀྱང་མ་སྤྲད་པར་དགོས་མཁོ་རྣམས་བདེ་བླག་ངང་དུས་ཐོག་ཏུ་མཐོ་སློབ་ཀྱི་ཡིག་ཚང་དུ་འབྱོར་ཐུབ་པ་བྱས།
སྐབས་དེ་དུས་རྒྱ་གར་བ་དེས་ཀྱང་ངེད་གཉིས་ཀ་ས་རཱ་མཐོ་སློབ་ནས་ཡིན་པའི་ཡིད་ཆེས་བློ་འགེལ་བྱས་ཏེ་མིང་ཙམ་ཡང་སྐད་ཆ་མ་དྲིས་པར་ཅ་ལག་རྣམས་ལག་ཏུ་བཞག གནས་སྟངས་འདིས་ཅི་ཞིག་མཚོན་གྱི་འདུག་གམ། རྒྱ་གར་བ་ཚོས་བོད་མིར་ཡིད་ཆེས་བློས་འགེལ་བྱེད་སྟངས་འདིས་ང་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྐྱེ་རུ་བཅུག ད་དུང་ཁྱེད་དང་ཁོང་རྣམས་ལ་ཡང་དེ་ལྟར་ཚོར་སྣང་དམིགས་བསལ་བ་རེ་སྤྲོད་ངེས་རེད། ད་དུང་མི་ཡུལ་དུ་ཇི་ཙམ་འདུག་དགོས་རུང་རྒྱ་གར་གྱི་ཡུལ་མི་འདི་དང་འདིའི་རིགས་ཡིད་ཆེས་ནམ་ཡང་བརླག་ཏུ་མི་འཇུག་པའི་འགན་ཞིག་ཀྱང་བོད་མི་མི་རེ་ངོ་རེར་ཡོད་པ་ཞིག་མ་ཡིན་ནམ། འདི་ནས་རྒན་རབས་ཚོས་ཡ་རབས་ཚུལ་ལྡན་དང་། དྲང་པོ་དྲང་བཞག་བྱེད་དགོས་རེད་ཅེས་པའི་བསླབ་བྱའི་རིན་ཐང་དེ་ཚོ་ཡང་རྩ་ཆེན་ཞིག་ཡིན་པའི་ངེས་ཤེས་རྙེད་ངེས་རེད།
ང་རང་ལམ་བར་ནས་མཐོ་སློབ་ཏུ་མར་ལོག་སྐབས། དེ་རིང་ངའི་སྐྱབས་བཅོལ་ལག་དེབ་ལོ་ལྔ་དུས་འགྱངས་བྱེད་མ་ཐུབ་པའི་གནས་སྟངས་ཀྱི་རྒྱབ་ལྗོངས་དང་། གཞོན་སྐྱེས་དེ་ཚོ་ཕྱིར་སློག་སྟངས། བུད་མེད་དང་ཨ་ནེ་དེ་ཚོར་གཤེ་གཤེ་གཏོང་སྟངས། བོད་མི་ཚོའི་ཕྱི་ལུས་ཀྱི་རྣམ་འགྱུར་ལས་ནང་སེམས་ཀྱི་སྐྱོ་སྣང་དང་ཡིད་ཆད། སུན་སྣང་དང་ཉོབ་སྣང་། བློ་ཕམ་དང་དངངས་འཚབ་སོགས་བློ་ཡུལ་དུ་ཡང་ཡང་འཆར་གྱིན། དོ་དགོང་གི་དགོང་ཚོགས་ཀྱི་ལས་རིམ་དེ་ཡང་ལྷང་ངེར་དྲན། ང་རང་རྩོམ་རིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ཡོད་སྟབས། གོ་སྒྲིག་པ་ཚོས་དེ་རིང་དགོང་ཚོགས་སྐབས་སུ་མཇུག་བསྡུའི་གཏམ་བཤད་བྱེད་རོགས་ཞེས་བཤད་པ་ལྟར་ཁས་ལེན་བྱས་ཟིན་པས། ད་ཅི་ཞིག་ཤོད་དགོས་མིན་ཡང་བློ་ངོར་དྲི་རྟགས་སྣ་ཚོགས་འཆར། གང་ལྟར་མཇུག་བསྡུའི་གཏམ་བཤད་སྐབས་སུ་དེ་རིང་སྤྱི་ཚོགས་ཀྱི་སྣང་ཚུལ་དང་དེའི་གནས་ཚུལ་ཟུར་ཙམ་ཞིག་ཞར་ཞོར་དུ་མ་བཤད་ན་འགྲིག་མ་སོང་སྙམ་བཞིན་ཕྱིར་འབྱོར།
