སྐྱ་རེངས།
0
ན་བུན་སྟུག་པོའི་ནངས་མོ་དེར ཁེར་རྐྱང་དུ་ང་ལམ་ལ་ཆས
མག་མོག་གི་རི་བོ་དང་ཤིང་སྡོང་དག་གིས བདག་གི་སྔུན་བཅད་ཅིང
ཀྱག་ཀྱོག་གི་ལམ་བུས བདག་རང་མདུན་དུ་བསུས
བྲང་ཁོག་གི་ཡོད་ཚད་སྐྱོམ་པའི་རླངས་འཁོར་འདིས
ང་རང་འཇིག་རྟེན་གྱི་མཐའ་རུ་སྐྱེལ་གྱིན་པའི་སྣང་བ་འཆར
1
སྒེའུ་ཁུང་འདི ཁོ་མོར་རེ་བའི་མིག་ཟུང་བཞིན
མཚམས་མེད་པར མིང་མི་ཐོགས་པའི་ཕྱི་རོལ་འཇིག་རྟེན་ལ་ཅེར་ཏེ
ཅི་ཞིག་འཚོལ་གྱིན་པ་དང་འདྲ
2
སྨུག་ཞག་གིས་ཟིན་པའི་འོད་མདངས་དམར་བོ་ཞིག
ཉི་ཤར་གྱི་མཁའ་མཐའ་རུ་འཁྱིལ་ཞིང
ཉི་དྲུང་ནས་འཕུར་འོངས་པ་བཞིན བྱིའུ་ཁྱུ་ཞིག་དེ་རུ་ལྡིང་ཞིང་སྐོར
3
གང་ཞིག་ལ་ཧམ་སེམས་ཀྱིས་རྒྱུག་པ་ལྟ་བུའི་རླངས་འཁོར་འདིས
ང་རང་དང་བཅས་པའི་འགྲུལ་བཞུད་པ་ཚོ་འཁྱེར་ཏེ
མདུན་གྱི་ས་གཞི་ངོ་གདོང་ལ་གྱོན་ཞིང ཕར་རྒྱབ་ཀྱི་རི་ཚོགས་མགོ་ཐོག་ཏུ་བསྙིལ་བ་ལྟར
ལམ་ཟུར་གྱི་ཡོད་ཚད བདག་གི་མིག་ནང་དུ་བླུགས
4
བུད་མེད་ཅིག་གི་སྐྲ་ལམ་ཕྱེས་པ་ལྟ་བུའི་ནག་ཡོར་ཡོར་གྱི་གཞུང་ལམ་སྟེང
གང་ཞིག་ལ་ཕོག་ཐུག་གཏོང་ཉེན་གྱི་དཔའ་བོ་འདིས
དྭངས་གཙང་གི་ཞོགས་པའི་འཇིག་རྟེན་དུ གྲབ་རྒྱགས་ཀྱིས་གཏོར་བརླག་བྱེད་བཞིན
གང་ཞིག་ལ་ཕོག་ཐུག་གཏོང་ཉེན་གྱིས དམིགས་ཡུལ་གྱི་ཕྱོགས་སུ་བརྒྱུགས་པར་གྱུར
5
ཉི་མ་གནམ་དཀྱིལ་ན་ཤར་དུས ས་གཞི་སྐོམ་པས་གདུང་ཞིང
ཤིང་ལོ་དང་རྩྭ་ལྔང ཐལ་རྡུལ་ཁྲོད་རྙིད་པར་གྱུར
རླངས་འཁོར་འདི འབར་ཞུན་རྐང་གཅིག་གསུར་བ་དང་འདྲ་བར
རླུང་ཚ་བོ་ཞིག་གིས བདག་གི་ཁ་ངོ་དང་མིག་འབྲས་དག་སྦར་གྲབས་བྱེད
6
ཞིང་གྲོང་ཞིག་བརྒྱུད་ནས་འགྲོ་སྐབས ས་རས་གྱོན་པའི་བུད་མེད་སྐོར་ཞིག
མེ་ཏོག་ཙམ་པ་ཀའི་སྡོང་བོའི་གྲིབ་བསིལ་འོག ཆུ་བུམ་མགོ་ལ་བཀྱགས་ཏེ
ལམ་འགྲོ་བ་སུ་ཞིག་གི་སྐོམ་པ་སེལ་ཆེད སྒུག་ནས་ཡོད་པ་དང་འདྲ
7
སོང་གྱིན་སོང་གྱིན ངས་ཅི་ཞིག་བརྗེད་པ་ཚོར་ཞིང་གང་ཞིག་མ་ཐོབ་པའང་རྟོགས
སྐབས་འདི་དག་ཏུ ངས་དྲན་མི་བཟོད་པ་ཞིག་དྲན་ཞིང
ནམ་ཞིག ཐག་རིང་ཐག་རིང་གི་ཁོ་མོ་ལྟ་བུའི་དྲུང་དུ
ཕྱིར་ལོག་ཐུབ་མིན་ཡང ང་ཐེ་ཚོམ་གཏིང་ནས་ཟ
8
རི་བོའི་གྲིབ་སོ་ཤར་དུས ང་གཙང་བོ་ཞིག་རྒལ་བཞིན་ཡོད
གཙང་བོ་དེའི་མགོ་ཁུངས་ལ ངས་བསམ་གཞིག་ཡང་ཡང་བྱས་མཐར
གདོད་མ་ནས བདག་གི་ཡབ་མེས་ཚོས་གནས་དེར་རི་དྭགས་བརྔོན་ཞིང
ཤིང་ལོ་གྱོན་ཏེ་འཚོ་གཞིས་བྱས་མྱོང་བ་དྲན
9
གདོང་དང་གདོང་ཐུག་ཚད་ལ རྡུལ་ནག་སྤྲུག་བཞིན་གྱེས་བརྡ་བཏང་སྟེ
གང་ཞིག་ཏུ་གདོང་ག་སྤྲད་དེ མེ་ཕུང་ལྟར་ཐོར་ཉེན་གྱི
གླང་སྨྱོན་ཞིག་དང་འདྲ་སེའི་རླངས་འཁོར་འདིས སུ་ཞིག་གི་གློ་སྙིང་བརྫི་འདོད་གྱིས
དར་དམར་ཞིག་དང་འཁྲུལ་བའི་ཉི་ནུབ་གྱི་ཕྱོགས་སུ སྨྱོ་ཚུབ་ཚུབ་ཀྱིས་བརྒྱུགས་པར་གྱུར
༢༠༡༤།༤།༢༠
ཁྱོའི་ལུས་སེམས་གཉིས་ཀྱི་གང་། གང་ཞིག་དུ་ཕྱིན་པ་ཡིན་མ་གསལ་ཡང་། ངའི་ཕྱོགས་ནས་བཤད་ན་འདི་འདྲ་ཞིག་ཡིན་ཐལ།
གློ་སྙིང་མ་བདེ་ཁ་ཡི་ནང་ལ་བཙངས་།
བླ་སྲོག་ཡིབ་དུ་རྐུབ་ཤ་མཐུག་སར་འཛུལ།
རྡ་སས་ལྡི་ལིར་ཕྱིན་པའི་མཚན་མོ་དེར།
མྱི་མིན་རོ་མིན་གཤིན་རྗེའི་འཕྲང་རིང་འགྲིམ།
ཕྱིར་འགྲོ་སྡུག་གི་ཐོད་པ་ཉིན་འགར་ན།