རེབ་ཐོག་མདའ།
འདི་ཕྱིའི་ཚེ་ཡི་འཁུར་བོ་རྫོགས་མེད་ཀྱི་འཚོ་བ། །
སྣང་བ་འཇའ་ཚོན་རི་མོ་ལས་ཉོན་གྱིས་བསྐུལ་ན། །
ཉི་ཟླའི་འཆར་ནུབ་མི་འཇིག་རྟག་བརྟན་དུ་གནས་ཀྱང་། །
སྒྱུ་མའི་འཇིག་རྟེན་འདི་ལ་ཡིད་རྟོན་རེ་མ་རྙེད། །
རྒས་གཉེར་སྟུག་པོ་སྐྱ་བོའི་ངོ་གདོང་ནས་མངོན་ཀྱང་། །
རང་རྒྱུད་དགེ་བར་འཇུག་པའི་ལམ་ཁ་ཞིག་མ་རྙེད། །
ན་རྒའི་སྡུག་བསྔལ་དབང་མེད་ལུས་སེམས་ནས་འགུལ་ཀྱང་། །
སྲིད་པའི་འཁོར་བ་ཞེན་པའི་ལན་ཆགས་ཞིག་འཁོར་སོང་། །
བསམ་བློ་ཁ་དོག་མ་རིག་མུན་པ་ཡིས་བསྒྲིབས་ན། །
དམ་པའི་གསུང་གི་སྙིང་བོ་བློ་ངོར་ནས་བོར་ཐལ། །
བདེ་བའི་གནས་མལ་འཚོལ་ལ་ཚེ་གང་ལ་ངལ་ཀྱང་། །
སྡུག་གི་གནམ་ཟླ་རིང་བའི་ཆོས་ཉིད་ལས་མ་བརྒལ། །
སྔོན་བསགས་དགེ་བའི་ས་བོན་ཚེ་འདི་ལ་སྨིན་ཀྱང་། །
ཧམ་སེམས་མེ་ལྕེ་དམར་པོས་རང་གཞན་ཀུན་བསྲེགས་བཞིན། །
འཚོ་གནས་བདེ་བ་འཚོལ་བཞིན་སྡུག་བསྔལ་གྱི་གདུང་བའི། །
སྨྲ་ཤེས་དོན་གོ་མི་ཡི་འཚོ་གནས་འདི་ཅི་ཞིག།
མི་ཡི་ཚེ་ལ་བཏེགས་པའི་འགྱུར་གཤིས་ཀྱི་ཕུང་བོ། །
གཞོན་པའི་སྣང་བས་བཟི་ན་སྐྱིད་སྐྱིད་རེ་འདྲ་མོད། །
ལྡོག་མེད་སྐྱེས་རྒ་ན་འཆིའི་སྡུག་བསྔལ་གྱི་མནར་ན། །
ལོངས་སྤྱོད་མངའ་ཐང་འབྱོར་ཀྱང་སྙིང་བོ་རེ་མི་འདུག།
དར་རྒུད་དུས་ཀྱིས་བསྐོར་བ་ཐེ་ཚོམ་ཞིག་བྲལ་ཡང་། །
ཆོག་ཤེས་བློ་ཁ་འབྱེད་པའི་ལྡེ་མིག་ཅིག་མེད་ན། །
རྣམ་ཐོས་སྲས་ཀྱི་འབད་མེད་དངོས་གྲུབ་རེ་ཐོབ་ཀྱང་། །
རྣམ་ཤེས་བར་དོ་འགྲུམ་པའི་ལན་ཆགས་ལས་མ་ཐར། །
བདག་ཞེས་གཅེས་བར་འཛིན་པའི་ཤ་གཟུགས་ཀྱི་ཕུང་བོ། །
དགེ་སྡུག་བླང་དོར་འཇལ་བའི་ཆོས་ཉིད་ལ་རྨོངས་ན། །