དགོང་ཚོགས་ནི་སྒྱུ་རྩལ་གྱི་དགོང་ཚོགས་ཡིན་སྟབས། འཆར་འགོད་ལྟར་སློབ་གཉེར་ཚང་མས་རང་རང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི་སྒྱུ་རྩལ་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་། གླུ་ལེན་གར་ཁྲབ། ཉམས་མྱོང་ལྷུག་བརྗོད། ལེགས་གསོལ་བྱ་དགའ་སོགས་གསོལ་སྩལ་སོགས་ཆེས་འཁྲུག་ཆ་དོད་པའི་རིག་རྩལ་གྱི་དགོང་ཚོགས་ཤིག་ཏུ་གྱུར། ང་རང་གི་བསམ་པར་མིའི་རྣམ་དཔྱོད་ཀྱི་རིག་རྩལ་ནི་མཐའ་དང་མུ་མེད་པ་ཞིག་ཡིན་ཞིང་། སྤྱད་ནས་རྫོགས་རྒྱུ་མེད་པ་ཞིག་ཡིན་སྟབས། སློབ་གཉེར་བ་གཞན་དང་གཞན་ཚོས་དགོང་ཚོགས་འདིའི་ཆ་ཤས་གང་མང་ལེན་ཐུབ་ན་ཅི་མ་རུང་སྙམ་བཞིན་བསམ་གཞིགས་ཀྱི་རྒྱ་མཚོར་ལྷུང་བཞིན་གནས་པའི་མུར། དུས་ཚོད་ཀྱི་འཁོར་ལོ་མྱུར་སྟབས་ཀྱིས་འཁོར་བ་ལྟ་བུས་མཐར་མཇུག་བསྡུའི་གཏམ་བཤད་བྱེད་དགོས་པའི་དུས་ལ་སླེབས་པས། གཙོ་སྐྱོང་བས་ཁྱི་ལ་སེང་གེའི་མིང་བཏགས་པའི་ཁོ་བོ་སྡིངས་ཆའི་སྟེང་ཡོང་དགོས་པའི་རེ་སྐུལ་གནང་ཞིང་། དེ་ནི་ཁོ་བོར་མཚོན་ན་བཀའ་ཆད་ཐོག་འདྲ་བ་ཞིག་མགོ་ཐོག་ཏུ་གློ་བུར་དུ་ལྷུང་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྐྱེས།
ངས་སློབ་གཉེར་བ་ཚོའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཅི་བྱ་གཏོལ་མེད་ངང་ཡར་ལངས་ཏེ། སྙིང་ཁམས་ཀྱི་འཕར་ལྡིང་ཡང་ཇེ་མགྱོགས་ངང་འཕར་བཞིན་པའི་མུར་ཤར་མར་བཤད་སྟེགས་ཀྱི་མདུན་དུ་ཕྱིན། དེ་ནས་མར་ཁ་སློག་ནས་”ང་སྒྱུ་རྩལ་ལ་དུངས་ཤིང་། སྒྱུ་རྩལ་གྱིས་ང་སྡུག་ལ་སྦྱར།”ཞེས་ཁ་ནས་རང་དབང་མེད་པར་ཤོར། ལག་གིས་སྙིང་གར་མནན་ཙམ་མནན་ཙམ་བྱས། “ངས་ད་དུང་སྙིང་རྡིག་རྡིག་ཟེར་གྱི་འདུག་”ཅེས་སྨྲས་ནས་གཏམ་གླེང་གི་འགོ་བཙུགས་ཏེ། གོ་རིམ་དང་གྲ་སྒྲིག་མེད་པའི་གཏམ་བཤད་སྐར་མ་བཅུ་ཙམ་བཤད། ཅི་ཞིག་བཤད་ཡོད་མེད་ནི་སློབ་མ་རྣམས་ཀྱི་རྣ་དབང་བརྒྱུད་སེམས་ཁམས་སུ་ཐིམ་ཡོད་ཚོད་ཡིན། འོན་ཀྱང་། ངས་ནམ་ཡིན་ནའང་གཏམ་བཤད་སྐབས་སུ་རྫིག་རྫིག་མཁས་མཁས་ཀྱི་གཏམ་བཤད་ཅིག་བྱེད་ཐུབ་ཀྱི་མེད་ལ། དེ་ལྟར་བྱ་རྒྱུའི་འབད་བརྩོན་ཡང་བསྟེན་གྱི་མེད། དེ་ནི་ངའི་ཞན་ཆ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་བྱས་ནའང་ཆོག འོན་ཀྱང་ངས་སེམས་གཏིང་གི་སྐད་ཆ་མང་པོ་ཞིག་ཁ་ནས་ཇི་ལྟར་ཐོན་མིན་ཡང་མི་ཤེས་པར་དགེ་ལས་སློབ་གཉེར་བ་ཚོའི་ཐུགས་ལ་འཕྲོད་མིན་མི་ཤེས་ཀྱང་། གང་ལྟར་ཚོགས་ཁང་གི་མཁའ་དབྱིངས་བརྒྱུད་ནས་ས་རྡོར་སེམས་པ་མེད་ཀྱང་གོ་ཡོད་ཚོད་ཡིན།
གཏམ་གླེང་མཇུག་ཆ་ཚང་བསྡུས་རྗེས། ངས་དེ་རིང་གི་སྒྲུང་ཞིག་བཤད་ཀྱི་ཡིན་ཞེས་སྐད་ཆ་གསར་པ་ཞིག་གི་འགོ་བཙུགས།
དེ་རིང་ང་རང་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་བར་ཕྱིན་པ་ཡིན། སྤྱི་ཚོགས་ཀྱི་སྣང་ཚུལ་དང་གནས་ཚུལ་ལས་འཕྲོད་པའི་གོང་འཁོད་ཀྱི་སྒྲུང་ལས་ཟུར་ཙམ་སྨྲོས་ཏེ། སྤྱི་ཚོགས་ནང་འགྲོ་ཤེས་འདུག་ཤེས་དགོས་པ་དང་། རང་ངོ་རང་ཤེས་དང་། རང་འགན་རང་ཁུར་ངང་། ཤེས་ཡོན་དང་ཀུན་སྤྱོད་ཟུང་དུ་འབྲེལ་དགོས་པ་མ་ཟད། རྟོགས་པ་ལྷ་དང་མཉམ་ནའང་ཀུན་སྤྱོད་མི་དང་བསྟུན་དགོས། ཞེས་པའི་ཚིག་འདིས་མཇུག་སྡོམ་ཞིག་བརྒྱབས་ཏེ་དལ་བུར་སྙིང་ཁམས་ལྷོད་ཤིག་ཤིག་ངང་སླར་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཕྱིར་རྒྱབ་ངོས་ཀྱི་རྐུབ་སྟེགས་ཕྱོགས་སུ་དལ་བུར་བཞུད།
