གདུགས་དཀར་ཚེ་རིང་།
དུམ་བུ་དང་བོ། ཕྱི་ལོ་༡༩༨༨ དང་༡༩༨༩
ཉིན་ཐོ་འབྲི་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་ཀྱང༌། ད་བར་ལེ་ལོ་གཡེང་བའི་དབང་གིས་ཡང་ཡང་འབྲི་བར་བརྩམས་ཀྱང་འབྲི་མ་ཐུབ། ད་ནས་བཟུང་རང་གི་སྒོ་གསུམ་གྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་ཉིན་རེའི་བྱ་བ་གལ་ཆེན་རྣམས་རི་མོར་འགོད་པར་བྱ།
ད་ལོའི་ཕྱི་ཟླ་གཉིས་པའི་ནང༌། མཚོ་སྔོན་བོད་སྐད་རླུང་འཕྲིན་གསར་འགྱུར་སྡེ་ཚན་གྱི་འགོ་ཁྲིད་གཞོན་པར་བསྐོས། བར་ལམ་བྲིས་པའི་དམངས་སྒྲུང་འབྲིང་བ་བྱ་མི་མགུ་ཇོ་རེ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ་ཏུ་བཀོད་ཐོན་བྱུང་བའི་རྩོམ་རིན་ལ་སྒོར་ལྔ་བརྒྱ་ལྷག་འབྱོར་བས་ཧ་ཅང་དགའ། རྩོམ་རིན་འདི་འདྲ་འབྱོར་བ་ཐོག་མ་ཡིན། སྐབས་དེར་ཟླ་རེའི་ཕོགས་འབབ་ལ་སྒོར་བརྒྱ་ལྷག་ལས་མེད་པས། སྒོར་ལྔ་བརྒྱ་ནི་ཉུང་ཉུང་ཞིག་མིན།
ཕྱི་ལོ་ ༡༩༨༧ཟླ་ ༩ ཚེས་ ༡༦ ཉིན། ཉིན་ཐོ་འབྲི་མགོ་བརྩམས། བྱ་བ་དམིགས་བསལ་མེད།
༡༩༨༧ ཟླ་ ༩ ཚེས་ ༡༧ ཉིན། གནམ་གཤིས་དྭངས་ཤིང་བཟང༌། ཟླ་ཕོགས་སྒོར་བརྒྱ་དང་སོ་གཅིག་བླངས། དགོང་དྲོར་མཚོ་ནུབ་རླུང་འཕྲིན་ཁང་གི་གྲོགས་པོ་གསུམ་ལ་ཕེབས་སྐྱེལ་གསོལ་སྟོན་སྟབས་བདེ་ཞིག་ཡོད་པ་ལྟར། ཉེ་འཁྲིས་ཀྱི་ཟ་ཁང་ཞིག་ཏུ་འཛོམས་ནས་ཅི་དགར་རོལ།
ཟླ་ ༩ ཚེས་ ༡༨ཉིན། སྔ་དྲོའི་ཆུ་ཚོད་༡༠ དང་སྐར་མ་ ༣༠ ཐོག་གཞུང་ལས་ཁང་དུ་བྱ་བར་ཞུགས། ཞུ་དག་ཚང་མ་གྲུབ་དུས་ཆུ་ཚོད་༡༢ དང་སྐར་མ་ ༡༠ རེད། ཕྱི་དྲོར་ཨ་ཅེ་ཆོས་མོ་མཚོའི་ཟླ་ཕོགས་བླངས་ཏེ་ཁོང་ཚང་ལ་སྐྱེལ་བར་སོང་།
ཟླ་ ༩ ཚེས་ ༢༢ ཉིན། ཉིན་ཤས་ཀྱི་ཉིན་ཐོ་ཆད། སྔ་དྲོར་ཡིག་སྒྱུར་དང་ཞུ་དག་གྲུབ་རྗེས། བར་གསེང་དུ་ སྦྲག་ཁང་དུ་སོང་ནས་རེབ་གོང་ཐུན་རིན་རྫོང་སློབ་གསོ་ཅུའུ་ལ་ཁ་པར་བརྒྱབ་སྟེ། བཟའ་ཟླ་ལྷ་མོ་ཟི་ལིང་དུ་གུང་གསེང་ལ་ཡོང་ཆོག་པའི་གནང་བ་ཞུས་པར། འགོ་ཁྲིད་གཞོན་པ་དཔལ་འབྱོར་གྱིས་ཟླ་བ་གཅིག་རིང་གི་གནང་བ་བྱིན། ཕྱིར་ལས་ཁུངས་སུ་འབྱོར་སྐབས་ལྷ་མོ་སྐྱབས་ཀྱིས་ཁ་པར་ཡོང་ནས་ང་ལ་རྩོམ་ཡིག་ཅིག་འབྲི་ཨེ་ཐུབ་ཟེར། འབྲི་རྒྱུ་ཁས་བླངས། འཇའ་པན་སྐད་ཡིག་སྦྱང་རྒྱུ་གལ་ཆེ་བར་མཐོང༌།
ཟླ་ ༩ ཚེས་ ༢༣ ཉིན། ཉི་འཛིན་ཡོད་ཟེར་མོད། གནམ་ངོ་རིབ་པས་མ་མཐོང༌། དེ་རིང་གི་མཚོ་སྔོན་ཉིན་རེའི་ཚགས་པར་རྒྱ་ཡིག་པར་ངོས་གསུམ་པར། ྋརྒྱལ་བ་རིན་པོ་ཆེ། ཨ་རིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དུ་ཕེབས་ནས། བོད་ཀྱི་སྐོར་ལ་གསུང་བཤད་གནང་བ་དང༌། རྒྱལ་ཚོགས་ཀྱི་འཐུས་མི་ལྔས་ཉན་ཟེར། གསར་འགྱུར་འདི་ཆ་ཚང་ང་རང་གིས་བོད་ཡིག་དུ་ཕབ་སྒྱུར་བྱས། ཡིག་འབྲུ་བདུན་བརྒྱ་ལྷག་ཡོད། རིན་ཆེན་མཁའ་འགྲོས་བཏང་ཡོང་བའི་ཁ་པར་གསར་འགྱུར་ཡང་ངས་ཕབ་སྒྱུར་བྱས། དེ་ལ་ཡིག་འབྲུ་བཞི་བརྒྱ་ཙམ་ཡོད།
དེ་རིང་ནས་འཇའ་པན་སྐད་ཡིག་སྦྱོང་མགོ་བརྩམས། གསལ་བྱེད་ལྔ་བཅུ་ཐམ་པ་ཡོད་པའི་ནང་གི་ཡཱ་སྡེ་དང་ལཱ་སྡེ་བཱ་སྡེ་གསུམ་སྦྱངས། འགོ་ཁྲིད་རྡོ་ཆེ་གེ་མོ་དང་ངེད་གཉིས་ཀྱིས་རླུང་འཕྲིན་གྱི་བྱ་བའི་སྐོར་ལ་གླེང་མོལ་མང་ཙམ་བྱས་མཐར། ཁོང་གིས་ང་ལ། ད་ཁྱོད་ཏང་གི་ནང་ལ་འཛུལ་གཞུག་བྱས་ན་བཟང༌། གོང་རིམ་གྱིས་ཁྱོད་ཀྱིས་དུས་རྒྱུན་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང༌། ཡིག་སྒྱུར་དང་ཞུ་དག་གསར་འགོད་སོགས་རང་འཁྲིའི་བྱ་བར་དགའ་ཞེན་དང་ཁུར་སེམས་ཆེ་བ་དང༌། ལས་ཆོད་དང་བྱང་ཆ་སྤུས་ཚད། བློ་མཐུན་ཕན་ཚུན་བར་གྱི་མཐུན་ལམ་སོགས་གང་ས་ཅི་ཐད་ནས་གཟིགས་ཚུལ་ལེགས་པོ་འདུག་གསུངས། ངས་ཀྱང་སྙན་ཞུ་ཞིག་འབྲི་རྒྱུ་བྱས། ཕྱི་དྲོར། སྤྱི་བའི་ཁྲུས་ཁང་དུ་སོང་ནས་ལུས་ལ་ཁྲུས་ཤིག་བརྒྱབ། ཕྱིར་ལས་ཁུངས་སུ་ལོག་ནས་ཚགས་པར་ལ་བལྟས་ཏེ་གསར་འགྱུར་འཚོལ་འདེམ་བྱས། གཟུངས་སྐྱིད་དང༌། ལུང་རིན་ཆེན། ཀླུ་འབུམ་བྱམས་བཅས་ལ་ངལ་གསོའི་གནང་བ་བྱིན། བདེ་སྐྱིད་མཚོར་ནད་དགོངས་བྱིན།
ཟླ་ ༩ ཚེས་ ༢༤ ཉིན། གློ་བུར་གོ་ཐོས་ལ། དེ་རིང་ྋཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ཟི་ལིང་དུ་ཕེབས་རྒྱུ་རེད་ཟེར་བས་དགའ་སྣང་ཚད་མེད་ཀྱིས་དྲངས་ཏེ། རིན་པོ་ཆེ་ཚང་བཞུགས་གདན་འཇགས་ཡུལ་འདྲི་རྩད་བྱས་པར། ང་ཚོའི་ལས་ཁུངས་ཉེ་འགྲམ་གྱི་ཟི་ལིང་རྣམ་རྒྱལ་སྤྱི་གླིང་དུ་ཆིབས་སྒྱུར་ཞབས་འཁོད་གནང་རྒྱུ་ཡིན་པ་ཤེས་མ་ཐག ང་རང་དང་རྣ་བྷ། རིག་འཚོ་བཅས་སྤྱི་གླིང་དུ་སོང་། བོད་མི་མང་བོ་ཞིག་གིས་ལམ་གཡས་གཡོན་དུ་ལག་པར་མཇལ་དར་བཟུང་ནས་རིན་པོ་ཆེ་མཆོག་ཕེབས་བསུ་ཞུ་བར་བཅར་འདུག
ངའི་བསམ་པར། ྋརྒྱལ་བ་ྋཔན་ཆེན་རྣམ་གཉིས་ཀྱིས་བོད་མི་རིགས་ཀྱི་སྙིང་དབུས་སུ་གོང་ན་མེད་པའི་གོ་གནས་གལ་ཆེན་པོ་ཅི་འདྲ་ཞིག་བཟུང་ཡོད་མེད་ཤེས་རྟོགས་ཡོད་པ་ལྟར། ད་རེས་ཀྱི་གོ་སྐབས་འདི་ཅིས་ཀྱང་མ་ཤོར་བར་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་རིན་པོ་ཆེའི་སྐུ་མདུན་དུ་བཅར་ཏེ། རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་རེ་བ་སྐོམ་པས་ཆུ་འདོད་ལྟར་ཡོད་པའི་མཚོ་སྔོན་གྱི་བོད་རིགས་ཡོངས་ལ་ལམ་སྟོན་བཀའ་སློབ་གསུང་གི་བདུད་རྩི་ཞིག་ཞུ་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ། རིག་འཚོ་ཕྱིར་གཞུང་ལས་ཁང་དུ་སྒྲ་ཕབ་འཕྲུལ་ཆས་ལེན་དུ་བཏང་བར་གོ་མ་ཆོད། ང་རང་སོང་ནས་ཁྱེར་ཡོང༌།
ཕྱེད་ཡོལ་ཆུ་ཚོད་གཉིས་དང་སྐར་མ་བཅོ་ལྔའི་ཐོག པན་ཆེན་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ཆིབས་སྒྱུར་གནང་བྱུང་། བོད་མི་གཙོས་པའི་དེར་ཡོད་ཀུན་ལ་འཚུབ་ཤ་ལངས་འཚང་ཁ་བརྒྱབ་སྟེ་ལམ་མི་རྙེད་པར་གྱུར། རིན་པོ་ཆེའི་ཞལ་རས་རྒྱང་ནས་མཇལ་བ་མ་གཏོགས་ཐག་ཉེ་སར་བཅར་མི་ཐུབ་པ་ཐག་གིས་ཆོད་སོང་། རེ་ཞིག་ནས་ང་རང་འཚང་ཁའི་དཀྱིལ་ནས་ཐར་ཏེ། རིན་པོ་ཆེའི་སྐུ་འཁྲིས་ན་ཡོད་པའི་དྲིལ་སྒྲོག་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་རུས་མཱ་ཅན་ལ་ཐུག ངས་ཁོང་ལ་རང་ཉིད་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་ཡིན་པ་དང༌། ད་རེས་ྋཔན་ཆེན་རིན་པོ་ཆེ་མཆོག་གང་སྐུའི་འཁྲུངས་ཡུལ་མཚོ་སྔོན་དུ་ཕེབས་པ་འདི་དམིགས་བསལ་གསར་འགྱུར་གལ་ཆེ་བ་ཞིག་ཡིན་ཡང༌། ང་ཚོས་ད་ནངས་སྔ་དྲོ་མ་གཏོགས་མ་ཤེས་པས་གྲ་སྒྲིག་བྱ་ལོང་མ་བྱུང་བ་དང༌། ཁྱེད་རང་ཚོས་ང་ཚོ་ལ་སྔོན་བརྡ་ཙམ་ཡང་མ་གནང་ཁར། རིན་པོ་ཆེ་སྐུ་ངོ་མ་འདིར་ཆིབས་སྒྱུར་གནང་སྐབས་འདིར། ང་ཚོ་བོད་སྐད་རླུང་འཕྲིན་ཡིན་པའི་ཆ་ནས་རིན་པོ་ཆེ་མཚོ་སྔོན་དུ་བཞུགས་འཇགས་རིང་གི་མཛད་རིམ་ཁག་བོད་རིགས་རྒྱ་ཆེའི་མང་ཚོགས་ལ་དུས་དུས་སུ་རྒྱང་སྲིང་བྱ་རྒྱུའི་འགན་ཡོད་པ་ཤེས་བཞིན་དུ་གོ་སྐབས་ཀྱང་མ་གནང་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར། ཁོས་ཅི་མི་སྙམ་པར། ད་རེས་ཁྱོད་ཚོ་བཀོད་སྒྲིག་བྱས་མེད་ཟེར།
ངས་མུ་མཐུད་ནས། མཚོ་སྔོན་ཡོངས་སུ་ང་ཚོའི་རླུང་འཕྲིན་ལ་ཉན་མཁན་བོད་མི་ས་ཡ་གཅིག་ལྷག་ཡོད་པའི་ཁར། ཞིང་ཆེན་གཞན་དུ་ཡོད་པ་རྣམས་ཀྱང་རྩིས་ན་བསྡོམས་པས་ཉན་མཁན་ས་ཡ་གཉིས་ལྷག་ཡོད། དེ་དག་ཚང་མས་ྋཔན་ཆེན་རིན་པོ་ཆེ་མཆོག་ད་རེས་མཚོ་སྔོན་ཕྱོགས་སུ་ཆིབས་སྒྱུར་གནང་བའི་གནས་ཚུལ་དང་མཛད་རིམ་ཁག་ཤེས་འདོད་ཆེན་པོ་ཡོད་ལ། ང་ཚོར་མཚོན་ནའང་རིན་པོ་ཆེ་འདི་གར་ཆིབས་སྒྱུར་གནང་བའི་གནས་ཚུལ་ཁག་དུས་ཐོག་ཏུ་རྒྱ་ཆེའི་བོད་རིགས་ཉན་མཁན་གྲོགས་པོ་ཡོངས་ལ་རྒྱང་སྲིང་བྱ་རྒྱུ་ནི། གསར་འགྱུར་ལས་རིགས་གཉེར་མཁན་སྤྱི་དང༌། ཡང་སྒོས་བོད་རིགས་གསར་འགྱུར་ལས་བྱེད་ཡོངས་ཀྱི་དམིགས་བསལ་ཁུར་དུ་བབས་པའི་ལས་འགན་ཡིན་པ། ཁྱེད་རྣམ་པས་མ་མཁྱེན་པ་ནི་ག་ལ་སྲིད། ཁྱེད་ཚོས་ད་རེས་ང་ཚོར་གོ་སྐབས་རྩབ་ནས་མ་གནང་བར་བློ་ཕམ་ཚད་མེད་བྱུང་ཞེས་པར། ཁོས་ང་ལའང་ཐབས་ཤེས་མེད། གོང་རིམ་ལ་སྙན་སེང་ཞུས་ཆོག་ཟེར་ཏེ་ཐལ།
རེ་བ་མེད་པ་མཐོང་ནས། རིན་པོ་ཆེའི་སྐུ་རྗེས་སུ་ཡོད་པའི་ཨ་ལགས་ཞབས་དྲུང་དཀར་བོ་ཚང་དང༌། མཚོ་སྔོན་མི་རིགས་ལས་དོན་ཁང་གི་འགོ་ཁྲིད་ཚེ་བརྟན། པན་ཆེན་རིན་པོ་ཆེའི་ཕ་ཡབ་བཅས་ལ་རེ་བ་ཞུས་ཀྱང་འབྲས་མེད་དུ་གྱུར། ཡིན་ནའང་སང་ཉིན་པན་ཆེན་རིན་པོ་ཆེ་མཆོག་མཚོ་སྔོན་ཞིང་ཆེན་དངོས་མང་འགྲེམ་སྟོན་ཁང་གིས་གོ་སྒྲིག་བྱས་པའི་བོད་རྒྱ་གནའ་རྫས་འགྲེམ་སྟོན་མཛད་སྒོའི་ཐོག་ཆིབས་སྒྱུར་གནང་གཏན་འཁེལ་འདུག་པས། དེ་དུས་ཡང་བསྐྱར་ཐབས་ཤེས་ཅི་འདུག་བལྟ།
ཟླ་ ༩ ཚེས་ ༢༥ ཉིན། གནམ་གཤིས་བཟང༌། བང་མིན་ཞིན་དང༌། ང་དང་རིག་འཚོ་བཅས་སྔ་དྲོའི་ཆུ་ཚོད་ ༨ ཐོག་ལས་ཁུངས་རང་གི་རླངས་འཁོར་ཆུང་བར་བསྡད་དེ་ཐད་ཀར་མཛད་སྒོ་ཚོགས་སར་བསྐྱོད། མི་མི་ཉུང་བ་ཞིག་དེ་གར་འཛོམས་འདུག རིང་བོ་མ་སོང་བར་སྔ་དྲོ་ཆུ་ཚོད་ ༩ ཐོག་པན་ཆེན་རིན་པོ་ཆེ་མཆོག་མཛད་སྒོར་ཕེབས་ནས་སྒོ་དབྱེའི་དར་ཚོན་བཅད་གནང་བ་དང༌། ངས་བློ་ཐག་རྦད་དེ་བཅད་ནས་སུ་ལའང་བལྟོས་མེད་ཀྱིས་རིན་པོ་ཆེ་དང་ཐག་ཉེ་སར་བཅར་གང་ཐུབ་བྱས།
གནའ་དངོས་བཤམས་ཡོད་སར་བསྐྱོད་པའི་སྐས་ལམ་ཐོག་སྒྲ་ཕབ་འཕྲུལ་ཆས་ཀྱི་ཁ་པར་ཁ་ཕྱེ་སྟེ། རིན་པོ་ཆེ་ཚང༌། ཁྱེད་སྐུ་ཁམས་བཟང༌། ང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་ཡིན། སྐུ་ཉིད་ཀྱིས་དེ་རིང་གི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་རྗེས། བོད་རིགས་ཉན་མཁན་རྣམས་ལ་བཀའ་སློབ་ཐུང་ཐུང་ཞིག་གནང་རོགས་གནང་ཞུས་པར། རིན་པོ་ཆེས་ང་ལ་གཟིགས་ཙམ་གནང་སྟེ་ཞལ་འཛུམ་ཙམ་གནང་བ་ལས་ཅི་ཡང་མ་གསུངས།
ང་རང་རིན་པོ་ཆེ་ཚང་གི་ཕྱག་གཡོན་ཕྱོགས་སུ་ཡོད། ལྷ་ལྡན་གཙུག་ལག་ཁང་མདུན་གྱི་བཀའ་གཙིགས་རྡོ་རིང་ཐོག་གི་ཡི་གེ་པར་མ་བཤམས་ཡོད་སར་རིན་པོ་ཆེས་ཕྱག་མཛུབ་བཙུགས་ནས། རྒྱ་སྐད་དུ། འདི་རྡོ་རིང་ཐོག་གི་ཡི་གེ་དེ་ཨེ་རེད་ཅེས་དང༌། ཡང་རྫ་ཆས་ཀྱི་སླ་ང་ལྟ་བུ་ཞིག་ལ་གཟིགས་སྐབས། འདི་ལ་ལོ་ངོ་ཅི་ཙམ་གྱི་ལོ་རྒྱུས་ཡོད་དམ་ཞེས་པར། མཚམས་སྦྱོར་བས། ད་བར་དུ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་འདུག་ཅེས་ལན་ཕུལ། མདུན་ཕྱོགས་སུ་བརྙན་འཕྲིན་པར་ཆས་མང་བོས་པར་རྒྱག་གི་འདུག གཡས་གཡོན་དུ་ཨ་ཁུ་འབྲུག་རྒྱལ་དང༌། དཔལ་རྒྱལ་ཡང་འདུག ཡང་ཁོང་གིས། མཚོ་བོད་མཐོ་སྒང་གི་ས་ཁྲ་ཞིག་ལ་གཟིགས་སྐབས། འདི་མཚོ་སྔོན་པོ་ཡིན་པ་འདྲ་ཞེས་ཕྱག་མཛུབ་བཙུགས་པར། མཚམས་སྦྱོར་བས། ལགས་རེད། ཞུས།
དེ་ནས་གཟིགས་ཞིབ་གྲུབ་སྟེ་ཕྱིར་ལྡོག་པའི་སྐས་ལམ་ཐོག ངས་ཡང་བསྐྱར་རིན་པོ་ཆེ་མཆོག་ལ། བཀའ་སློབ་ཅིག་གནང་སྐྱོང་ཡོང་བའི་རེ་བ་ཞུས་པར། ཁོང་བཞད་བཞིན་དུ་ཅི་ཞིག་བཤད་དགོས་སམ། ཞེས་པར། ངས་དེ་མ་ཐག རིན་པོ་ཆེ་ཚང་གིས་དེ་རིང་གི་གནའ་རྫས་འགྲེམ་སྟོན་འདིར་གཟིགས་ཞིབ་གནང་རྗེས་ཀྱི་དགོངས་ཚུལ་ཐུང་ངུ་ཞིག་གསུང་རོགས་གནང༌། ཞེས་པར། རིན་པོ་ཆེས། དགོངས་ཚུལ། གསར་འགོད་པ་འདི་ཚོ། ཞེས་གསུངས་ཏེ་ཞལ་འཛུམ་བཞིན་ཆིབས་འཁོར་ནང་དུ་འཛུལ། བཀའ་སློབ་ཚིག་གཅིག་ཀྱང་ཞུ་ཐུབ་མ་སོང་། རིན་པོ་ཆེ་ཚང་ལ་མཇལ་བའི་དགའ་སྣང་དང༌། བཀའ་སློབ་མ་གནང་བའི་བློ་ཕམ་གཉིས་འགྲན་བཞིན་དུ་ཕྱི་དྲོར་ད་དུང་བཀའ་སློབ་ཅིག་ཞུ་རྒྱུའི་འདུན་པ་ཤུགས་དྲག་གི་ངང༌། མཚོ་སྔོན་མི་རིགས་ལས་དོན་ཁང་གི་འགོ་ཁྲིད་ཚེ་བརྟན་ལགས་ལ་ཐུག་པར་སོང་བར། ཁོང་གིས་ང་ཟུར་དུ་བོས་ཏེ། ད་ཁྱོད་ཀྱིས་དཀའ་ལས་མ་རྒྱག རིན་པོ་ཆེ་ཚང་གིས་བཀའ་སློབ་གནང་མི་སྲིད། ཟེར། རྒྱུ་མཚན་ཅི་ཡིན་ དྲིས་པར། ད་ང་ཁོམ་གྱིན་མེད། རྗེས་སུ་ཐུག་འོང་ཞེས་ཟེར་བཞིན་ནང་དུ་འཛུལ་སོང༌། ཡི་ཆད་ཀྱི་ཚོར་བ་སྔར་བྱུང་མ་མྱོང་བ་ཞིག་གིས་དྲངས་ཏེ་ངའི་སེམས་ལ་དྲི་བ་དང་མནོ་བསམ་གསར་བ་མང་བོ་ཞིག་ངང་གིས་འཁོར་བྱུང༌།
རིན་པོ་ཆེ་ཚང་བོད་མི་རིགས་དང་ང་རང་ལ་མི་དགའ་བ་ག་ལ་ཡིན་ཀྱང༌། ཁོང་ལ་རང་གི་དགོངས་ཚུལ་གསུང་རྒྱུའི་སྐུ་དབང་མེད་པ་དང༌། བོད་མི་རིགས་ཡོངས་ཀྱི་རང་དབང་དང་མ་འོངས་པའི་མདུན་ལམ། བོད་རིགས་གསར་འགོད་པ་དང་ལས་བྱེད་པ་ཡོངས་ཀྱི་རང་དབང་དང་མདུན་ལམ་སྐོར་ལ་ཐེ་ཚོམ་དང་སེམས་ཁྲལ་ཆེན་པོ་བྱུང༌།