ནམ་ཞིག་ཚེ་ཡི་མཐའ་མ་མར་མེ་བཞིན་ཡལ་དུས། །
རང་སྡུག་རང་གི་མྱོང་བའི་བདེན་པ་དེ་རྟོགས་ན། །
དུས་ཀྱི་ཕྱི་མིག།
མེ་ཏོག་ལོ་ཟླ་རྒས་པའི་ཆར་ལྡན་གྱི་མཛེས་པ། །
ལྗོན་འདབ་སེར་ཐིག་ལྷུང་བའི་དུས་ཚིགས་དང་བརྒལ་ན། །
ས་འཛིན་བུ་མོའི་ཡིད་འོངས་དཀར་འཇམ་གྱི་བཞིན་རས། །
དུས་ཀྱི་བག་མར་སླེབས་པའི་དགའ་སྟོན་ལ་རོལ་ཆོག།
ཁུ་བྱུག་ངག་གི་དབྱངས་རྟ་བསིལ་རླུང་དང་འགྲོགས་ནས། །
ལྗང་མདོག་ལང་ཚོ་ངོམས་པའི་ལྗོན་རྩེ་ནས་གྲགས་པའི། །
ཆར་ལྡན་དྲོད་ཀྱི་ཉི་འོད་ནུབ་རི་ནས་ཡལ་ན། །
འབྲུ་དྲུག་སྙེ་མ་ལྡེམ་པའི་བྲོ་གར་ལ་རོལ་ཆོག།
ཚ་སྡུག་མེ་འོད་དམར་པོའི་ཁ་དབུགས་དེའི་ཀློང་ནས། །
རྔུལ་ཆུའི་གདོང་བ་བརླན་པའི་སྡུག་བསྔལ་དང་བྲལ་ན། །
འབྲས་ལྡན་ལྗོན་པའི་ཚལ་གྱི་བསིལ་འོག་ལ་འཛོམས་ནས། །
ཟླ་དཀར་ལྷ་མོའི་ཡིད་འོངས་བཞིན་མདངས་ལ་གཟིགས་ཆོག།
ར་ཡིག་གཉིས་པས་གཤོག་ཟུང་དབྱངས་རྟ་དང་བསྡེབས་ནས། །
ཡངས་བའི་སྤང་ཐང་གཞུང་ལ་མགྲོན་པོ་རུ་ཆས་པའི། །
མཛད་མེད་ལོངས་སྤྱོད་བག་ཕེབས་དུས་ཚིགས་དང་བརྒལ་ན། །
འཇག་མས་ཤུགས་གླུ་གྱེར་བ་སྦྲ་འདབ་ནས་གསན་ཆོག།
ཆུ་འཛིན་ལང་ལོང་རི་རྩེ་སྨུག་སྤྲིན་དང་འདྲེས་ནས། །
སྦྲང་ཆར་བསིལ་མས་འཛིན་མའི་ངོ་གདོང་དེ་བརླན་པའི། །
སྤྲིན་གྱི་མེ་ཏོག་བཞད་པའི་འཇིག་རྟེན་དང་བྲལ་ན། །
ཁ་བའི་བུ་མོའི་ཞེ་རྩ་དཀར་པོ་དེ་གླན་ཆོག།
ཞོགས་ཀྱི་རྩྭ་མགོར་བབས་པའི་མུ་ཏིག་གི་དོ་ཤལ། །
མཐའ་ཡས་རྩྭ་ཐང་སྒེག་མའི་མགུ་རྒྱན་རུ་གྱུར་པ། །
དྲོད་ཀྱི་རེག་བྱ་འཇམ་པོས་ཉི་འོད་ཀྱིས་སྒུལ་རྗེས། །
རི་རྩེ་ཁ་བ་དཀར་པོ་ཞབས་རྗེས་ཏེ འཚོལ་ཆོག།
དབྱངས་གསལ་གྱི་ལས་དབང་།