ང་རང་ནང་དུ་སླེབས་རྗེས་དེ་རིང་གི་བྱུང་བ་རྣམས་ངོ་དེབ་ནང་ཤར་མར་ཐུང་ཐུང་ཞིག་འབྲི་འགོ་ཚུགས། གང་འཚམ་ཞིག་བྲིས་ཚར་རྗེས། ངའི་རིག་པའི་བུ་ཆུང་འདི་ཇེ་རྒོད་དུ་ཕྱིན་ཏེ། ང་རང་ལེ་ལོའི་མལ་ལས་བསླངས་ཤིང་། དེ་རིང་གི་ཉིན་ཐོ་འདི་ཇེ་རྒྱས་ཤིག་འབྲི་བར་སྐུལ་ལྕག་ཐེངས་ཤིག་བཏང་། དེ་ནས་ཁོ་བོས་ངོ་དེབ་ནང་དུ་ཐད་ཀར་བྲིས་པ་རྣམས་ཚུར་བླངས་ཏེ། རྒྱུན་གཏན་གྱི་རྩོམ་ཡིག་ཁོངས་སུ་བཞག་སྟེ་མུ་མཐུད་བྲིས། འདི་ལྟར་འབྲི་གིན་འབྲི་གིན་དོན་རྐྱེན་ཆུང་ཆུང་ཞིག་ནས་ངའི་བསམ་གཞིགས་ཀྱི་བུ་ཆུང་མི་རིགས་ཤིག་གི་སྐྱོ་གར་རྒྱ་མཚོའི་ནང་དུ་ལྷུང་། མི་ཚོས་”དགོང་མོ་མ་ཉལ་འདྲེ་དང་འདྲ། ཞོགས་པ་མ་ལངས་བ་དང་འདྲ། །”ཞེས་ཤོད་སྲོལ་ཡོད་པ་ལྟར། ངས་དོ་ནུབ་གཏམ་དཔེ་དེའི་རྗེས་འབྲངས་པ་ཞིག་མ་བྱས་བསམ་ནའང་བྱེད་དགོས་པའི་གནས་སུ་གྱུར། ད་ལྟ་ནི་འདིར་མཚན་མོའི་ཆུ་ཚོད་གཉིས་པ་རེད། ངས་དེ་རིང་གི་ཉིན་ཐོ་འདི་ཇི་ལྟར་མཇུག་བསྡུ་དགོས་མིན་ཡང་མི་ཤེས་པའི་གནས་སུ་གྱུར།
སྐྱབས་བཅོལ་བའི་བོད་མི་ཚོ། སྐྱབས་བཅོལ་ལག་དེབ་དེར་གཅེས་ཉར་མཛོད་དང་། དེ་ནི་ཁྱེད་ཀྱི་ཚེ་སྲོག་དང་འབྲེལ་ནས་ཡོད། སྐྱབས་བཅོལ་ལག་དེབ་གནང་མཁན་དེའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་ཁྱིམ་གཞིས་དང་འབྲེལ་ནས་ཡོད། སྐྱབས་བཅོལ་དུ་གནས་ཐུབ་པའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་འཚོ་གནས་དང་འབྲེལ་གནས་ཡོད།
ཁྱེད་རང་སྐྱབས་བཅོལ་ལག་དེབ་བཟུང་མཁན་ཞིག་ཡིན་པ་དེ་ཡང་ནམ་ཡང་མ་བརྗེད་རོགས། དེ་ལྟར་བརྗེད་ན་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པའི་མི་ཐ་ཤལ་ཞིག་ཏུ་འགྱུར་ངེས་རེད།
ཁྱེད་རང་སྐྱབས་བཅོལ་ལག་དེབ་མེད་མཁན་གྱི་བོད་ཞིག་ཡིན་ནའང་རང་ཉིད་ཡུལ་གྱར་བ་ཞིག་ཡིན་པ་དེ་ནམ་ཡང་མ་བརྗེེད་རོགས། ས་སེན་མོ་གང་དང་ཆུ་ཐིགས་པ་གཅིག་གི་ཐོབ་ཐང་མེད་པའི་གནས་སྟངས་དེ་དྲན་པར་མཛོད།