དགོང་མོར། ཨ་ཞང་ཚང་ནས། བང་མིན་ཞིན་གྱིས་རྒྱ་ཡིག་ཏུ་བྲིས་པའི་མ་ཕྱི་ལ་ཟུར་ལྟ་བྱས་ཏེ་གསར་འགྱུར་ཞིག་བྲིས། ཚར་དུས་མཚན་ཕྱེད་ཡོལ་ཆུ་ཚོད་དང་བོ་རེད།
ཟླ་ ༩ ཚེས་ ༢༦ ཉིན། སྔ་དྲོ་ལས་ཁུངས་སུ་སོང་བར། འགོ་ཁྲིད་རིན་ཆེ་གེ་མོ་ལགས་ཅུང་མ་རང་བའི་ཚུལ་གྱིས། གདུགས་དཀར་ཁྱོད་ཀྱི་གསར་འགོད་པའི་སྙིང་སྟོབས་ནི་བསྔགས་འོས་སུ་ཆེ་ཡང༌། གོང་རིམ་འགོ་ཁྲིད་པས་བརྗོད་པ་ལྟར་ན། པན་ཆེན་རིན་པོ་ཆེའི་ཞབས་ཞུ་བ་ཞིག་གིས། མཚོ་སྔོན་རླུང་འཕྲིན་ཁང་གི་གསར་འགོད་པ་ གདུགས་དཀར་ཚེ་རིང་ལྟ་བུའི་གསར་འགོད་པ་ཧོལ་རྒྱུགས་ཚ་བོ། གུས་ལུགས་མི་ཤེས་མཁན་ཞིག་ད་བར་དུ་མཐོང་མ་མྱོང་ཞེས་ཟེར་བ་གོ་ཐོས་བྱུང་འདུག རྗེས་ཕྱོགས་སུ་གཟབ་གཟབ་གནང་རྒྱུ་གལ་ཆེ། ལྷག་པར་དུ་པན་ཆེན་རིན་པོ་ལྟ་བུའི་བླ་ཆེན་དང་དབུས་གཞུང་གི་དབུ་ཁྲིད་མཐོ་གྲས་ཕེབས་སྐབས་ངེས་པར་དུ་མཚམས་ཚོད་ཟིན་པ་བྱ་རྒྱུ་གལ་ཆེ་ཟེར་བར། ལགས་སོ་ཞུས།
གསར་འགོད་པ་ཞིག་ལ་མཚོན་ན། གསར་འགྱུར་གལ་ཆེན་པོ་ཞིག་གི་ཕྱིར་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་དགོས་པ་དང༌། འགྲོ་བ་མིའི་ཡ་རབས་བཟང་སྤྱོད་དང་འགལ་ཏེ་དོན་མེད་མི་ལ་ཕོག་ཐུག་འཆོར་བ་དང༌། མི་ཁ་སྨྲ་རྗོད་ངན་པའི་རིགས་དང༌། བཙོན་ཁང་དུ་སྡོད་དགོས་པའི་སྐབས་དང༌། ཐ་ན་རང་སྲོག་ཀྱང་འཆོར་ཉེན་ཡོད་པའི་གནས་ཚུལ་མང་བོ་ཞིག་ལ་གདོང་ལེན་བྱ་དགོས་པས། གསར་འགོད་ལས་རིགས་འདི་ཧ་ཅང་དཀའ་ལས་ཆེ་བ་དང་རྙོག་དྲ་ཚ་བོ་ཞིག་ཡིན་པ་དང༌། ལྷག་པར་དུ་གསར་འགོད་རང་དབང་གཏན་ནས་མེད་པའི་རྒྱ་ནག་དང་། དེའི་དབང་འོག་དུ་ཡོད་པའི་བོད་མི་ཞིག་ལ་མཚོན་ན་ལས་ཀ་འདི་ནི་དོན་སྙིང་མེད་པ་དང༌། ངལ་བ་འབྲས་མེད་ཀྱི་ལས་ཀ་ཐབས་རྡུག་ཅིག་ཡིན་པའི་ངེས་ཤེས་ཐོབ།
གསར་འགྱུར་རྩོམ་སྒྲིག་དང་ཞུ་དག་གྲུབ་རྗེས། ཕྱི་དྲོ་དབང་ཕྱུག་ལ་གསར་འགྱུར་མ་ཕྱི་སྤྲད་དེ་སྒྲ་ཕབ། གསར་འགྱུར་འདི་ཁ་སང་དང་ཁེ་ཉིན་ཉིན་གཉིས་ལ་རྒྱང་སྲིང་བྱས་ཡོད། ཕྱི་དྲོར་བཟའ་ཟླས་ཁ་པར་ཡོང་ནས་མོའི་ཡིག་ཆ་ཚང་མ་ཞིང་ཆེན་སློབ་གསོ་ཐིན་ལ་ཕྱིར་བསློགས་འདུག་ཟེར། དགོང་མོའི་བརྙན་འཕྲིན་གསར་འགྱུར་ནང༌། ྋཔན་ཆེན་རིན་པོ་ཆེ་མཚོ་སྔོན་དུ་ཕེབས་པའི་གནས་ཚུལ་རྒྱང སྲིང་བྱས་པ་དང༌། ང་ཡང་སྒྲ་ཕབ་འཕྲུལ་ཆས་ཁྱེར་ནས་ཁོང་གི་གམ་ན་འགྲོ་བ་མཐོང༌། དེ་ནས་དགོང་དྲོར་མཛའ་བྲོ་ཁང་དུ་སོང༌།
ཟླ་ ༩ ཚེས་ ༢༧། གཟའ་ཉི་མ། ཆུ་ཚོད་ ༡༠ ཐོག་ཏུ་ལས་ཁུངས་ལ་སོང༌། རྩོམ་སྒྲིག་དང་ཞུ་དག་གྲུབ་རྗེས་ཨ་ཞང་ཚང་ལ་སོང་ནས་ཅུང་ཟད་ངལ་གསོས། ཕྱི་དྲོ་ཆུ་ཚོད་ལྔ་བའི་ཐོག་སློབ་གྲོགས་ཀྲིག་ཧོང་ཡན་གྱི་གཉེན་སྒྲིག་གསོལ་སྟོན་ལ་སོང༌། སྒོར་སོ་ལྔ་ལྷག་གི་ལེགས་སྐྱེས་ཉོས་ནས་བྱིན། བར་གླགས་ཤིག་བཙལ་ནས་ཁོ་མོའི་ཨ་ཕའི་རྩར་སོང་སྟེ་བཟའ་ཟླའི་ཡིག་ཆ་ཕྱིར་སློབ་གསོ་ཐིན་ལ་བསློགས་ཚར་བའི་སྐོར་གླེང་མོལ་བྱས་པར། ཁོང་གིས་སློབ་གསོ་ཐིན་ལ་དྲིས་ཆོག་ཟེར།
ཟླ་ ༩ ཚེས་ ༢༨། རེས་གཟའ་ཟླ་བ། དེ་རིང་བང་གིས་ངལ་གསོས། ཀླུ་འབུམ་བྱམས་མཚོ་ལྷོའི་དགའ་སྟོན་མཛད་སྒོར་གཏང་རྒྱུ་ཐག་བཅད། སྒྲ་ཕབ་འཕྲུལ་ཆས་ལ་སྐྱོན་སེལ་བཟོ་སྐྱོར་གང་ལེགས་བྱས་ཡོད་པ་བླངས་ནས་དེའི་ཉེར་སྤྱད་དང་བཅས་ཁ་ཚང་དོ་འགྲིག་ཁོ་ལ་རྩིས་སྤྲད་དེ། ད་རེས་སྒྲ་ལྡན་གསར་འགྱུར་གཉིས་སམ་ཡང་ན་སྒྲ་ལྡན་གཅིག་དང་ཡིག་ཐོག་གསར་འགྱུར་གཅིག་ངེས་པར་ཡོད་དགོས་ཞེས་བཀོད་མངག་བྱས། གནས་རིམ་གྱི་ཆེད་རང་གི་འདྲ་པར་ཚུན་གང་ཅན་དྲུག་དགོས་ཟེར་བ་ལྟར། གུང་ཚིགས་བར་གསེང་སྐབས་ཧྲོས་ཅིན་ཧང་གི་པར་བཤུ་ས་ཞིག་ལ་སོང༌། སང་ཉིན་ཆུ་ཚོད་ ༡༠ ཐོག་ལེན་རྒྱུ། །
ཟླ་ ༩ ཚེས་ ༢༩། རེས་གཟའ་མིག་དམར། སྔ་དྲོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང༌། ཕྱི་འབྲེལ་པུའི་གསར་འགྱུར་མགྲིན་ཚབ་པས། ྋརྒྱལ་བ་རིན་པོ་ཆེས་ཨ་མེ་རི་ཀར་མཚམས་གཟིགས་གནང་བའི་སྐོར་ལ་ཆེད་དམིགས་གསལ་སྒྲོག་ཅིག་སྤེལ་འདུག་པ་ང་རང་གིས་བོད་ཡིག་ཏུ་བསྒྱུར། ཡིག་འབྲུ་ཆིག་སྟོང་སུམ་བརྒྱ་ཙམ་ཡོད། སྒྱུར་བའི་སྐབས་དང་བསྒྱུར་ཚར་བའི་རྗེས་ལ་སེམས་ཧ་ཅང་མི་སྐྱིད་པ་ཞིག་ཡོང་གི་འདུག རྒྱུ་མཚན་ནི། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས། ྋརྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ལ་མི་འདོད་བཞིན་ཡང་ཡང་ཚིག་ངན་སྣ་ཚོགས་ཀྱིས་ཁ་གཏོང་དགོས་པ་འདི་ངོ་མ་ལས་ངན་རེད། རང་གི་ད་ལྟའི་བྱ་བ་འདི་ངོ་མ་བྱ་བ་ཐབས་རྡུག་ཅིག་རེད་བསམས་ནས་གསར་འགྱུར་གྱི་བྱ་བ་འདི་ལ་དང་བ་རིམ་གྱིས་ཉམས། ཕྱི་དྲོར་ཞིང་ཆེན་མི་དོན་ཐིན་ལ་སོང༌། བཟའ་ཟླའི་ཡིག་ཆ་ད་དུང་འབྱོར་མི་འདུག དགོང་དྲོར། བྱམས་པ་དང༌། འཕྲིན་ཁྱུང་གཉིས་ཡོང་བ་ལྟར་ཁ་བརྡ་རེ་བྱས་ནས་བསྡད།
ཟླ་ ༡༠ ཚེས་ ༠༡། དེ་རིང་ནི། མ་ཧཱ་ཙི་ནའི་རྒྱ་ནག་དམར་གཞུང་རྒྱལ་ཁབ་གསར་བ་བཙུགས་པའི་དུས་ཆེན་རེད། སྔ་དྲོར་ཆུ་ཚོད་ ༩ བར་ལས་ཁུངས་ལ་སོང་། འཆར་ཅན་རྩོམ་སྒྲིག་དང་ཞུ་དག་བགྱིས། ལས་ཁུངས་གྲོལ་མཚམས། སྐམ་ཤའི་རྩིབས་མ་རྒྱ་མ་འགའ་ཉོས། དགོང་མོར་བཟའ་ཟླ་དང་མོའི་སྤུན་ཆུང་གཉིས་ངའི་གནས་ཁང་དུ་ཡོང་ནས་ཅ་དངོས་ཡར་འཇོག་མར་འཇོག་བྱས། གཞི་ནས་ཁང་བ་ཆ་ཚང་ཞིག་རང་ལ་ཐོབ།
ཟླ་ ༡༠ ཚེས་ ༠༢། སྔ་དྲོའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༠༥ བར་ལས་ཁུངས་ལ་སོང༌། ལས་ཁུངས་གྲོལ་རྗེས་ཧེ་ཡུང་དང་མཉམ་དུ་ལྔ་གཅིག་སྤྲོ་སྐྱིད་ཁང་དུ་སོང༌། དགོང་མོར་གྲོགས་པོ་རིན་ཆེ་གེ་མོ་ཚང་ལ་སོང་ནས་ཡར་མར་གྱི་ཁ་བརྡ་རེ་བྱས་ནས་བསྡད།
ཟླ་ ༡༠ ཚེས་ ༠༣། གནམ་དྭངས། དེ་རིང་མཚོ་སྔོན་ཉིན་རེའི་གསར་འགྱུར་ནང༌། ལྷ་ས་ནས་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། ཟླ་༡༠། ཚེས་༠༡ ཉིན་བྱུང་བའི་གནས་ཚུལ་བཀོད་འདུག ཁྲོམ་སྐོར་སྐབས་བོད་མི་དྲུག་བསད་པ་དང༌། སྤྱི་བདེ་མི་སྣ་བཅུ་དགུར་རྨས་ལྗིད་མོ་ཕོག་ཡོད་ཚུལ་དང༌། བར་སྐོར་གྱི་སྤྱི་བདེ་མངག་གཏོང་ཁང་མེར་བསྲེགས་པ་དང༌། རླངས་འཁོར་ཁ་ཤས་ཀྱང་མེར་བསྲེགས་ཏེ་འཕྲོ་བརླག་ཏུ་བཏང་བ། དེའི་སྔོན་ལ་བྱུང་བའི་དོན་རྐྱེན་ང་ཚོས་མ་ཤེས་མོད། དེ་དུས་གྲྭ་བ་ཉེར་གཅིག་དང་སྐྱ་བོ་འགའ་ཡོད་ཚུལ་དང༌། དེ་ལ་ཁ་བྲལ་རིང་ལུགས་པ་ཁ་ཤས་ཞེས་བྲིས་འདུག