ཀ་ཁ་སློབ་ན་བུ་དང་བུ་མོའི་ཕུགས་ཀྱི་མདུན་ལམ་དོགས་རབ་ཀྱི། །
ཁ་ཙམ་མིན་པར་ལག་ལེན་ཁྲོད་ན་ཕ་སྐད་དུང་བ་ཇེ་ཆུང་གིས། །
ག་དག་རང་གི་འདོད་པའི་རྗེས་སུ་བཙན་ཤེད་བྱེད་པའི་ཕ་མ་ཚོས། །
ང་ཚོའི་རིགས་གནས་རིན་ཐང་འདི་ལ་ཆ་འཇོག་མི་བྱེད་ཡིད་འདི་སྐྱོ། །
ཅ་དངོས་གོང་ཆེན་ཁྱིམ་ན་བཀྲིན་ཡང་སློབ་གསོའི་ཀླད་པ་སྟོང་བ་ཡིན། །
ཆ་རྐྱེན་ཡོད་ཀྱང་བྱིས་པར་མཁོ་བའི་དཔེ་ཆ་སྣ་གཅིག་མི་མཐོང་བའི། །
ཇ་ཆང་ཟས་ཀྱི་ལོངས་སྤྱོད་ཁོ་ན་བག་མེད་སྤྱོད་པའི་འུ་ཅག་གི།
ཉ་ཉོག་མང་པོ་མཉམ་ཏུ་བསྲེས་པའི་བྱིས་པའི་མི་གཤིས་ཚུལ་ལ་ལྟོས། །
ཏ་ལེན་འཁུར་བའི་རྒན་རབས་དེ་དག་རིགས་ལ་ཞེན་པ་ཟབ་ན་ཡང་། །
ཐ་མལ་གཞོན་པའི་མི་རབས་འདི་ཡིས་རང་སྐད་དོར་བའི་སྤྱོད་ཚུལ་འདི། །
ད་ལོ་སང་ལོ་ཇེ་མང་འགྲོ་བ་གྲོང་ཁྱེར་བ་ཡི་སེམས་ནང་ན། །
ན་ནིང་ཇི་བཞིན་ན་ཚ་ཞིག་གི་ངོ་བོ་འགྱུར་བ་ཀུན་ལ་གསལ། །
པ་ཕ་ཨ་མའི་བསམ་བློ་གཞུང་ན་ལས་བྱེད་ཟེར་བ་རིག་གནས་ཡིན། །
ཕ་སྐད་གསེར་གྱི་ཐག་པ་ཆད་ཀྱང་ལས་བྱེད་ཆགས་ན་འཇོན་འདུག་བསམ། །
བ་ཐག་ཇི་བཞིན་རྙོག་འཛིང་ཆེ་བའི་དུས་རབས་འདི་ཡི་ཕྱི་ནང་ནས། །
མཱ་ཅང་ལ་སོགས་མ་རབས་ལས་ལ་ལས་བྱེད་པ་དག་འཇུག་པ་མང་། །
ཙ་ག་ཙི་གེ་སྒྲུབ་པར་སླ་ཡང་རིག་གནས་མེད་ན་རྗེས་ལུས་ཡིན། །
ཚ་གི་ཚི་གི་ཉམས་འགྱུར་བསྟན་ཀྱང་རྩ་བ་རུལ་བའི་ལྗོན་པ་བཞིན། །
ཛ་ར་ཛོ་རེ་ལས་ཀ་ཞིག་ལས་དོན་ཆེན་བསྒྲུབ་པར་མི་འཁྱོངས་པའི། །
ཝ་ལེར་སོམས་དང་རིག་གནས་ཡོད་ན་མི་འགྲུབ་བྱ་གཞག་ཅི་ཡང་མེད། །
ཞྭ་གོས་གྲལ་དག་མིག་ལ་མཛེས་ཀྱང་མི་གཤིས་གས་ཆགས་ཤོར་ཡོད་པ། །