ཁྱེད་རང་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་ཡིན་ནའང་ང་རྒྱལ་དང་སྤོབས་སེམས་ནམ་ཡང་མ་གནང་རོགས། དོན་དམ་དུ་ཁྱེད་ཀྱི་ཤ་ཁྲག་རུས་གསུམ་འབྲེལ་བའི་མི་རིགས་འདི་ཆེས་ཉམ་ངའི་གནས་སྟངས་ཤིག་ཏུ་གྱར་ཡོད་པ་དེ་ཐུགས་ལ་ཆོངས།
གང་ལྟར།
རྒྱ་གར་གཞུང་དང་མི་མང་ང་ཚོ་ཡུལ་གྱར་བའི་གཞུང་སྒེར་ཚང་མར་བཀའ་དྲིན་ཆེན་པོ་རེད། ང་ཚོ་གཞུང་སྒེར་ཚང་མ་རྒྱ་གར་གཞུང་ལ་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་གནང་རོགས།
ལྷག་པར། ༸གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ང་ཚོར་བཀའ་དྲིན་ཆེན་པོ་རེད། ང་ཚོ་གང་ཟག་བྱེ་བྲག་པ་རེ་རེ་༸གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་གནང་རོགས།
ད་དུང་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གང་དུ་ཡིན་ནའང་། སྤྱི་པའི་ཚོགས་པ་དེ་དང་དེ་རང་ལ་བཀའ་དྲིན་ཆེན་པོ་རེད་མ་གཏོགས། ཚོགས་པ་དེ་དང་དེར་ཁྱེད་རང་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་བསམ་རོགས།
ཐུགས་རྗེས་གཟིགས།
མི་ལ་མིའི་རྣམ་དཔྱོད་ཡོད་པས་ཐུགས་བསམ་བཞེས། མི་སྐད་མིས་གོ་བས་སེམས་ལ་ཟུངས། མི་ཡུལ་རང་ཁྱིམ་མིན་པས་བསམ་བློ་ཐོངས།
འདི་ནི་ངའི་དཔྱོད་ཤེས་ཀྱི་བློ་མིག་གིས་ལྟ་སྟངས་ཤིག་ཡིིན།
འདི་ནི་ངའི་མི་ཚེའི་རིན་ཐང་འཚོལ་སྟངས་ཀྱི་ཟུར་ཞིག་ཡིན།
འདི་ནི་ངའི་ཚོར་སྣང་དང་འཆར་སྣང་བསྲེས་པའི་ནོར་བུ་ཞིག་ཡིན།
འདི་ནི་ངའི་ཡུལ་གྱར་ལས་དབང་འབྲེལ་ཉིན་ཐོ་ཞིག་ཡིན།
མདོར་ན། འདི་ནི་ང་ཚོ་ཚང་མའི་ཆེད་དུ་ཡིན།
གར་འགྲོ་གར་སྡོད་ཕ་ཡུལ་ཡིན།།
སུ་འགྲོགས་སུ་འདྲིས་སྤུན་ཉེ་ཡིན།།
མི་ཚེ་དུས་ཀྱི་འཁོར་ལོ་ཡིན།།
ད་ལྟ་ད་ལྟའི་དུས་འདི་ཡིན།།
ང་རང་ཉིན་ཐོ་མཇུག་བསྡུ་བའི་མཚམས་འདིར་སླར་ཡང་ཆུ་ཚོད་ལ་ལྟ་སྐབས། མཚན་མོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡོལ་ཚར་འདུག