ཟླ་ ༡༠ ཚེས་ ༠༡ ཉིན་གྱི་དོན་རྐྱེན་སྐོར་ལ། སུ་ཡིན་མི་ཤེས་པའི་གྲྭ་བ་བཅུ་ཕྲག་འགས་ཟིང་ཆ་བསླངས། དེའི་ནང་གི་གཅིག་གིས་སྤྱི་བདེ་མི་སྣའི་ལག་གི་མེ་མདའ་འཕྲོགས་ཏེ། སྤྱི་བདེ་མི་སྣ་དང་མང་ཚོགས་དཀྱིལ་ལ་གང་བྱུང་དུ་མེ་མདའ་བརྒྱབ་པ། སྤྱི་བདེ་མི་སྣས་གོང་རིམ་གྱི་བཀའ་རྩིས་ཏེ་མེ་མདའ་བརྒྱབ་མེད་ཚུལ་འཁོད་འདུག གོང་གསལ་གནས་ཚུལ་ལ་བདེན་རྫུན་དབྱེ་བ་འབྱེད་རྒྱུར་དཀའ་ངལ་གཏན་ནས་མེད་ཀྱང༌། དེའི་ནང་བདེན་པའི་གནས་ཚུལ་གསལ་རྗེན་ཅིག་མཐོང་བ་ནི། བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་གི་དབང་བསྒྱུར་ལ་མགོ་སྒུར་གྱི་མེད་པ་དང༌། ྋརྒྱལ་བ་རིན་པོ་ཆེ་ལ་བཅོས་མིན་སྙིང་ནས་དགའ་དད་བྱེད་པ་དེ་ཡིན།
ད་ཐེངས་ཀྱི་ལྷ་སའི་དོན་རྐྱེན་ནང་བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་མྱ་ངན་གུས་འདུད་དང༌། སྐུ་གཟུགས་ལ་རྨས་སྐྱོན་ལྗིད་མོ་ཕོག་ཁར་བཙོན་དུ་བཅུག་ནས་ཡ་ང་སྙིང་རྗེ་མེད་པའི་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱོང་བཞིན་པའི་ཕུལ་བྱུང་བོད་མི་ཚང་མར་གདུང་ཤུགས་དྲག་པོས་སེམས་གཏིང་ནས་རྒྱབ་སྐྱོར་དང་འཚམས་འདྲི་ཞུ་བ་དང་འབྲེལ། ཉིན་ཞིག་ང་རང་ཡང་ཁོང་རྣམ་པའི་རྗེས་སུ་སློབ་སྟེ། བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཡུལ་ངོར་དངོས་སུ་ཞུགས་ཐུབ་ན་ཅི་མ་རུང་སྙམ། ཞུ་དག་ཚར་རྗེས། སྒྲོལ་དོན་ལ་ཁང་བའི་སྐོར་བཤད་པར། ཁོའི་བཟའ་ཟླ་མི་རིང་བར་འདིར་ཡོང་གི་ཡོད་པས་ཅི་བྱ་ཟེར།
ཉིན་གུང་ཟ་མ་རང་གིས་བཟོས། ཕྱི་དྲོར་རྐུབ་སྟེགས་ལྟེབ་ཆོག་པ་དེ་འདྲ་གཉིས་དང༌། ཟས་ཅོག་ལ་རྐང་སྟེགས་གཅིག་བཅས་ཉོས། བསྡོམས་སྒོར་བརྒྱ་ལྷག་སོང༌། འཇར་པན་སྐད་ཡིག་སྦྱོང་དེབ་དེ་ཀྲང་ཡོན་ལེན་ལ་བྱིན་པར་མོས་སྒོར་དགུ་དང་ཟུར་ལྔ་རིན་པར་བྱིན། དེབ་གསུམ་པ་དང་བཞི་བ་ད་དུང་ཐོན་མེད།
ཟླ་ ༡༠ ཚེས་ ༠༦ ཉིན། ལྷ་ས་ནས་བོད་མི་ཚོས་ཡང་བསྐྱར་ཁྲོམ་སྐོར་ཐེངས་གསུམ་པ་བྱས། གྲྭ་བ་བརྒྱ་ཕྲག་འགའ་བཟུང་ནས་བཙོན་དུ་བཅུག་ཟེར། ལྷ་སར་དོན་རྐྱེན་ནམ་བྱུང་ལ། ངའི་ཁོག་གི་སྙིང་དྲག་ཏུ་ལྡིང་སྟེ་ཡུན་རིང་བོར་ལྷོད་དུ་འབབ་དཀའ། ད་ལྟ་རང་ལྷ་སར་འགྲོ་ཐུབ་ན་བསམས་པ་དང༌། ད་ལྟ་རང་རྒྱ་གར་ལ། ྋརྒྱལ་བ་རིན་པོ་ཆེར་མཇལ་བར་འགྲོ་དགོས་སྙམ་པ་ཞིག་དེ་དུས་ནས་ཡང་ཡང་དྲན།
ཕྱི་དྲོར། བསྟན་འཛིན་དང་སྒྲོལ་དོན་གཉིས་གཞི་ནས་ཕྱི་ལ་སྤར། ངས་ཀྱང་རང་གི་ཁྱིམ་འཛིན་ཅ་དངོས་རྣམས་ནང་ལ་བླངས། ཉིན་དེར། རང་སྡེའི་མཆོག་ལྡན་བཟའ་མི་གཉིས་དང༌། དབང་རྒྱལ་བཟའ་མི་གཉིས། བུ་མོ་གསུམ་བཅས་མི་བདུན་ཡོང་བ་ཚང་མ་ངའི་ཁྱིམ་ལ་ཞག་འདུག་བྱས། དགོང་དྲོར་ང་རང་ཨ་ཞང་ཚང་ལ་སོང་ནས་རྒྱ་མིའི་དུས་ཆེན་བརྒྱད་པའི་བཅོ་ལྔར་རོལ་རྗེས་ཕྱིར་རང་གནས་སུ་ལོག་ཡོང་བ་ཡིན།
ཟླ་ ༡༠ ཚེས་ ༠༧ ཉིན། མཚོ་སྔོན་ཉིན་རེའི་གསར་འགྱུར་ཐོག ཨ་མེ་རི་ཀའི་གྲོས་ཚོགས་གོང་མའི་ནང༌། བོད་ཀྱི་གནད་དོན་སྐོར་གྱི་བསྐྱར་བཅོས་གྲོས་འཆར་ཐོག་བགྲོ་གླེང་གཏན་འབེབས་བྱུང་ཞེས་དང༌། ཁ་སང་ཨ་མེ་རི་ཀར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་དང༌། རྒྱ་ནག་ཕྱི་འབྲེལ་པུའི་གསར་འགྱུར་མགྲིན་ཚབ་པ། རྒྱ་ནག་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཨ་མེ་རི་ཀར་སྐྱོན་རྗོད་ཁ་རྡུང་དྲག་པོ་བཏང་ཚུལ་འཁོད་འདུག
ཕྱི་དྲོར། རྡོ་ཆེ་གེ་མོ་ལགས་སྦིས་མདོར་སོང་ནས་ཁྱེར་ཡོང་བའི། རྗེ་ཤེས་རབ་རྒྱ་མཚོའི་རྗེས་དྲན་ཁང་གསར་བཞེངས་སྒོ་འབྱེད་མཛད་སྒོའི་ཐོག་གི་སྒྲ་ལྡན་གསར་འགྱུར་གཏོང་རྩིས་བྱེད་སྐབས། སྒྲ་འཛིན་འཁོར་ཐག་འཕྱུག་ནས་ཚང་མར་བྲེལ་ཟིང་ཆེན་པོ་བཟོས། སུའི་སྐྱོན་ཡིན་མིན་མི་ཤེས། དགོང་མོར་ྋཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས། ལྷ་སའི་དོན་རྐྱེན་སྐོར་ལ་ཆེད་དམིགས་གནང་བའི་གསུང་བཤད་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།
ཟླ་ ༡༠ ཚེས་ ༠༩ ཉིན། ད་ནངས་ཞོགས་པའི་ཆུ་ཚོད་ ༠༤ ཡར་ལངས་ནས་མཆོག་ལྡན་དང་དབང་རྒྱལ་ནང་མི་འཁོར་བཅས་རླངས་འཁོར་འབབ་ཚིགས་ལ་བསྐྱལ། སྔ་དྲོར་ལས་ཁུངས་སུ་འབྱོར་སྐབས་ཅུང་འཕྱི་འདུག་པས་འགོ་ཁྲིད་ཅུང་མ་རང་བའི་རྣམ་འགྱུར་མངོན། ཕྱི་དྲོར་ལས་ཁུངས་གྲོལ་རྗེས། ཤིང་རྩི་གཏོང་མཁན་ཞིག་ཡོང་རྒྱུ་བྱས་ཡོད་པ་ལྟར། རྩི་བཏང་གླར་སྒོར་ལྔ་བཅུ་སྟེར་རྒྱུ་དང༌། རེས་གཟའ་ཉི་མ་ནས་རྩི་གཏང་རྒྱུ་ཐག་བཅད། དེ་ལ་ཉེ་བར་མཁོ་བ་སྤྱིན་སྲང་ལྔ་དང༌། རས་སག་ལེབ་མོ་ལྔ་ང་རང་གིས་གྲ་སྒྲིག་བྱ་རྒྱུ་བྱས།
ཟླ་ ༡༠ ཚེས་ ༡༢ ཉིན། འཆར་ཅན་ལས་ཁུངས་སུ་ཡིག་སྒྱུར་དང་རྩོམ་སྒྲིག་ཞུ་དག་སོགས་བགྱིས། རྡོ་རྗེ་དང་མཉམ་དུ་ཞིང་ཆེན་མི་དོན་ཐིན་ལ་སོང་ནས་བཟའ་ཟླའི་ཡིག་ཆའི་སྐོར་དྲིས་པར། རྒྱ་མི་རུས་ཡེ་ཅན་ཞིག་གིས། ཡིག་ཆ་ཚང་མ་སློབ་གསོ་ཐིན་ཆབ་སྲིད་ཁྲུའུ་ཡི་རུས་ལོས་ཅན་གྱི་སར་ཡོད་ཟེར། ངལ་རྩོལ་མི་དོན་ཐིན་ལ་ཡང་འགྲོ་དགོས་འདུག བྱ་བ་འདི་ཚོ་བསྒྲུབ་རྒྱུར་འདི་འདྲའི་དཀའ་ངལ་དང་མགོ་རྙོག་ཆེ་བ་སེམས་ལའང་མ་ཤར། ཤིང་རྩི་གཏོང་མཁན་མ་ཡོང༌། ཕྱི་དྲོར་སྒྲ་ཕབ་འཕྲུལ་ཆས་ལ་སྐྱོན་ཞིག་བྱུང་ཡོད་པས། ཞོས་ཨ་ནེ་ལ་སྤྲད་ནས་བཟོ་སྐྱོར་གནང་རོགས་ཞུས།
ཟླ་ ༡༠ ཚེས་ ༡༣ ཉིན། གནམ་རིབ་འདུག རྩི་གཏོང་མཁན་སྔ་མོ་ནས་བསླེབས་བྱུང༌། རྩི་གཏང་ཡུལ་ཅོག་ཙེ་སོགས་ཁོ་ལ་རྩིས་སྤྲད་ནས། ང་རང་ལས་ཁུངས་ལ་སོང༌།
ཟླ་ ༡༠ ཚེས་ ༡༤ ཉིན། གནམ་རིབ། དགོང་དྲོར། ཨ་ཅེ་ཆོས་མོ་མཚོ་ཚང་ལ་སོང་ནས་ཨ་ཁུ་པདྨ་ལ་བཟའ་ཟླ་ཟི་ལང་དུ་ལེན་ཐབས་སྐོར་ཞུ་འདོད་ཀྱང༌། ཁོང་ཞིན་ཅང་ལ་ཕེབས་ནས་ཁྱིམ་ན་མི་འདུག༌། འདིར་ཡོད་ཀྱང་དོན་དག་འདིའི་ཐོག་ལ་རོགས་བྱ་དཀའ་ཟེར།