ཟ་འཐུང་འགྲོ་འདུག་ཀུན་སྤྱོད་བར་ནས་ཐོད་ཀྱི་མིག་ལ་བབས་འདུག་པས། །
འ་རོགས་བྱིས་པ་ཕ་ཡིག་དོར་ན་རང་ཉིད་རང་གིས་བརླགས་འགྲོ་བའི། །
ཡ་ཆུང་ཟབ་སར་ཞིབ་ཏུ་སོམས་དང་བོད་ཡིག་བསྐྱུར་བ་གློའུ་རྟགས་ཡིན། །
ར་མ་ལུག་གི་ཁྱུ་རུ་འདྲེས་ཀྱང་ལུག་ཏུ་འགྱུར་བ་མི་སྲིད་བཞིན། །
ལ་ལ་ཞིག་གིས་རྒྱ་ཡིག་སློབ་ན་མདུན་ལམ་ཆེ་བར་སྙམ་འདུག་པ།
ཤ་གསེང་རུས་ལ་མི་འདོད་བཙན་གྱིས་གཞན་སྲོལ་འབྲི་བའི་ཕ་མ་དང་། །
ས་མཐོའི་མི་ལ་རང་སྐད་མི་བཤད་གཞན་སྐད་སྤྱོད་པའི་མྱི་དག་མཚར། །
ཧ་ཅང་དྲན་རྒྱུ་ལས་རྒྱུ་དགའ་བ་བོད་པའི་ལས་བྱེད་ནང་དུ་མང་། །
ཧ་ལམ་རང་གི་ཟ་མ་དེ་ཡང་གཞན་སློབ་འགྲིམས་ནས་ཐོབ་པ་བཞིན། །
ཨ་གསར་ཆེ་བའི་ལས་བྱེད་དེ་ཚོའི་བྱིས་པ་ཕལ་ཆེར་འགྱུར་མེད་ན། །
ཨ་མ་ཨ་ཕའི་མིང་བརྡ་ཙམ་ལས་བོད་ཡིག་འབྲི་ཀློག་ཀླད་གོར་ཡིན། །
ཨ་མའི་དྲིན།
མ་ལོའི་བྱམས་བརྩེ་ཉི་ཟླའི་འོད་སྣང་ལ་བརྟེན་ནས། །
མ་ཡུམ་གངས་རིའི་པང་ནས་རིན་ཆེན་གྱི་མི་ལུས། །
མ་བོར་རྟེན་བཟང་ཐོབ་པའི་བསྐལ་བཟང་རེད་ཐོབ་མོད། །
མ་ལོའི་བསམ་འདུན་འགྲུབ་པའི་བྱ་བཞག་དེ་མ་འཁྱོངས། །
ལོ་ཟླ་ཞག་གྲངས་མང་པོ་ནུ་ཞོ་ཡིས་གསོས་ནས། །
ལོ་ན་ཆུང་བའི་དུས་ནས་རིག་གནས་ཀྱི་ས་བོན། །
ལོ་ཟླའི་བར་ནས་རང་རྒྱུད་མུན་པ་ནས་བཀྲོལ་བའི། །
ལོ་ལོན་མ་ལོ་དྲིན་ལན་མཇལ་ཐུབ་ཞིག་གང་ན། །
མ་ཡི་ལྷུམས་སུ་འཁོར་བའི་གཟུགས་མེད་ཀྱི་རྣམ་ཤེས། །
མ་བོས་མགྲོན་པོའི་ཚུལ་གྱི་ཟླ་དགུ་ལ་བསྡད་རྗེས། །
མ་ལོའི་པང་ནས་འཚར་བའི་ཉིན་གྲངས་དག་བསམ་ན། །
མ་དག་སེམས་ཅན་སུ་ཀྱང་མཇལ་ཐུབ་ཤིག་གང་ན། །
ལོ་གཅིག་ལོ་གཉིས་ག་ལེར་གཉོམ་ལག་ཤིག་རྒྱས་ཏེ། །