ངའི་ལུས་པོ་དང་ཀླད་པ་ཡོངས་རྫོགས་ཚ་པོ་ཆགས་ཡོང་གི་འདུག་ལ། གློག་ཀླད་ཀྱི་ཚ་དྲོད་ཀྱིས་མཐེབ་མཛུབ་འདི་ཚོ་ཡང་ཚ་པོ་ཆགས་ཡོང་གི་འདུག གང་ལྟར་ངས་ཉིན་ཐོ་འདི་རང་ཉིད་ཀྱི་ཉིན་གཅིག་གི་སེམས་ཀྱི་ཚོར་སྣང་དང་མྱོང་སྣང་། སྤྱི་ཚོགས་ཀྱི་མཐོང་སྣང་དང་། འཆར་སྣང་སོགས་ཆ་ཚང་སྤེལ་མར་བསྲེས་པའི་ཉིན་ཐོ་ཞིག་ཡིན། རྒྱ་ཆེའི་ཀློག་པ་པོ་ལགས། མཚམས་འདི་ནས་ངས་ཁྱེད་རྣམ་པར་ང་ཉལ་ཆོག་པ་ཞུ་ཞེས་ཞུ་འདོད་བྱུང་ལ། ཉིན་ཐོ་འདི་བཀླགས་པར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ལྷག་པར་ཉིན་ཐོོའི་ནང་སྤྱི་སྒེར་གང་རུང་ལ་ཕན་པའི་ཚིག་བཟང་དོན་བཟང་འདྲ་ཡོད་ན་ཐུགས་ལ་འཇོག་རོགས་ལ། ཅི་སྟེ། གཡས་ཕོག་གཡོན་ཕོག་དང་། ལོང་བ་གཡང་ཁྲིད་ལྟ་བུར་འགྱུར་ཉེན་ཡོད་ན་རྣམ་དཔྱོད་བློ་མིག་གིས་བྱི་དོར་ཡང་ཡང་མཛད་རོགས་ཞེས་ཞུ་བར་ཐལ་ལོ།།
བསེ་རུ་ལགས་ནས་ཉིན་ཐོ་ཚ་ཆང་ཀླགས་པ་ཡིན་ཧ་ཅང་གི་སྙན་པོ་དང་། གཞན་ལ་ཕན་ས་རེད་བསམ་པའི་ཚོར་བ་ཤུགས་ཆེན་བྱུང་ང་ལ་ནི་ཕན་པོ་བྱུང་དེ་ཡང་བསེ་རུ་རང་གུ་བསམ་དོན་ཆ་ཤས་ཤིག་མ་རེད་སུས་ཟེར། དེང་དུས་སྤྱི་ཚོགས་ཀྱི་ཞན་ཆ་དང་། རང་གིས་མྱོང་བས་གཞན་ལ་གཞན་བསྐུལ་བསླབ་བྱའམ་བསམ་ཚུལ་སོགས་སྤེལ་བ་ནི་རྩོམ་པ་པོ་ཞིག་གི་ཕྱག་ལས་ངོ་མ་རེད། དེ་མིན་ཡིག་ངོ་ཤེས་ཙམ་དང་གློག་ཀླད་སྒོ་ཕྱེ་ཤེས་ཙམ་ནས་སྤྱི་ཚོགས་དཀྲུག་རྒྱུའི་རང་ལྟ་ཕྱོགས་འཛིན། སྒེར་དང་ཚོགས་སྡེ་སོགས་ལ་ངན་བརྗོད་སྤེལ་བ་སོགས་བྱེད་པ་ནོ་ཡི་གེ་མ་ཤེས་ན་ཡག་ས་རེད་བསམ་པའི་ཚོར་བ་སྟེར་རྒྱུ་ལས་ཕན་པ་ནམས་མཁའི་མེ་ཏོག་རེད།
ཁྱེད་ཀྱི་ཉིན་ཐོ་ཆ་ཚང་བཀླགས་པ་ཡིན།་་་ཀློག་པ་པོ་མང་པོར་ཕན་ཐོགས་ཡོང་ངེས་རེད