ཟླ་ ༡༠ ཚེས་ ༡༥ ཉིན། གནམ་རིབ། ཉིན་གུང་ཟ་མ་ཟོས་རྗེས། ཕུར་བ་ངེད་གཉིས་བསོད་ཆེ་གེ་མོ་ཚང་ལ་སོང༌། བསོད་ཆེ་གེ་མོའི་བཟའ་ཟླ་དེ་ང་རྒྱལ་ཅན་སྙིང་ལངས་པ་ཞིག་འདུག སྐྱེས་པ་ཁྱིམ་ན་མེད་ཟེར། ཕྱི་དྲོར་རྡོ་རྗེ་ལ་ཁ་པར་བཏང་ནས། རུས་ཡེ་ཅན་ལ། སང་ཉིན་བཟའ་ཟླའི་ཡི་གེ་དེ་ཕྱིར་མི་དོན་ཐིན་ལ་སྤྲོད་རོགས་ཞུ་རྒྱུ་མངགས། ཁོས་ཡ་ཟེར།
ཕྱི་དྲོར་ཨ་ཁུ་བསྟན་པས་མངགས་པ་ལྟར། མི་དོན་ཐིན་ལ་སོང༌། མི་དོན་ཐིན་གྱི་རུས་ཡཱེ་ཅན་དེ་མི་འདུག་ཀྱང༌། གཞན་ཞིག་གིས་བཟའ་ཟླའི་ཡི་གེ་དེ་ཁྱེར་ཤོག་དང་གྲོས་བྱ་རྒྱུ་ཡིན་ཟེར། དགོང་མོར་དུང་དཀར་དང་ཞའོ་ཡན་གཉིས་ངའི་ཁྱིམ་ལ་ཡོང༌། ཁ་བརྡ་ཅུང་ཟད་རྗེས། ང་རང་ཨ་ཁུ་བསྟན་པ་ཚང་ལ་སོང་ནས་བཟའ་ཟླའི་དོན་དེར་རོགས་མགོན་གནང་རོགས་ཞུས་པར། ཁོས་ཡ་ཡ་ཟེར།
ཟླ་ ༡༠ ཚེས་ ༡༦ ཉིན། གནམ་རིབ། གྲང་ངར་ཅུང་ཡོད། སྔ་དྲོར། ཕུར་བས་ངལ་རྩོལ་ཐིན་ཀྲང་བསོད་ཆེ་གེ་མོར་ཁ་པར་བརྒྱབ་ཟིན་པས། ད་ཁྱོད་སོང་དང་ཟེར་བ་ལྟར། བཟའ་ཟླའི་ཡིག་ཆ་དེ་སློབ་ཐིན་ནས་ཚུར་བླངས་ཏེ་ངལ་ཐིན་ལ་སྤྲད། བྱ་བ་སྒྲུབ་ན་ངོ་ཤེས་གྲོགས་པོ་དགོས་ཟེར་བ་ངོ་མ་བདེན་པ་རང་རེད་སྙམ།
ཟླ་ ༡༠ ཚེས་ ༡༧ ཉིན། གནམ་རིབ། གྲང་ངར་ཆེ། ད་ལོའི་ཁ་བ་དང་བོ་བབས། ཕྱི་དྲོར། ཟླ་ཕོགས་བླངས། ཟླ་འདིར་དགུན་ཁའི་གྲོན་དངུལ་སྒོར་ཞེ་གཅིག་བསྣན་འདུག་པས་ བསྡོམས་སྒོར་བརྒྱ་དང་དོན་གསུམ་ལྷག་ཡོད། སྒོར་སུམ་ཅུ་ལྷག་གིས་ཉོ་བཅའ་བརྒྱབ། ཆ་སྒམ་དང་ཅོག་ཙེ་སོགས་ལ་རྩི་བཏང་གླར་སྒོར་སུམ་ཅུ་དེ་སྔ་སྒོར་ཉི་ཤུ་སྤྲད་ཟིན་པ་བསྡོམས་སྒོར་ལྔ་བཅུ་སོང༌།
ཟླ་ ༡༠ ཚེས་ ༡༨ ཉིན། གནམ་རིབ། གྲང་ངར་ཅུང་ཆེ། ཞོགས་པའི་ཆུ་ཚོད་དྲུག་ཙམ་ལ་གཉིད་ལས་ལྡང་སྟེ། ཁྱིམ་ཆས་རྣམས་ཡར་འཇོག་མར་འཇོག་བྱས། ཞོགས་ཇ་གྲུབ། ཆུ་ཚོད་དགུ་བའི་ཐོག་ལས་ཁུངས་ལ་སོང༌། ལས་ཁུངས་གྲོལ་ནས་ཁྱིམ་ལ་ལོག་མ་ཐག་ཡང་ཁྱིམ་ཆས་རྣམས་ཡར་འཇོག་མར་འཇོག་བྱས། ཧེ་ཡུང་ཡང་ཡོང་ནས་རོགས་བྱས། ཁྱིམ་ཆས་རྣམས་གསར་བ་དང་བཀྲག་མདངས་ལྡན་པ། འཇོག་སར་བསྒྲིགས་ལེགས་པས་རང་ཁྱིམ་ཉམས་དགའ་བ་ཞིག་བྱུང༌། ང་རང་ལྷན་སྐྱེས་ཀྱིས་གཙང་སྦྲ་དང་སྤུས་དག་ལ་ཧ་ཅང་དགའ། ཧེ་ཡུང་ངེད་གཉིས་ཀྱིས་ཤ་ཐུམ་ཚོད་ཕྲུག་བཅོས་ནས་དགུང་ཟས་ཞིམ་པོ་ཞིག་ཟོས།
ཟླ་ ༡༠ ཚེས་ ༡༩ ཉིན། ཕྱི་དྲོར། ཡང་ངལ་ཐིན་ལ་སོང་ནས་བཟའ་ཟླའི་ཡི་གེའི་སྐོར་ལ་གྲོས་བྱས་ཡོད་མེད་དྲིས་པར། རུས་ལུའུ་ཅན་གྱིས་ད་དུང་བྱུང་མ་སོང༌། ཉིན་འགའི་རྗེས་ནས་ཡང་བསྐྱར་ཡོང་རོགས་ཟེར། དགོང་མོར། བཟའ་ཟླའི་ཕ་རྒན་དང་ཧེ་ཡུང་གཉིས་ཀྱིས་བྱེ་མ་ཀ་ར་དཀར་ནག་དང་བྱིས་པའི་ལྭ་བ་སོགས་ཁྱེར་ནས་ཡོང༌།
ཟླ་ ༡༠ ཚེས་ ༢༠ ཉིན། གནམ་རིབ། གྲང་ངར་ཅུང་ཆེ་རུ་སོང༌། ཉིན་གུང་ནས་ས་སྲོས་བར་དུ་ཁ་བ་བབས། ཁྲོམ་སྲང་ན་མི་རྣམས་ཀྱིས་དགུན་ཁའི་སྣམ་ལྭ་རིང་བོ་དང་བྱ་སྤུའི་བར་ཚང་ཅན་གྱི་ལྭ་བ་དྲོན་པོ་གྱོན་ནས་འགྲོ་ཡང༌། ང་ལ་ད་དུང་དེ་ཙམ་གྱི་འཁྱག་སྣང་མ་བྱུང༌། འོན་ཀྱང༌། རང་གི་དགུན་ལྭ་དང་བཟའ་ཟླའི་དགུན་ལྭ་རྣམས་སྐམ་བཀྲུ་བྱ་རྒྱུའི་དུས་ལ་བསླེབས། ཕྱི་དྲོར། ང་ཚོ་གསར་འགྱུར་ཚན་ཆུང་གི་ཚོགས་འདུ་འཚོགས་སྐབས། བང་གིས་ད་བར་གྱི་སྤྱི་ཡོངས་གནས་ཚུལ་ཕྱོགས་སྡོམ་སྙན་སེང་ཞུས། ངས་གསར་འགྱུར་ཚན་ཆུང་ལ་ད་སྐབས་འཕྲད་བཞིན་པའི་དཀའ་ངལ་ཁག་ཅིག་དམིགས་འདོན་ཞུས། གཟའ་ཉི་མའི་ངལ་གསོའི་སྐོར་དང༌། ལས་བྱེད་པའི་བྱ་བའི་སྤུས་ཀ་ཡར་རྒྱས་གཏོང་ཕྱོགས། སྒྲ་ཕབ་འཕྲུལ་ཆས་སྤུས་ལེགས་དགོས་པ། ལས་ཁུངས་ཀྱི་སྒྲིག་ལམ་བརྩི་སྲུང་བྱ་གལ་ཆེ་བ་བཅས་ནན་བརྗོད་དང༌། ཚོགས་ཐོག་ནས་ཐག་གཅད་དགོས་རིགས་རྣམས་ཐག་བཅད། ཕྱི་དྲོའི་ཆུ་ཚོད་བཞི་བའི་ཐོག བརྙན་འཕྲིན་ཁང་དུ་ཙུའུ་ཀྲང་གཞོན་པ་ཡན་གྱི་ཚོགས་འདུ་འཚོགས་པའི་ཐོག ཐིན་ཀྲང་ཅིན་མིང་གིས་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་དང༌། མ་འོངས་པར་གསར་འགྱུར་དྲིལ་སྒྲོག་བྱ་བའི་ཕྱོགས་ནས་དོ་སྣང་ཡིད་གཟབ་དགོས་ས་གསལ་འདོན་བྱས།
ཟླ་ ༡༠ ཚེས་ ༢༡ ཉིན། གནམ་ངོ་ཅུང་དྭངས། གངས་ད་དུང་ཡོད། ཕྱི་དྲོར་ཡང་བསྐྱར་ངལ་ཐིན་ལ་སོང་ཡང་བཟའ་ཟླའི་ཡི་གེའི་སྐོར་གནས་ཚུལ་གསལ་ཁ་མ་བྱུང༌།
ཟླ་ ༡༠ ཚེས་༢༢ ཉིན། ྋཀུན་གཟིགས་པན་ཆེན་རིན་པོ་ཆེ་ཕ་ཡུལ་མཚོ་སྔོན་དང་ཞལ་གྱེས་ཏེ་པེ་ཅིང་ལ་ཆིབས་ཞལ་བསྒྱུར་བའི་གནས་ཚུལ་ཐོས།
ཟླ་ ༡༠ ཚེས་ ༢༣ ཉིན། གནམ་ངོ་དྭངས་ཙམ་འདུག ཉིན་གུང་ཨ་ཅེ་ཆོས་མོ་མཚོས་ང་ལ། རྡོ་རྗེ་རབ་བརྟན་གྱིས་ཁོའི་ཨ་མ་འདི་གའི་སྨན་ཁང་དུ་བསྐྱལ་ཡོང་འདུག་ཟེར་བ་ལྟར། ཤིང་ཏོག་དང་ཀ་ར་གོ་རེ་ཅུང་ཉོས་ནས་འཚམས་འདྲིར་སོང༌། ཕྱི་དྲོར། ཡང་ངལ་ཐིན་ལ་བཟའ་ཟླའི་ཡི་གེའི་སྐོར་འདྲི་བར་སོང༌། རུས་ལུའུ་ཅན་གྱིས་ད་དུང་གྲོས་བྱ་ལོང་མ་བྱུང་བར་ལྷག་ཡོད་ཟེར། ངོ་མ་འདི་མོ་དཀའ་མོ་ཞིག་ཅི་ཡིན་ནམ། དེང་སང་བྱ་བ་ཞིག་སྒྲུབ་རྒྱུ་ངོ་མ་ལས་སླ་མོ་ཞིག་མ་རེད་སྙམ། ལས་ཁུངས་སུ་འབྱོར་སྐབས་གློག་བརྙན་སྒྱུར་སྐྲུན་ཁང་གི་ཤ་བོས་ཁ་པར་ཡོང་སྟེ། པདྨ་ཚེ་བརྟན་ངའི་སློབ་འབྲིང་གི་སློབ་གྲོགས་ཤིག་ཁོའི་སར་ཡོང་ནས་བསྡད་ཡོད་ཟེར། ངས་ང་དེང་སང་ལས་བྲེལ་ཆེ་བས་ཕར་ཡོང་ཁོམ་མི་འདུག ད་དུང་ཉི་མ་འགའ་རེར་ཟི་ལིང་དུ་འདུག་ན། ངའི་ཁྱིམ་ལ་ཤོག་ཅེས་བོས །
ཟླ་ ༡༠ ཚེས་ ༢༩ ཉིན། ཉིན་ཤས་སྔོན་ནས་བཟའ་ཟླའི་ཁོག་པར་ན་ཟུག་ཡང་ཡང་བྱུང་བར་བརྟེན། བྱིས་པ་བཙའ་རྟགས་ཡིན་པར་སྙམ་ནས་འདི་གའི་སྨན་ཁང་དུ་བསྐྱལ། ལས་ཁུངས་ལ་འགྲོ་ཞོར་དུ་བཟའ་ཟླ་ལ་བཟའ་བཏུང་དུས་ལྟར་སྐྱེལ་དགོས་པས་ཉིན་རེར་བྲེལ་ཟིང་ཆེ་ཁར། བཟའ་ཟླའི་ཁོག་གི་བྱིས་པ་དེ་རྒྱུན་ལྡན་དུ་བཙའ་བར་སྒུག་ན་ཨ་མའི་ཚེ་སྲོག་ལ་ཉེན་ཁ་ཆེ་སྟབས། ཨ་མའི་ཁོག་པ་གཤགས་ཏེ་བྱིས་པ་ཕྱིར་འདོན་དགོས་འདུག ཡིན་ནའང༌། ཁྱོ་ག་མ་འཐད་ན། ང་ཚོས་གཤག་བཅོས་བྱ་མི་ཐུབ། གལ་ཏེ་ཁྱོད་རང་འཐད་པ་ཡིན་ན། ཡི་གེ་འདིར་མིང་རྟགས་འགོད་རོགས། ཟེར་ནས་ཤོག་ལྷེ་ཞིག་སྤྲད་བྱུང༌།