ལོ་ཆུང་བྱིས་པའི་གནས་སྐབས་གང་ཞིག་ལ་ཆས་ཀྱང་། །
ལོ་ཚོད་མ་ཟིན་བར་ཏུ་ལག་ཟུང་ལ་འཇུས་པའི། །
ལོ་ཟླ་གང་མང་གཉོར་བའི་དྲིན་ལན་ཏེ་མ་མཇལ། །
མ་རབས་ལས་ཀྱི་མ་ལོ་སྐུ་ཚེགས་ལ་གཏད་ནས། །
མ་རྩ་ཅི་ཡང་མེད་པའི་གནས་ལུགས་ཀྱི་ཚིག་གིས། །
མ་ལོ་སེམས་ཁ་དཀྲུགས་པའི་གཞོན་དུས་ལ་བསམ་ན། །
མ་ལོ་རྒས་དུས་རང་སེམས་འགྱོད་པ་ཡི་གཞི་རེད། །
ལོ་ན་གཞོན་པའི་མ་ལོ་ལང་ཚོ་ཡི་མེ་ཏོག།
ལོ་དང་ན་ཚོད་མཉམ་པའི་ན་ཟླ་ལས་བརྒལ་ཏེ། །
ལོ་ལོ་བསམ་ཤེས་ཞིག་གི་སྣང་ཚུལ་དེ་མངོན་པའི། །
ལོ་ཟླའི་ཁུགས་ཀྱི་བདེ་དགའི་འཚོ་བ་ཡང་མ་ཐོབ། །
མ་ཟས་ཞིམ་པའི་ཁ་ཟས་བུ་ཆུང་ལ་བསྐྱུར་ཏེ། །
མ་ཁོམས་དུས་ཀྱི་ཀློང་ནས་ཉིན་མཚན་ལ་འདུར་ཡང་། །
མ་ལུས་ཁྱིམ་གྱི་ཙག་ཙིག་ཕྱི་ནང་གི་ལས་དག།
མ་གསང་དྲང་བོ་བཤད་ན་མ་ལོ་ཡི་འཁུར་ཡིན། །
ལོ་བརྒྱ་ཐུབ་ཀྱང་མ་ལོའི་དྲིན་ལན་གྱི་ཆ་ཙམ། །
ལོ་ཟླའི་ངོགས་ནས་མཇལ་བའི་བསྐལ་བ་ཞིག་ལྡན་ཡང་། །
ལོ་མ་རླུང་གིས་འཁུར་བའི་རྣམ་གཡེང་གི་ཁྲོད་ནས། །
ལོ་གཅིག་མཉམ་ཏུ་འཚོས་ཀྱང་མཇལ་ཐུབ་ཤིག་མ་རྙེད། །
མ་ལོ་བྱང་སེམས་འོ་མའི་ཐོག་མ་ནས་གསོས་ཏེ། །
མ་མེད་དྭ་ཕྲུག་སྟོང་ལས་བདེ་དགའ་ལ་རོལ་ཡང་། །
མ་ལོ་གསུང་གི་སྙིང་བོ་རྣ་རྒྱབ་ལ་གཡུག་ནས། །
མ་སེམས་སྡུག་ལ་སྦྱར་བའི་བུ་རལ་ང་སྐྱོ་བ། །
ལོ་གསར་དུས་ཆེན་རྟགས་དང་ལྟད་མོ་ཡི་ཚེས་དུས། །
མ་འདང་དངུལ་དང་ཁྱིམ་གྱི་ཆ་རྐྱེན་དག་བསྐྱུར་ནས། །
མ་རྙིང་གོས་ལྭ་གསར་བའི་བྱིས་པ་དག་རྒྱན་པའི། །
མ་འདིའི་བཀའ་དྲིན་རི་རྒྱུད་ལྷུན་པོ་ལས་མཐོ་སོང་། །
ལོ་རྒྱུས་གནའ་གཏམ་གང་ཤེས་བུ་ཕྲུག་འཆད་བཞིན། །
ལོ་ལོ་གཉིད་ཏུ་བསྐུར་བའི་ངང་ཚུལ་ལ་བཞིགས་ན། །
