བོད ལྷ་ཀླུ་གཉན་གསུམ།
གྲོགས་པོས་ང་རང་ལ་བཤད་པ་ལྟར། ངས་ཀྱང་ཁོང་ཉིད་ཀྱི་གཡར་བའི་དོར་མ་དང་ལྷམ་འགོ ཁོ་རང་གི་རྒན་མོས་གྲ་སྒྲིག་བྱས་པའི་ཉིན་གུང་གི་ཁ་ལག་བཅས་བཟུང་དེ་ཁོ་རང་གི་ རླངས་འཁོར་ནང་དུ་བསྡད་ནས་ལས་ཀའི་ཕྱོགས་སུ་ཕྱིན་པ་ཡིན།
སྐར་མ་བཅོ་ལྔ་ཉི་ཤུའི་རྗེས་སུ་རླངས་འཁོར་ས་ཚིགས་ཤིག་གི་སྐྱུར་ནས་གཞུང་ ལམ་འགྲམ་དུ་ངེད་གཉིས་ཀྱི་ལས་དཔོན་ལ་སྒུག ལམ་འགྲམ་གྱི་བུད་མེད་མཛེས་མ་ཚོར་མིག་ཞགས་རེ་འཕངས་སྟེ་བསྡོད་ཀྱིན་པའི་སྐབས་ སུ། སྐར་ཆ་ཉི་ཤུའི་རྗེས་སུ་ལས་དཔོན་ངེད་གཉིས་སར་རླངས་འཁོར་ཞིག་སྐོར་ནས་སླེབས་པ་ དང་། ཁོང་གིས་དགོངས་དག དེ་རིང་ང་ཅུང་འཕྱི་སོང་ཟེར།
ང་རང་གི་མི་ཚེའི་ནང་དུ་ལས་ཀ་དེ་འདྲ་ཞིག་སྔོན་ཆད་རྩ་ནས་བྱས་མྱོང་མེད་ སྟབས། གྲོགས་པོས་གང་བཤད་ལྟར་ལས་དཔོན་དེ་ཡི་ཟུར་ནས་ཡར་རྒྱུགས་མར་རྒྱུགས་བྱས། ང་ཚོའི་ལས་ཀ་ནི། ལྡུམ་ར་གཙང་མ་བཟོ་བ་དང་ལྡུམ་ར་གསར་དུ་འཛུགས་པ་སོགས་རེད། ཞོར་དུ་མེ་ཏོག་ཀྱང་འདེབས་ཀྱི་ཡོད་པ་རེད་འདུག དེང་རབས་འཕྲུལ་ཆས་ཁ་ཤས་ཤིག་ལ་འཐམ་ནས་ལས་ཀ་ཧུར་ཐག་འབད་ཐག་བྱས། གྲོགས་པོ་ནི་བདག་ལ་ཆེས་བཟང་བ་ནི་བཤད་མི་དགོས་པ་ཞིག་ཡིན། ལས་དཔོན་ཡང་བསམ་ཤེས་ཤིག་རེད།
ང་ཚོས་སྡོམ་པའི་མི་ཚང་བདུན་གྱི་ལྡུམ་ར་གཙང་མ་བཟོས། ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་འགོ་བཙུགས་དེ་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ ཀ་བར་དུ་ལས་དུས་ཡིན་ཡང་སྐར་མ་བཅོ་ལྔ་ཙམ་ཞིག་འགོར་འདུག ལས་དཔོན་གྱིས་ང་རང་ལ་མུ་མཐུད་དུ་ལས་ཀ་དེར་སྤྲོ་སྣང་ཡོད་མེད་དང་རླངས་འཁོར་ སྐོར་འདོད་ཡོད་མེད་སོགས་མི་ཉུང་བ་ཞིག་དྲིས་རྗེས་སུ་ངེད་ཅག་གི་ལས་མཚམས་བཞག་ པ་ཡིན།
གྲོགས་པོ་ངེད་གཉིས་ལས་མཚམས་བཞག་ནས་ཁོ་རང་གི་རླངས་འཁོར་ཡོད་སའི་འགྲམ་དུ་ འབྱོར་ལ་ཉེ་བའི་སྐབས་སུ་ཁོ་རང་གིས་གད་སྙིགས་བླུགས་སྣོད་ཆེན་པོ་ཞིག་གི་ནང་ དུ་མེ་ཏོག་བཙོང་མཁན་གྱི་ཚོང་ཁང་ཞིག་ནས་མེ་ཏོག་རྙིང་བ་དག་གད་སྙིགས་དུ་འཕྱོ་ ཡོད་པ་མཐོང་། ཁོ་རང་གིས་ནང་དུ་འཁུར་རྒྱུ་ཡིན་ཟེར། ངས་ཀྱང་ཁོ་རང་གི་རེ་འདོད་ལྟར། གད་སྙིགས་ཀྱི་སྣོད་ཆེན་པོ་དེ་ལས་མེ་ཏོག་རྙིང་བ་མི་ཉུང་བ་ཞིག་ཡར་སྒུམ་རོགས་ བྱས་པ་ཡིན།