ང་བཟའ་ཟླའི་སར་སོང་ནས་གཤག་བཅོས་ལ་སྐྲག་མི་སྐྲག་དྲིས་པར། མོ་མི་སྐྲག དེང་སང་ཚན་རིག་ཡར་རྒྱས་ཆེ་བའི་སྐབས་རེད། སྨན་བཅོས་ལག་རྩལ་ཧ་ཅང་མཐོ་བོ་རེད། ཁོག་པ་གཤགས་ནས་བྱིས་པ་ཕྱིར་བཏོན་པ་མང་བོ་རེད། ང་གཅིག་པོ་མ་རེད། སུ་ཞིག་ལ་ཉེན་ཁ་བྱུང་རབས་མ་གོ མིང་རྟགས་འགོད་རྐྱང་གིས་སྨན་པ་ལ་སྤྲོད་ཅེས་སྙིང་ཕུར་བཏབ་པ་ལྟར། ཉིན་འདིའི་དགོང་དྲོའི་ཆུ་ཚོད་ ཙམ་ལ་གཤག་བཅོས་ལེགས་པར་གྲུབ་སྟེ། བུ་མོ་ཞིག་སྐྱེས། བདུན་ཁ་གང་རྗེས། བུ་མོའི་མིང་ལ་གཡང་སྐྱིད་ཅེས་བཏགས།
ཕྱི་ལོ་ ༡༩༨༧ ཟླ་ ༡༡ ཚེས་ ༡༡ ཉིན། གནམ་རིབ། བདུན་ཕྲག་གཉིས་ཙམ་གྱི་གུང་གསེང་རྫོགས་ཏེ། དེ་རིང་ནས་ཡང་བསྐྱར་ལས་ཁུངས་སུ་བྱ་བར་ཞུགས།
ཟླ་ ༡༡ ཚེས་ ༡༩ ཉིན། གནམ་ངོ་ཅུང་ཟད་དྭངས། བཟའ་ཟླ་ཟི་ལིང་དུ་ལེན་རྒྱུའི་གནད་དོན་ད་དུང་ཐག་མ་ཆོད། ཁོ་མོའི་ཟླ་བ་གཉིས་ཀྱི་ཕོགས་ཀྱང་ད་དུང་འབྱོར་མེད།
ཟླ་ ༡༡ ཚེས་ ༢༡ ཉིན། ཕྱི་དྲོར། བོད་སྐད་རྩོམ་སྒྲིག་ཁང་གི་ཚོགས་འདུ་ཞིག་འཚོགས་པའི་སར་ང་རང་ཐོན་ཀྲི་པུ་ཧྲུའུ་ཅི་གཞོན་པར་བདམས་ཀྱང་། ང་ལ་གྲ་སྒྲིག་གང་ཡང་མེད་པས་དེ་མི་འོང་ཞེས་ཨུ་ཚུགས་མཐར་བསྐྱལ། ད་དུང་བསམ་བློ་ཐོངས་ཟེར།
ཟླ་ ༡༡ ཚེས་ ༢༣ ཉིན། གནམ་དྭངས། དྲོད་ཅུང་ཡོད། ཕྱི་དྲོར་རིན་ཆེ་གེ་མོ་དང་ལྷན་དུ་ཞིང་ཆེན་ཏང་ཨུའི་ལས་ཁུངས་སུ་སོང༌། དྲུང་ཆེ་རྡོ་བྷར་ཐུག ཁོང་གི་སྐད་འགག་འདུག དེ་རིང་མི་ཁོམ། སང་ཉིན་ཤོག་ཟེར།
ཟླ་ ༡༡ ཚེས་ ༢༤ ཉིན། གནམ་ཤིན་ཏུ་དྭངས་ཤིང་དྲོད་བབས་ཏེ་དབྱར་ཁ་བསླེབས་པ་དང་འདྲ་བའི་སྣང་བ་སྐྱེས། སྔ་དྲོར་སྐམ་ཤ་རྒྱ་མ་བཅུ་གཉིས་ལྷག་ཉོས། ཉིན་གུང་ཀླུ་བྱམས་བཟའ་ཟླ་གཉིས་ཀྱིས་བུ་མོ་གཡང་སྐྱིད་ལ་ལྭ་བ་སོགས་ལག་རྟགས་ཁྱེར་ནས་བལྟ་རུ་ཡོང་བས་དགའ་སྤྲོའི་ངང་དུས་འདས།
ཕྱི་དྲོར། ཨ་ཅེ་ཆོས་མོ་མཚོའི་ལྕགས་རྟ་གཡར་ནས་ཡང་བསྐྱར་དྲུང་ཆེ་རྡོ་བྷར་ཐུག་ཏུ་སོང༌། ཁོང་གི་སྐད་ད་དུང་འགག་འདུག་ཀྱང༌། ངས་བཟའ་ཟླ་ཟི་ལིང་དུ་ལེན་རྒྱུའི་ཐད་རོགས་མགོན་གནང་བའི་རེ་བ་ནན་ཏན་ཞུས། ཁ་པར་ལ་སྒུག་སྡོད། ངས་རོགས་རམ་གང་ཐུབ་བྱ་འདོད་ཡོད་གསུངས།
ཟླ་ ༡༡ ཚེས་ ༢༦ ཉིན། གྲང་ངར་ཆུང་ཆེ། ཨོ་རྒྱན་གྱིས་མཚོ་སྔོན་སྒྱུ་རྩལ་དུས་དེབ་གསར་བ་ཞིག་ཁྱེར་ཡོང་ནས་ང་ལ་སྤྲད་བྱུང་། ཁ་ཕྱེ་སྟེ་བལྟས་པར། ངའི་སྒྲུང་ཐུང་་ འདྲེ་དང་མིའི་ཁ་བརྡ་་དུས་དེབ་ཏུ་འཁོད་འདུག་པས་དགའ་སྤྲོ་སྐྱེས། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཙམ་ལ་དགུན་ཤ་ལེན་པར་སོང༌།
ཟླ་ ༡༢ ཚེས་ ༦ ཉིན། གཟའ་ཉི་མ། འདྲེ་དང་མིའི་ཁ་བརྡའི་རྩོམ་ཡོན་ལ་སྒོར་སྒོར་བདུན་ཅུ་དོན་བརྒྱད་འབྱོར་བས་དགའ། སྒོར་ལྔ་བཅུ་ལྷག་གིས་ཉོ་ཆ་བརྒྱབ་སྟེ་བུ་མོ་གཡང་སྐྱིད་སྐྱེས་ནས་ཟླ་ཁ་གང་བར་སྟོན་ཆུང་ཞིག་བྱས། ཕུར་བ་དང་། བང་མིན་ཞིན། དབང་ཕྱུག་དང་དབྱངས་ཅན་བཟའ་ཟླ་ཟུང་། བསྟན་འཛིན་དང༌། ཀླུ་འབུམ་བྱམས། གཟུངས་སྐྱིད། དུང་དཀར་མཚོ། ཀླུ་བྱམས་བཟའ་ཟླ་གཉིས། ཨ་ཞང༌། རིག་མཚོ་བཅས་ཀྱིས་བུ་མོར་ལྭ་བ་འདྲ་མིན་དང་ཤིང་ཏོག་སོགས་ཁྱེར་ནས་སྟོན་མོར་ཡོང༌།
ཟླ་ ༡༢ ཚེས་ ༡༤ ཉིན། སྔ་དྲོར། འཇིགས་མེད་ཐེག་མཆོག་གིས་ང་ལ་འཕྲིན་ཡིག་ཅིག་བསྐུར་འདུག་པ་རིན་ཆེ་གེ་མོ་བརྒྱུད་ནས་འབྱོར། ཚིགས་བཅད་དུ་བྲིས་འདུག
ཟླ་ ༡༢ ཚེས་ ༡༧ ཉིན། སློབ་ཆེན་གྱི་སློབ་གྲོགས་ཚེ་ཁྲིན་ལེན་ཡོང་ནས་རེབ་གོང་དུ་རྔམ་སྟོན་ཁྲོམ་སྐོར་བྱུང་འདུག་ཟེར། རྒྱུ་མཚན་དྲིས་པར། འཆར་ལྡན་བུ་བཙའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རེད།
ངའི་སེམས་ལ། ཏག་ཏག་རེད། བོད་ཡུལ་འདི་འདྲ་ཆེ། བོད་མི་འདི་འདྲ་ཉུང༌། འཆར་ལྡན་བུ་བཙའི་སྲིད་ཇུས་དེ་བོད་ལ་ལག་ལེན་ཏུ་བསྟར་དགོས་པའི་རྒྱུ་མཚན་མེད་སྙམ། ང་རང་ཐོག་མ་ཉིད་ནས་དེ་ལ་མོས་མཐུན་རྩ་བ་ནས་མེད་མཁན་ཞིག་ཡིན། ད་རེས་ཕ་ཡུལ་རེབ་གོང་ནས་སྣེ་ཁྲིད་དེ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པ་ནི། ངོ་མ་བོད་ཁ་བ་ཅན་པ་ཡོངས་ཀྱི་གཟི་བརྗིད་རེད། བོད་མིའི་རིགས་སུ་གཏོགས་སོ་ཅོག་གིས་འདི་ལ་རྒྱབ་སྐྱོར་བྱ་ལོས་ཀྱང་དགོས་སྙམ། ཟླ་ཕོགས་སྒོར་བརྒྱ་དང་སུམ་བཅུ་ཟུར་དགུ་སྐར་བརྒྱད་བླངས།
ཕྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༦ ཉིན། ཟི་ལིང་མེ་འཁོར་འབབ་ཚིགས། གནམ་ངོ་རིབ། གྲང་ཤུར་ཤུར། དུ་སྨུག་དང་ཐལ་རྡུལ་འདྲེས་མས་གནམ་ས་བར་གསུམ་བསྒྲིབས། ངའི་སེམས་ལྗིད་ཏིག་གེར། སྐྱོ་ལྷང་ངེར་གཅེས་པའི་ཕ་ཡུལ་དང་ཕ་མ་སྤུན་མཆེད། བཟའ་ཟླ་བུ་ཕྲུག་དང་བཅས་པ་རྒྱབ་ཏུ་བཞག་སྟེ། ཐག་རིང་གི་ཆ་མེད་རྒྱུས་མེད་ཀྱི་ཡུལ་ཕྱོགས་ཤིག་ལ་གོམ་ཁ་བསྒྱུར། འདི་ནི་ངའི་མི་ཚེའི་འདིའི་འགྱུར་མཚམས་ཆེན་པོ་ཞིག་དང༌། སུ་གང་གིས་མི་ཤེས་པའི་གསང་བའི་ཐག་ཆོད་གལ་ཆེན་ཞིག་ཀྱང་ཡིན།
འདི་ལྟར་བློ་ཐག་ཆོད་པའི་རྒྱུ་མཚན་དང་བློ་སྟོབས་གང་ནས་བྱུང་ཞེ་ན། བར་ལམ་གྲོགས་པོ་བློས་ཐུབ་ཞིག་གིས་མངོན་གསལ་མ་ཡིན་པའི་སྒོ་ནས། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་ལྗགས་རྩོམ་་ ངོས་ཀྱི་ཡུལ་དང་མི་མང༌་ དང༌། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་་བོད་ཀྱི་སྲིད་དོན་རྒྱལ་རབས་་སྣུམ་དཔར་མ་ཞིག་ཁྱེར་ཡོང་སྟེ། འདི་གཉིས་བཀླག་རྒྱུ་གལ་ཆེན་པོ་རེད། ཉི་མ་བདུན་གྱི་ནང་བཀླགས་ཚར་བ་གྱིས། སུ་ལའང་མ་སྟོན། ཚར་སོང་ན་ང་ལེན་དུ་འོང་གི་ཡིན་བརྗོད། ངས་ཐུགས་རྗེ་ཆེ་ཞུས་རྗེས། དབུལ་བོས་གཏེར་རྙེད་པ་བཞིན་མཇལ་ཀློག་གྲུབ་པར་བྱས།
དེ་ནས་བཟུང་། བོད་རང་གི་འདས་པའི་ལོ་རྒྱུས་དང་། ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་བཅས་ལ་ངོས་འཛིན་དང་ཤེས་རྟོགས་ཟབ་གསལ་བྱུང་བ་དང་། མ་བུ་ངོ་འཕྲོད་པ་ལྟ་བུའི་དགའ་སྣང་དང་སྤོབས་པ། སེམས་ཤུགས་འགོག་མི་ཐུབ་པ་ཞིག་སྐྱེས་ཡོད་པའི་ཁར། སློབ་གྲོགས་འཇིགས་མེད་ཐེག་མཆོག་གི་འཕྲིན་ཡིག་ཅིག་འབྱོར་བའི་ནང་དུའང་བོད་དོན་ལ་སྐུལ་བརྡ་ཟབ་མོ་གནང་འདུག་པ་དང༌། རིང་མོ་ཞིག་ནས་རྒྱ་དམར་གྱིས་བོད་ལ་འཛིན་པའི་སྲིད་ཇུས་དྲང་བོ་མིན་པ་དང༌། རྒྱ་དམར་གྱི་དབང་བསྒྱུར་འོག་ནས་ཐར་བ་མ་ཐོབ་ན། བོད་དང་བོད་མི་རིགས་ཀྱི་མ་འོང་བར་བདེ་སྐྱིད་ཡོང་ཡེ་མེད་པ་གསལ་བོར་ཤེས་རྟོགས་བྱུང་ཡོད་པའི་ཕྱིར་རོ།།