ལོ་ངོ་བཞི་བཅུ་འཚོ་བའི་འགྲུལ་བཞུད་ཀྱི་ཁྲོད་ནས། །
ལོ་ན་རྒས་པའི་ཨ་མ་མང་པོ་ཞིག་ཆད་སོང་། །
མ་ཡི་དྲིན་ལན་ཆད་པའི་བུ་ལོན་དག་བསམ་ན། །
མ་བུ་ཞིག་གི་ལས་བསོད་ད་རེས་ཙམ་རྙེད་པ། །
མ་གྱུར་སེམས་ཅན་དགའ་བའི་དོན་ཆེན་ཞིག་འགྲུབ་ཀྱང་། །
མ་ལོ་ཁོ་ནའི་དྲིན་གྱི་རིན་དོད་ཏེ་མ་སྤྲད། །
ལོ་ཟླ་གྲངས་ཅན་འདས་ནས་ཕ་ལོ་རུ་གྱུར་རུང་། །
ལོ་རྒན་ཕ་མའི་སེམས་ན་བྱིས་པ་ཡི་ཚུལ་ཏུ། །
ལོ་ཚད་ཞིག་ལས་ད་རུང་ཡོད་ཚད་དག་སྦྱིན་པའི། །
མ་འདིའི་དྲིན་ལན་ཉི་ཟླའི་འོད་སྣང་ལས་གསལ་སོང་། །
མ་འོངས་ཚེ་ཡི་རི་མོ་འཇའ་ཚོན་བཞིན་ཡལ་ཏེ། །
མ་བུ་གཏན་བྲལ་འཆི་བའི་ལམ་ཁ་དེ་སྙེགས་ཀྱང་། །
མ་སེམས་བུ་ཐོག་བུ་སེམས་རྡོ་ཐོག་གི་དཔེ་བཞིན། །
མ་ལོ་ཚེ་ལ་ཕན་པའི་དོན་གཅིག་ཀྱང་མ་འགྲུབ། །
ཕ་ཡུལ་གྱི་སྟོན་ཁ།
རེབ་གོང་གི་ཕྱོགས་བཞི
གསེར་ཚོན་གྱིས་བྱུགས་པའི་རང་བྱུང་གི་ཐང་ཀ་ཞིག་དང་གཉིས་སུ་མ་མཆིས་མོད
ཐང་ཀའི་གཙོ་ངོས་སུ་གྲུབ་པའི་ནམ་མཁའ་དང་ས་གཞི
ང་དང་ངའི་འཚོ་བ་འདིའི་འདས་མ་ད་གསུམ་གྱི་ཀློང་ན
དལ་གྱིས་བཞུར་གྱིན་པའི་དགུ་འབབ་ཆུ་བོ་དང་འདྲ་ལ
ཐང་ཀ་དེའི་ཆེས་མཐོ་ས་ནས་བལྟས་ན
ལོ་རྒྱུས་ཀྱི་གླེགས་བམ་གྲངས་ཀྱིས་མི་ལོན་པའི
གནའ་དེང་རིག་གནས་མཛོད་ཏུ་ལྟེམས་ཡོད་ལ
མེས་པོའི་སྲོལ་རྒྱུན་གྱི་དྲི་ངད་མ་ཡལ་བའི
སྙིང་རྗེས་སེམས་རྒྱུད་ཕྱུག་པའི་མི་རིགས་ཤིག་འཚོ་ཞིང་གནས་ཡོད
ཉི་ཟླའི་འཆར་ནུབ་ཀྱི་འོད་ལ་བཏེགས་པའི་ཐང་ཀ་དེའི
འོད་ཀྱི་ཟེགས་མ་རེ་རེ་ནི
དབྱངས་གསལ་སོ་བཞིའི་བླ་སྲོག་ཡིན་པའི
ཁ་དོག་མང་པོའི་མཛེས་སྡུག་གི་ཁོར་ཡུག་ཅིག་ལྟར
མིག་ལ་སྣང་ཞིང་། ཡིད་ལ་འཁོར་སྲིད