སྐུ་ཉིད་ཀྱི་ཟིན་བྲིས་ནང་དུ་ད་ལྟ་རང་བཀླགས་ཚར་ཡིན། གཅིག་བྱས་ན་ངས་ཀྱང་ངའི་རོགས་པའི་ལོ་ལྔའི་གོ་སྐབས་དེ་འཕྲོ་བརླགས་བཏང་ཡོད་ན་ཐང་། ཁོས་ང་ལ་དུས་འགྱངས་ཞུ་སྟངས་སྐད་ཆ་དྲིས་སོང་། ངས་རྒྱ་གར་ཚོ་ལ་བདུན་ཕྲག་གཅིག་ཙམ་གྱི་སྔོན་ལ་འཁྱེར་འགྲིག་གི་རེད་ལབ་ཡིན། ཐུགས་རྗེ་ཆེ།
ཡག་པོ་ཞེ་དྲག་བྲིས་ཤག་་་་་ང་ཚོ་བོད་པ་ཟེར་ཡག་དེ་དངོས་གནས་ཡ་ང་ཡ་རང་རེད། དེ་སྔར་བོད་ས་གཡུགས་ནས་ཡོང་དེང་སང་དམིགས་ཡུལ་ངེས་གཏན་གང་ཡང་མེད་ནའང་བོད་ལ་ལོག་མ་ཐུབ་པའི་སྡུག་སྔལ་གྱིས་མནར་བཞིན་གདའ།
ཆ་ཚང་བཀླགས་ཚར་ཡིན་ཡག་པོ་འདུག
འདི་འདྲིའི་ཉིན་ཐོ་གང་མང་སྤེལ་བར་རེ་བ་ཆེ།
དོན་རྐྱེན་ཆུང་ཆུང་ཞིག་གི་སྣེ་ལ་འཇུས་ཏེ། བཙན་བྱོལ་བོད་མི་སྤྱིའི་གནས་བབ་སོགས་མཚོན་ཐབས་བྱས་པའི་ཉིན་ཐོ་ཞིག་ཡིན་ལ། དེའི་ནང་མཐར་སེམས་ནང་གི་སྙིང་གཏམ་མང་པོ་ཞིག་སྙིང་དམར་པོ་ཕྱི་ལ་བཏོན་ཏེ་བཤད་ཡོད། དེར་བརྟེན།
ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།།
ཉན་དང་མ་ཉན་རང་རང་སོ་སོ་རེད།།
ཅེས་ཀྱང་ཞུ་བར་ཐལ་ལོ།།
གོང་གི་དྲ་གྲོགས་གསུམ་པོ་འདིར་ཕེབས་པར་འཚམས་འདྲི་དང་འབྱུང་འགྱུར་ཡང་ལམ་སྟོན་སྐུལ་ལྕག་གནང་སྐྱོང་ཡོད་པ་མཁྱེན།
ཕྱི་སྐྱོད་ལགས་དེབ་དང་སྐྱབས་བཅོལ་ལག་དེབ་སོགས་ཡིག་ཆ་ག་རེད་བཟོ་དགོས་ན་རྒྱ་གར་ལ་དངུལ་མ་སྤྲད་ན་
རང་གི་གང་བསམ་དེ་བཟོ་མི་ཐུབ། ད་ཕན་སྐྱབས་བཅོལ་ལག་དེབ་ལ་དཀའ་ངལ་འཕྲེད་ན་རང་གི་གཡས་ཕྱོགས་
ཀྱི་སྣེ་མོར་བསྡོད་མཁན་དཔོན་པོ་དེ་ལ་དངུལ་སྤྲད་དགོས། ཕྱི་སྐྱོད་ལག་དེབ་ལ་དཀའ་ངལ་འཕྲེད་ན་རང་གི་
གཡོན་ཕྱོགས་སུ་བསྡོད་མཁན་མགོ་དཀྱིལ་སྤུ་མེད་པའི་གསང་བའི་བདེ་སྲུང་མི་སྣ་དེ་ལ་དངུལ་སྤྲད་དགོས།
སྒོར་མོ་་་༥༠༠་་དང་་༡༠༠༠་་བར་སྤྲད་ན་ཁྱེད་ཀྱི་ཡིག་ཆ་གང་འདོད་དུ་བཟོ་ཐུབ།་་ཧཧཧཧཧཧཧཧ
བསླབ་བྱ་གང་འཚམས་ཐེབས་ཐུབ་པ་འདུག དཀའ་ངལ་བརྒྱབ་ནས་བྲིས་འདུག གཞན་ཕན་གྱི་བྱ་བ་ནི་ཁྱེད་ཀྱི་དགའ་ཤོས་དེ་ཡིན་པ་འདྲ།