ངས་ཁོ་རང་ལ་མེ་ཏོག་དེ་དག་གིས་གང་བྱེད་ཅེས་དྲིས་དུས། ཁོ་རང་གིས་ང་རང་གི་བུ་མོ་འགྲོ་སའི་སློབ་གྲྭའི་ར་བའི་ནང་དུ་སྤྲོད་རྒྱུ་ཡིན་ ཟེར། དེ་ནི་དངོས་ནས་རང་ལས་གཞན་གཅེས་ཀྱི་བསམ་བློ་ཞིག་ལག་ལེན་དུ་བསྟར་བ་རེད་སྙམ་ན་ ཡང་། ཁྱེད་རང་གི་མིང་ལ་ངས་གད་སྙིགས་སྐྱབས་བཏགས་པ་ཡིན་ཞེས་རྩེད་མོ་རྩེད་ཞོར་དུ་ ངེད་གཉིས་ཁོ་རང་གི་རླངས་འཁོར་ནང་དུ་བུད་དེ་ཕྱིར་ལམ་ལ་ཆས།
བྱུང་ན་བོད་རིགས་ནང་པ་ཞིག་གི་ཉིན་གཅིག་གི་ལས་ཀ
ཞོགས་པ་སྔ་དྲོ་གཉིད་ཚད་མ་ཐག་སྐྱབས་བྱ་ཤིང་ཀུན་སློང་བཅོས། ཕྱག་གསུམ་འཚོལ། གནས་ཁང་གད་འཕྱིས་རྗེས་ལ་སོ་བཀྲུས། འཁྲུས་བརྒྱབ། ཡོན་ཆབ་མཆོད་མེ་སྤོས་དང་ཆབ་བྲན་པ་སོགས་ཀྱིས་སྨོན་ལམ་གང་ཤེས་བྱོས། ཁ་འདོན་བྱས་རྗེས་ཇ་མཆོད་དང་སྦྲགས་ཞོགས་ཇ་འཐུང་། ཉིན་གཅིག་གི་ལས་འགོ་བཙུགས། ཉི་གུང་ཞལ་ལག་ཀྱང་ཡར་དཀོན་མཆོག་མཆོད་ཅིང་རང་གིས་ཟས། བར་སེང་གི་གསོལ་ཇ་དང་ཕྱི་དྲོའི་ལྟོ་ཟས་མཆོད་ནས་ཟས། དགོང་དྲོའི་ཁ་ཏོན་འདོན། ཉལ་ཁར་ཕྱག་གསུམ་འཚལ་ནས་ཉིན་གཅིག་གི་བཤགས་སྡོམ་དང་། རང་དང་བོད་སྤྱིའི་དོན་སོགས་སེམས་ཐམས་ཅད་ལ་བསྔོ་སྨོན་བྱས་ནས་སང་ཞོགས་ལྡང་སེམས་ཀྱིས་དགེ་སེམས་ངང་ནས་ཉོལ་རྒྱུ་དེ་རེད།
བཙན་བྱོལ་བོད་གཞུང་གིས་ཤོག་བུའི་སྒང་གི་སྲིད་ཇུས་མང་པོ་གཏན་འབེབས་བྱེད་པ་ལས། ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་ཡོད་དོ་ཅོག་གི་ཉིན་གཅིག་གི་ལས་ཀའི་ཉིན་ཐོ་ཆ་ཚང་རེ་བསྡུ་རུབ་བྱེད་ཐུབ་ན། དེས་བོད་དོན་འཐབ་རྩོད་ལ་གྲ་སྒྲིག་བྱེད་རྒྱུར་ཕན་གྲོགས་ཐུབ་ངེས།
ང་ཚོས་རང་རང་གི་འཚོ་བ་དངོས་ནས་བཟུང་དེ་འགོ་བཙུགས་པ་ཡིན་ན། ཀློག་མཁན་མི་ཉུང་བ་ཞིག་ལ་ཕན་ཐོག་ངེས་ཡིན་ལ། ལས་འདི་རིགས་ལ་ཞུགས་མཁན་དག་གིས་ཀྱང་ལས་ཞོར་གྱི་སློབ་སྤྱོང་ཞིག་ཐོབ་མི་སྲིད་པ་མིན། དེ་ཡིན་དུས་གསང་བ་མེད་པར་རང་རང་གི་མཐོང་ཐོས་མྱོང་གསུམ་གཞི་ལ་བཞག་ནས་གླེང་མོལ་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་མེད་འགྲོ་སྙམ།
སྤུན་ཟླ་ཚོ། ང་ཚོས་རང་རང་ནས་འགོ་བཙུགས་དེ་རང་རང་གི་ཁོར་ཡུག་སྤུན་ཟླ་ཚོར་ངོ་སྤྲོད་བྱེད་རྒྱུ་དེ་ནི་ཤེས་དགོས་པ་ཞིག་དང་ཤེས་ན་ཕན་ཐོག་ཡོད་པ་ཞིག་རེད་སྙམ་གྱི་ཡོད། དེ་ཡིན་དུས་སྤུན་ཟླ་ཁྱེད་ཅག་གིས་ཀྱང་རང་རང་གི་ལས་ཞོར་གྱི་སློབ་སྤྱོང་དུ་བསམ་ནས་གླེང་རོགས་ཞུ།