གསེར་ཐང་ཞིག་གི་མཛེས་ཆས་མངོན་པའི་རེབ་གོང་གི་སྟོོན་ཁ་ནི
ལྗང་མདོག་གི་ལྗོན་པའི་རྩེ་ནས་སྨིན་ཏེ
ལོ་འདབ་རེ་རེའི་ཁ་དོག་གི་བར་ནས་ཚེས་པ་ཡིན་ལ
སྟོན་ཁ་འདིའི་ཕྱི་རོལ་གྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དག་ཀྱང
སྟོན་ཁ་འདིའི་ཁ་དོག་བཞིན
ང་དང་ངའི་འཇིག་རྟེན་འདིའི་རྨི་ལམ་གྱི
གནས་མལ་གཅིག་ཏུ་གྲུབ་ཡོད
རང་བྱུང་ཐང་ཀ་ཞིག་དང་གཉིས་སུ་མ་མཆིས་པའི
རེབ་གོང་གི་སྟོན་ཁ་འདི
ཁ་བ་མ་བབས་པའི་ཟླ་བ་འདི་དག་གི་ནང་དུ
རིན་ཐང་གཞད་ཏུ་མེད་པའི
སྒྱུ་རྩལ་པ་གྲགས་ཅན་ཞིག་གི
བརྩམས་ཆས་ཞིག་དང་འདྲ་བར
ངས་བྱ་ཁྱུང་རྫ་རིའི་འཁྲེངས་སེམས་ཀྱི་ངོ་གདོང་ནས
སྟག་ལུང་རི་བོའི་ཞེ་མདངས་ཀྱི་སེམས་པ་རེ་རེ་བཞིན་མིག་གི་བཀླགས་ཏེ
དགུ་འབབ་རིང་མོའི་བཞུར་རྒྱུན་ལ་དལ་གྱིས་ཉན་དུས
ཆོས་དུང་གི་དབྱངས་རྟས་སྒུལ་བའི་རེབ་གོང་ནི
དུས་ཀྱིས་འཕོ་འགྱུར་གྱིས་ཅི་ལྟར་བཙུར་ཀྱང
ཡི་གེ་དྲུག་མ་སེམས་ཀྱི་མངའ་ཐང་དུ་སྒོམ་བཞིན
དད་འདུན་དང་ལས་འབྲས་ཀྱི
བསླུ་བ་མེད་པའི་སྐྱབས་གནས་གང་ཞིག་ལ་བློ་གཏད་ཅིང
དགོན་མཐའ་བསྐོར་གྱིན་པའི
དད་ལྡན་གྱི་ཕུ་ནུ་མིང་སྲིང་དེ་དག་རེ་རེ
མིག་གིས་འཚོ་བཞིན། སེམས་ཀྱིས་ཉན་ན
སྐྱེས་ཆེན་ཚོའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི
གནས་མཆོག་འདི་ནི
རང་རིགས་ལ་ཞེན་པ་དཀར་སའི་དག་ཞིང་དེ་རེད་སྙམ་བཞིན
གནས་འདི་ནས
ལན་གཅིག་ལ་བྲལ་དགོས་པ་ཡང་དེ་འདྲའི་སླ་མོ་ཞིག་མིན་པ་རྟོགས་སོང
ལོ་རེ་རེར
མེ་ཏོག་སྣ་ཚོགས་ཀྱི་དབུ་རྒྱན་བཏེགས་པའི
རེབ་གོང་གི་དབྱར་ཟླའི་པང་ཁུག་ནས
ཨ་མའི་ཕྱག་ཟུང་གི་འཇམ་ཤ་ལྡན་པའི