སློབ་གྲྭ་ནང་ཆོས་ལུགས་བསླབས་ན་གང་ཟག་ཅིག་གམ་ཚོགས་པ་ག་གེ་མོ་ཞིག་གི་གྲུབ་མཐའ་དང་། ལྟ་བ་སྦྱང་ས་ཞིག་ཏུ་འགྱུར་བས་བོད་མི་རྣམས་ཀྱིས་སྤྱི་འཇིག་རྟེན་གྱི་ཁ་དོག་སྣ་ལྔ་མཐོང་བ་འགོག་རྐྱེན་དུ་གྱུར་ཞིང་གྲུབ་མཐའ་རིང་ལུགས་པ་ཞིག་ཏུ་ཆགས་པས་འགྱེད་ས་ནས་ལངས་དཀའ་ཞིང་། ཁྱེད་ཚོའི་སྤྱོད་པའི་བོད་ཀྱི་སློབ་གྲྭ་ཞེས་བའི་མཚན་ཡང་བརྗེ་དགོས་འགྱུར། ཞེས་པར་མོས་མུན་མེད། ཆོས་ལུགས་ཡག་པོ་མ་ཤེས་པ་རྣམས་གྲུབ་མཐའ་དང་ལུང་ཚན་གྱི་ཕྱོགས་རིས་ཆེ་བ་མངོན་སུམ་རེད། ཉམས་ལེན་ཡག་པོ་ཞིག་ཡོད་ན་ཡིན་དང་ཡིན། ཆོས་ལུགས་ཡག་པོ་ཤེས་ན་ཡང་ཕྱོགས་རིས་ཡོང་བའི་གཞི་མེད།
བསེ་རུ་ལགས། ཐུགས་རྗེ་ཆེ། ངོས་གཙང་བའི་ཉིན་ཐོ་དེ་ངོ་མ་རིན་ཐང་ཆེ།
ཁྱེད་རང་སྐྱབས་བཅོལ་ལག་དེབ་བཟུང་མཁན་ཞིག་ཡིན་པ་དེ་ཡང་ནམ་ཡང་མ་བརྗེད་རོགས། དེ་ལྟར་བརྗེད་ན་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པའི་མི་ཐ་ཤལ་ཞིག་ཏུ་འགྱུར་ངེས་རེད། ཁྱེད་རང་སྐྱབས་བཅོལ་ལག་དེབ་མེད་མཁན་གྱི་བོད་ཞིག་ཡིན་ནའང་རང་ཉིད་ཡུལ་གྱར་བ་ཞིག་ཡིན་པ་དེ་ནམ་ཡང་མ་བརྗེེད་རོགས། ས་སེན་མོ་གང་དང་ཆུ་ཐིགས་པ་གཅིག་གི་ཐོབ་ཐང་མེད་པའི་གནས་སྟངས་དེ་དྲན་པར་མཛོད། ་་་་ཟེར།
“ཁྱེད་རང་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་ཡིན་ནའང་ང་རྒྱལ་དང་སྤོབས་སེམས་ནམ་ཡང་མ་གནང་རོགས། དོན་དམ་དུ་ཁྱེད་ཀྱི་ཤ་ཁྲག་རུས་གསུམ་འབྲེལ་བའི་མི་རིགས་འདི་ཆེས་ཉམ་ངའི་གནས་སྟངས་ཤིག་ཏུ་གྱར་ཡོད་པ་དེ་ཐུགས་ལ་ཆོངས།”
ཡང་ཆིག་ལབ་གཅིག་ཤོར་སོང་།
དྲ་ངོས་འདིའི་ཀློག་པ་པོའི་ཁྲོད་རྒྱལ་ཁབ་གཞན་གྱི་མི་སེར་ལག་ཁྱེར་ཡོད་མཁན་གྱི་བོད་མི་མང་པོ་ཞིག་ཡོད་སྲིད་པས། ཁོང་རྣམ་པར་དྲན་སྐུལ་ཙམ་དུ་ཕུལ་བ་ལགས།
ཅི་སྟེ་ལག་ཁྱེར་དེ་ང་རང་ལ་ཡོད་ན། ང་རང་གིས་ང་རང་ལ་ལྕག་ཚན་བྲབས་པ་ཙམ་ཡིན་ནོ།།