མ་གཞི་ལྟར་ན། ད་ཐེངས་རླུང་འཕྲིན་ཁང་གི་འགོ་ཁྲིད་ཀྱིས་ང་རང་ལ་གཟིགས་པ་ཆེན་པོ་གནང་སྟེ། ཀོང་ཞི་ཀོས་ལིན་དུ་འཚོག་རྒྱུའི་རྒྱལ་ཡོངས་ལོ་ཙཱ་བའི་ཚོགས་འདུར་གཞུག་བཅར་ཆེད་གཞུང་འབྲེལ་གྱིས་བཏང་བ་ཡིན་པ་དང་། ཚོགས་འདུ་དེ་ཕྱི་ཟླ་བཅུ་བའི་ཚེས་བཅུ་ནས་ཚེས་ཉི་ཤུ་བར་འཚོག་འཆར་རེད། ཚོགས་ཐོག་ཏུ་ངོ་སྤྲོད་མཚམས་སྦྱོར་ཆེད་རང་གི་དཔྱད་རྩོམ་ཞིག་ཀྱང་འབྲི་ཁུལ་བྱས་ཡོད། ནང་དོན་གཙོ་བོ་ནི། བོད་ཀྱི་ས་མིང་ཆུ་མིང་རྣམས་དེ་སྔའི་བོད་རང་གི་ལོ་རྒྱུས་སུ་ཇི་ལྟར་ཡོད་པ་དེ་ག་རང་གཞིར་བཞག་གིས་འགྱུར་འགོད་བྱ་གལ་ཆེ་བ་དང༌། ཕྱོགས་མཚུངས་ཕྱིའི་རྒྱལ་ཁབ་ཁག་གི་ས་མིང་ཆུ་མིང་དང༌། རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་མཚོན་གང་ཟག་གྲགས་ཅན་གྱི་མཚན་རྣམས་དབྱིན་སྐད་ཀྱི་སྒྲ་གདངས་ཇི་བཞིན་པ་སོར་བཞག་གིས་ཐད་ཀར་བོད་སྐད་དུ་འགྱུར་རྒྱུ་དགེ་མཚན་ཆེ་བའི་སྐོར་ཡིན། དཔྱད་རྩོམ་འདིའི་མ་ཕྱི་ཆ་ཚང་བལ་བོད་ས་མཚམས་འགྲམ་དུ་གྲོགས་པོ་ཞིག་ལ་བཅོལ་ནས་ཡོང་བ་རྗེས་སུ་རྩད་མ་ཆོད།
རྒྱལ་ཡོངས་ལོ་ཙཱ བའི་ཚོགས་འདུར་གྲ་སྒྲིག་བྱེད་བཞིན་པའི་བར་སྐབས་དེར། ཉིན་ཞིག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ན་སློབ་སྦྱོང་བྱེད་བཞིན་པ། ང་རང་དང་སྡེ་བ་གཅིག་པའི་གྲོགས་པོ་དཔལ་ལྡན་རྒྱལ་དང་ཐུག་སྟེ། ཟ་ཁང་ཞིག་ཏུ་ཟ་མ་ཟ་ཞོར་ལ། ང་རྒྱ་གར་ལ་གསང་བྱོལ་བྱ་འདོད་ཡོད་ཚུལ་བརྗོད་པར། ཁོས་ཀྱང་དེ་ལྟར་བསམ་བཞིན་ཡོད་ཟེར། འོ་ན་མཉམ་དུ་འགྲོ་འོ་ཞེས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཐག་བཅད། འོན་ཀྱང་། ལམ་དུ་མ་ཆས་གོང་། ཁོ་མགྱོགས་པོར་རེབ་གོང་དུ་སོང་ནས། ཕ་མ་གཉིས་ལ་ཐུག་ཙམ་བྱས་ནས་ཡོང་གི་ཡིན་ཟེར། དེ་ལོས་འགྲིག འོན་ཀྱང་སུ་ལའང་ཤེས་སུ་འཇུག་མི་ཉན། ཁ་དམ་པོ་བྱ་རྒྱུ་གལ་ཆེ། མགྱོགས་པོར་སོང་ལ་མྱུར་དུ་ལོག་ཤོག དེ་བར་ངས་འདི་ནས་ཁྱོད་ལ་སྒུག་ངེས་ཡིན་ཞེས་ཁས་བླངས།
ཉིན་ཤས་རྗེས། དཔལ་ལྡན་རྒྱལ་ཕ་མ་གཉིས་ལ་ཐུག་ནས་ཕྱིར་ཟི་ལིང་དུ་འབྱོར་བའི་ཉིན་དེ་རང་ལ། ཟི་ལིང་ནས་གོར་མོ་བར་གྱི་མེ་འཁོར་འཛིན་བྱང་ཉོས་ཡོད་པ་ལྟར། རླུང་འཕྲིན་ཁང་དང་། སློབ་གྲྭ་ཆེན་མོ་ན་ཡོད་པའི་བློས་ཐུབ་གྲོགས་པོ་འགས་སྐྱེལ་མ་གནང་བ་བཞིན། ཕ་ཡུལ་དང་གྱེས་འབྲལ་གྱི་གོམ་པ་དང་བོ་སྤོས།
བཙན་བྱོལ་བདམས་པའི་ཀུན་སློང་སྐྱོ་མགུར།
གངས་རིའི་གཙུག་རྒྱན་ཉིན་བྱེད་ལག་པས་འཕྲོགས། །
ཉིན་སྲིབ་བར་གྱིས་ཟླ་བ་སྐྱབས་སུ་འགེལ། །
སྙིང་མུན་སེལ་བྱེད་སྤྱན་རས་གཡོས་ཙམ་གྱིས། །
རང་ནོར་འཚོལ་ལ་སེམས་དཔའི་བརྟུལ་ཞུགས་རྙེད།།
ཚིགས་བཅད་ཤོ་ལོ་ཀ་འདི་ནི། ཕ་ཡུལ་དང་གྱེས་ཁའི་ཉིན་འགའི་སྔོན། གསར་འགྱུར་ཚན་ཆུང་གི་ནག་པང་ངོས་སུ་ས་སྨྱུག་གིས་བྲིས་ནས་རིག་མཚོ་སོགས་ལ་བཀླག་ཏུ་བཅུག་ཀྱང༌། ཁོང་ཚོས་རྩོམ་ཡག་པོ་རེད་ཟེར་བ་ཙམ་ལས། དོན་ངོ་མ་ང་རང་བོད་ཀྱི་མ་འོང་བའི་བདེ་སྐྱིད་ཆེད་དཀའ་ལས་རྒྱག་པར་འགྲོ་རྒྱུའི་དམ་བཅའ་བསྒྲགས་པ་ཡིན་ཡང་དེ་དོན་ཚོར་རྟོགས་གང་ཡང་བྱུང་མི་འདུག།
འདིའི་མན་གྱི་ཤོ་ལོ་ཀ་རྣམས་རྒྱ་གར་དུ་བདེ་འབྱོར་རྗེས། ཕྱི་ལོ་༡༩༨༨ ཟླ་༡༡ ཚེས་༡༧ ཉིན། ྋབཞུགས་སྒར་དྷརྨ་སཱ་ལར་བསྣན་པའོ།།
ནད་གདོན་མུ་གེས་ལུས་སེམས་མནར་བ་མིན། །
འཆལ་སྤྱོད་སྒྲོག་གིས་རྐང་ལག་བསྡམས་པ་མིན། །
གཞན་ཡུལ་ས་མཐར་འཁྱམས་ལ་དང་བ་མིན། །
ནང་མི་སྤུན་ཟླ་དགྲ་རུ་ལངས་པ་མིན། །
རང་ཁྱིམ་རང་བདག་ཟེར་བ་དོན་ལ་མེད། །
བོད་ཞེན་ཅན་ལ་བགྲོད་པའི་ལམ་བུ་མེད། །
ལ་རྒྱ་ཅན་ལ་ཡར་འགྲོའི་གོ་སྐབས་མེད། །
ཡོན་ཏན་ཅན་ལ་བདེན་གཏམ་བཤད་དབང་མེད། །
བླ་ཚོང་མཁན་ལ་གོ་གནས་དབང་ཆ་ཡོད། །
གླེན་པ་གླང་ལ་ངོ་སོ་གཟེངས་བསྟོད་ཡོད། །
མི་གསོད་ཤན་པར་བདེན་པའི་རྒྱབ་རྟེན་ཡོད། །
ཁྲག་མཚོ་དྲོན་མོར་བདུད་རྩིའི་ལོ་རྒྱུས་ཡོད། །
དེ་ལྟར་ཡིན་མིན་ཡོད་བཅས་བསྟན་དོན་གྱིས། །
རང་དབང་ཞི་བདེའི་ལམ་དུ་གོམ་ཁ་བསྒྱུར། །
ལྗོངས་གསུམ་མི་དམངས་རྡོག་རྩ་ཆིག་བསྒྲིལ་ན། །
རང་དབང་གཙང་མའི་ལམ་ལ་ཐག་རིང་ངམ། །
ཉིན་དེར། མེ་འཁོར་ལས་ན་གོར་མོ་དང་། དེ་ནས་སྤྱི་བའི་འགྲུལ་འཁོར་ལས་ཉིན་མཚན་མགོ་སྦྲེལ་གྱིས་རྒྱལ་ས་ལྷ་སའི་ཕྱོགས་སུ་བསྐྱོད། གདང་ལ་རི་བོའི་རྩེར་བསླེབས་སྐབས། རྫ་དུག་གིས་མགོ་བོ་ན་ནས་ཚལ་བ་དུ་མར་འགས་ས་རེད་སྙམ་པ་བྱུང་། འགྲུལ་འཁོར་ཡུད་ཙམ་བཀག་སྟེ། འགྲུལ་བ་རྣམས་ལ་བཤང་གཅི་འདོར་བའི་སྐབས་ཕྱེ་བའི་བར་དེར། ཐང་ལ་བབས་ནས་ཁ་རླུང་གསར་བ་ཞིག་རྔུབ་ལེན་བྱས་པས་རེ་ཞིག་སིལ་སིང་སིང་གི་སྣང་བ་བྱུང་།
དེ་སྔ་གདང་ལའི་ཕྱོགས་སུ་གངས་སྐྱོན་ཚབས་ཆེན་བྱུང་སྐབས། རྒྱ་མི་གསར་འགོད་པ་ཀྲང་དང་མཉམ་དུ་ན་གོར་མོ་དང་གདང་ལའི་ཕྱོགས་སུ་བོད་མིའི་གནས་སྟངས་རྒྱུས་ལོན་ཆེད་བོད་སྐད་གསར་འགོད་པའི་ལས་ཁུར་བླངས་ནས་ཡོང་མྱོང་ཡང་། དེ་དུས་གནམ་གཤིས་གྲང་དྲགས་པའི་དཀའ་ངལ་ལས། མགོ་བོ་ན་བ་དེ་འདྲ་བྱུང་བ་མི་དྲན། སྐབས་དེ་དུས་ཀྱི་མྱོང་བ་གསར་བ་ཞིག་ནི། ཆུ་བསྐོལ་ནས་འཁོལ་ཏེ་ལྷོག་ལྷོག་ཏུ་གདུ་བཞིན་ཡོད་ནའང་ཚ་སྲེག་གི་ཚོར་བ་སྦྱིིན་མི་ནུས་པ་དེ་རེད། དེ་དུས་ད་དུང་། ལམ་བར་རྒྱ་མིའི་དམག་སྒར་ཁག་ཏུ་ཞག་འདུག་བྱས་སྐབས། རྒྱ་དམག་གི་ས་གཤིས་ཚན་རིག་པ་ཚོས། ན་གོར་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་འདིང་རྒྱུའི་སྐྱ་ཐིག་འཐེན་ཏེ། ས་གཤིས་ལ་ཞིབ་འཇུག་འཕར་མ་བྱེད་བཞིན་པའི་སྒང་ཡིན་པ་དང་། ཚན་རིག་པ་དེས། གསར་འགོད་པ་ཀྲང་དང་གླེང་མོལ་སྐབས། བོད་ཀྱི་ས་གཤིས་འདི་ས་ཆ་གཞན་དང་གཏན་ནས་འདྲ་ཡི་མི་འདུག ཧ་ཅང་གི་རྙོག་དྲ་ཚ་བོ་འདུག ལྕགས་ལམ་འདིང་འཆར་གྱི་ལམ་ཐིག་མང་ཆེ་བ་་ས་ཁ་ཞུར་གཏིང་འཁྱག་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཤོས་ཀྱི་ས་སྒང་འདིེར་ལྕགས་ལམ་འདིང་རྒྱུ་འདི། ད་བར་འཛམ་གླིང་དུ་བྱུང་མ་མྱོང་བའི་ལས་འཆར་གཞི་རྒྱ་ཆེ་ལ་དཀའ་ངལ་ཧ་ཅང་ཆེ་བ་ཞིག་ཡིན་པའི་སྐོར་གླེང་བ་ད་དུང་དྲན་ངོ་ན་འདུག ཚན་རིག་པ་དེས་ད་དུང་། ཅི་སྟེ། ཉིན་ཞིག་ན་གོར་མོ་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་བཏིང་གྲུབ་སྟེ། མེ་འཁོར་ཤར་གཏོང་བྱས་པ་ཡིན་ནའང་། ལྕགས་ལམ་གྱི་སྤུས་ཀ་ཅི་འདྲ་བྱུང་ཡོད་མེད་ལ། གདེང་ཚོད་ཆ་ཚང་ལྡན་པའི་འགན་ལེན་དཀའ་མོ་རེད་ཅེས་བརྗོད་པ་འང་དྲན།