བདེ་དྲོད་ཀྱི་སྣང་བ་འཁྲུངས་ཞོར
དྲུག་པའི་ལྷ་ཟླ་ཆེན་མོར
ཉམས་འགྱུར་དང་སྒེག་ཉམས་ཀྱི་ཕྱུག་པའི
ན་ཟླ་ཚོ་དང་ལྷན་དུ
བྱིས་དུས་ཀྱི་གཏམ་རྒྱུད་མང་པོ
ཕྱིར་དྲན་གྱི་སེམས་ངོ་ནས་ཐ་སྙད་རེ་རང་རེའི་ཚེ་སྲོག་ལ་རྒྱུས་ཆོག་མོད
འོན་ཀྱང་ད་ལོའི
ལྗང་མདོག་གི་དབྱར་ཟླ་དེ་དལ་གྱིས་བརྒལ་རྗེས
གསེར་གྱི་དབུ་ཞྭ་བསྣམས་པའི
རེབ་གོང་མཐའ་འཁོར་གྱི་རི་བོ་དང
ཚོན་གྱིས་བཏབ་པ་འདྲ་བའི་ཁོར་ཡུག་དག
མིག་ལ་སྣང་དུས
སྟོན་ཟླ་འདི་ནི
ཡིད་འོང་གི་བུ་མོ་སྒེག་ལྡན་མ་ཞིག་གི
ལང་ཚོའི་ཆ་ཡོངས་སུ་རྫོགས་པའི
མཛེས་སྡུག་གི་ལང་ཚོ་ལ་གོས་སྣའི་རྒྱན་པ་བཞིན
ངའི་འདོད་འདུན་གྱི་གོམ་མཚམས་ཡུད་ཙམ་བཞག་ནས
ཅིས་ཀྱང་གསེར་མདོག་གི་ཕ་ཡུལ་འདིའི་པང་ནས
ངལ་ཅིག་གསོ་དགོས་བྱུང
ལོ་ངོ་བཞི་བཅུའི་ཕར་ཚུར་ནས
ཕ་ཡུལ་ལ་སླེབས་ཐེངས་མང་ཡང
ད་ལོ་ཁོ་ནར
སྟོན་ཁའི་གསེར་མདོག་གི་མཛེས་པ་ལ་རོལ་མྱོང་བྱས་པ་ལས
རེབ་གོང་གི་སྟོན་ཟླ་འདི
དུས་བཞིའི་ཁ་དོག་གི་མཛེས་སྡུག་མངོན་པའི
དུས་ཚིགས་ཀྱི་ཁྲོད་ནས་ཆེས་མཛེས་པ་དེ་མ་ཡིན་མོད
ང་ལ་མཚོན་ན
ད་ལོ་ལས་འདི་འདྲའི་ཞིབ་ཚགས་ལ
འདི་འདྲའི་ཉམས་དགའ་བའི
རེབ་གོང་གི་སྟོན་ཟླར་མྱོང་བའི་མ་ཟིན་པས་རྐྱེན་གྱིས
བལྟས་ཀྱིན་བལྟས་ཀྱིས
བལྟ་འདོད་ཀྱི་འདུན་པ་འགོག་མ་ཐུབ་ལ
སྡོད་ཀྱིན་སྡོད་ཀྱིན
འགྲོ་འདོད་ཀྱི་གོམ་ཁ་སྤོ་མི་ཐུབ་པ་དེའོ།
རེ་བའི་འདུན་ལམ་དཀར་པོ་ས་གཞི་རུ་བཀྲམ་ཡོད།
དམིགས་པའི་འཕེན་འགྱང་རིང་པོ་མཛུབ་མོ་ཡིས་བསྟན་ཡོད།
རྒྱང་བསྐྱོད་འདབ་གཤོག་གཉིས་པོ་ཀླད་པ་རུ་བླུག་ཡོད།
ཆོས་སྲིད་གང་དགའ་སྡོམས་ཤིག་གངས་ཅན་གྱི་བོད་པ།