བོད་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་ཞོགས་པར་ནམ་གསལ་མ་གསལ་གྱི་དུས་སུ། གཉིད་མ་སད་ཀྱི་ངང་མིག་ཕྱེ་སྐབས། རྒྱང་རིང་ནས་ཐོག་མར་མཇལ་བ་ནི། བརྗིད་ཆགས་ཕོ་བྲང་པོ་ཏ་ལ་ཡིན་པས་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་ཆེན་པོ་བརྟས། ལྷན་ཡོད་འགྲུལ་བ་མང་ཆེ་བ་མདོ་སྟོད་སྨད་ཕྱོགས་ནས་ཡིན་པས། ཚང་མས་དུས་གཅིག་ཏུ་ལག་པ་ཐལ་མོ་སྦྱར་ཏེ། དད་པ་རྩེ་གཅིག་པས་སྨོན་ལམ་འདེབས་པའི་ཚུལ་དེ་ནམ་ཡང་བརྗེད་པར་དཀའ། ཁོ་བོས་ཀྱང་། བོད་མི་རིགས་ཀྱི་ད་ལྟའི་སྡུག་བསྔལ་དང་། མེས་པོ་གོང་མ་ཚོའི་གཟི་བརྗིད་དང་བཀའ་དྲིན་རྗེས་སུ་དྲན་པའི་མོད་ལ། དགའ་སྐྱོ་ཟུང་གི་ཚོར་བ་འགྲན་བཞིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་གང་མགྱོགས་ངང་ཕོ་བྲང་ཕོ་ཏ་ལར་རང་འཇགས་ཕྱིར་ཆིབས་བསྒྱུར་ཞབས་འཁོད་ཀྱིས། བོད་གངས་ཅན་གྱི་ལྗོངས་ལ་བདེ་སྐྱིད་ཀྱི་ཉི་མ་མགྱོགས་མྱུར་དུ་འཆར་བར་ཤོག་ཅིག། ཅེས་སྨོན་ལམ་ཤུགས་དྲག་བཏབ་པ་ཡིན།
ཐོག་མར་མགྲོན་ཁང་ཞིག་བཙལ་ནས་གནས་མལ་གཏན་འཁེལ། ཉིན་དེ་རང་ལ། གཙུག་ལག་ཁང་དང་། པོ་ཏ་ལར་མཆོད་མཇལ་དུ་ཕྱིན། ཇོ་བོ་རིན་པོ་ཆེ་དང་། པོ་ཏ་ལའི་ནང་རྟེན་རྩ་ཆེན་ཁག་མཇལ་སྐབས། སེམས་ལ་སྨྲ་མི་ཤེས་པའི་དགའ་སྣང་དང་བདེ་ཉམས་འཕེལ། རང་གི་ཚེ་འདིའི་དྲིན་ཅན་ཕ་མ་གཉིས་གཙོས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། བོད་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བར་ཤོག། ཅེས་སོགས་སྨོན་ལམ་གང་ཤེས་འདེབས་ཞོར་ལ། མེས་པོ་གོང་མ་ཚོའི་མཛད་འཕྲིན་ལ་སྙིང་ནས་ཡི་རང་ཤོར་ཞིང་། ཚེ་འདིར་རང་ཉིད་བོད་མི་ཞིག་ཏུ་སྐྱེས་པ་སྐལ་བ་བཟང་འདུག་སྙམ་པ་ཡང་ཡང་དྲན།
ང་ཚོ་ནི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་དང་བརྩི་སྲུང་ཡོད་མཁན་ཞིག་ཡིན་པའི་ཆ་ནས། རང་གི་སྐྱེ་བ་སྔོན་མ་དེས་ཚོགས་ཡག་པོ་བསགས་འདུག སྨོན་ལམ་བཟང་བོ་བརྒྱབ་འདུག རང་གིས་རང་གི་སྐྱེ་བ་སྔོན་མ་དྲིན་ཅན་དེ་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ། སྐྱེ་བ་འདིར་སྔར་ལས་ལྷག་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མུ་མཐུད་དུ་གསོག་པར་འབད་པ་ལྷུར་ལེན་པ་དང་ཆབས་ཅིག རྒྱལ་བ་ཡིད་བཞིན་ནོར་བུའི་ཞབས་སེན་སྤྱི་བོར་ལེན་པར་ཆས་པའི་ལམ་བར་དུ་འགལ་རྐྱེན་བར་ཆད་མེད་པར། རྒྱ་གར་འཕགས་པའི་ཡུལ་དུ་བདེ་བླག་ངང་བརྟོལ་བ་དང་། བརྟོལ་ནས་ཀྱང་། ༧གོང་ས་ཆེན་པོའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་བཟང་བོ་མངོན་པར་ཤར་ཏེ། ཁོང་གི་དབུ་ཁྲིད་ལམ་སྟོན་སྤྱི་གཙུག་ཏུ་བཀུར་ནས། བོད་མི་ས་ཡ་དྲུག་པོའི་ལུས་སེམས་སྡུག་བསྔལ་བསལ་བ་ལ་མངོན་པར་ཕྱོགས་པའི་དོན་ཕན་ལྡན་པའི་བགྱི་བ་འབའ་ཞིག་གིས་དུས་འདའ་བ་དང་། རྒྱལ་བ་དགྱེས་པའི་མཆོད་པའི་སྤྲིན་རྒྱ་མཚོ་དུས་ཀུན་མི་ཟད་པར་སྤྲོ་ནུས་པའི་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་ཡོང་བ་ཤོག་ཅེས་སྨོན་ལམ་བཏབ།
ལྷ་ལྡན་དུ་སྡོད་རྒྱུན་རིང་། གལ་ཏེ། རྒྱ་གུང་བྲན་གྱིས། བོད་མི་ཞིག་འབེན་དུ་བཞག་སྟེ ། བོད་མི་དེའི་ཐོག་ལ། རྒྱ་མི་མི་རེ་ངོ་རེས་གྲི་རེ་བཙུགས། མདུང་རེ་བསྣུན། མེ་མདའ་རེ་འཕངས། མཐར་ཤ་ཉོག་རུས་ཉོག་ཏུ་གཏུབ་འཐག་བྱས་ན། ད་གཟོད་བོད་ལ་རང་བཙན་སྤྲོད་རྒྱུ་ཁས་བླངས་པ་ཡིན་ཟེར་བ་ལྟ་བུ་ཞིག་བྱུང་བའི་དབང་དུ་བཏང་ན། མིག་བཙུམས་ནས་འབེན་དུ་འདུག་རྒྱུའི་སྙིང་སྟོབས་ང་ལ་ཏན་ཏན་འདུག འདི་ནི་ཉིན་འདི་གའི་རིང་རང་སེམས་ལ་ཡང་ཡང་ཤར་བའི་ཚོར་བ་སྟོབས་ཆེ་ཤོས་དེ་རེད།།
ལྷ་ལྡན་ཇོ་བོར་གུས་ཕྱག་འབུལ་ཐེངས་རེར། །
པོ་ཏ་ལ་ཡི་རྒྱ་ཕིབས་མཐོང་ཐེངས་རེར། །
ཆོས་རྒྱལ་གོང་མའི་སྐུ་མདུན་བཅར་ཐེངས་རེར། །
ལྔ་བ་ཆེན་པོའི་མཆོད་སྡོང་མཇལ་ཐེངས་རེར། །
ཞོལ་གྱི་རྡོ་རིང་འགྲམ་དུ་བསླེབས་ཐེངས་རེར། །
ནོར་བུ་གླིང་གར་ཡུན་གྱིས་བསྐོར་ཐེངས་རེར། །
གསེར་ཁྲི་སྟོང་བར་ཐོད་པས་བརྡུངས་ཐེངས་རེར། །
བདག་ཡིད་ཞི་བདེ་རྒྱ་མཚོ་སྐྱོམ་ཞིང་འཁྲུགས། །
ཞེས་པ་ནི། སྐབས་དེའི་སེམས་བྱུང་རྣལ་མ་ལྷུགས་པར་བརྗོད་པའོ།།
གདུང་འབོད།
གནམ་ལ་སྐར་མ་བཀྲ་སོང༌། །བཅོ་ལྔའི་དུང་ཟླ་གསལ་བྱུང༌།།
མཁའ་སྤྱོད་དབང་མོའི་ཞལ་ནས། །ཕ་ཡུལ་གནས་སྟངས་གསུངས་བྱུང༌།།
ཉམ་ཆུང་བོད་མིའི་ལུས་སེམས། །གཞན་དབང་ཞགས་པས་བཅིངས་སོང༌།།
པོ་ཏ་ལ་ཡི་རྩེ་ལ། །དམར་བོ་ཁ་བས་མནན་སོང༌།།
ཇོ་མོ་བླ་རིའི་ངོས་ལ། །མེ་མདས་རི་མོ་བྲིས་སོང༌།།
སྟོད་ཀྱི་མངའ་རིས་སྐོར་གསུམ།།ཇག་པས་མཐའ་ནས་བཅོམས་སོང༌།།
བར་གྱི་དབུས་གཙང་རུ་བཞི། །ལྕགས་ཀྱི་སྡེར་མོས་བསྡམས་སོང༌།།
སྨད་ཀྱི་མདོ་ཁམས་སྒང་དྲུག །སྨྱོན་པའི་སྒར་གྱིས་བསྐོར་སོང༌།།
རྨ་ཆེན་གངས་རིའི་འདབས་ན། །བདུད་དམག་རྐང་བྲོ་བརྡུངས་བྱུང༌།།
ཁྲི་ཤོར་རྒྱལ་མོའི་འགྲམ་ལ། །ཉ་གཟན་མང་བོ་ལྷགས་སོང༌།།
མཛོད་དགེ་གླིང་དཀར་སྟོད་ལ། །ཀླུ་བཙན་གཉིས་པ་བསླེབས་བྱུང༌།།
གཟི་རྩ་སྡེ་དགུའི་གཤོངས་ལ།།གདོན་འདྲེའི་ཧམ་སེམས་འབར་སོང༌།།
ཆབ་ཆ་བཀྲ་ཤིས་དར་ཐང༌། །རྒྱ་མ་བོད་ཀྱིས་གང་སོང༌།།
ཐེམ་རྫོང་རྐང་ཚའི་ཡུལ་ན། །འབྲོག་པས་རྒྱ་སྐད་ངོམ་སོང༌།།
སྐྱེ་རྒུ་དཔལ་གྱི་མདོ་ལ། །བཤན་གྲིའི་མཁར་ཞིག་བརྩིགས་སོང༌།།
མགོ་ལོག་འདོད་རྒུ་གླིང་ནས། །དཔའ་སྐད་རྒྱ་ལ་བསྒྲགས་སོང༌།།
དཔའ་རིས་བ་ཡན་ཐང་ན། །བོད་ཀྱིས་སྲོང་བཙན་དྲན་བྱུང༌།།
རེབ་གོང་གསེར་མོ་ལྗོངས་ནས། །གདུང་འབོད་ཡང་ཡང་བསྒྲགས་སོང༌།།
སྐུ་འབུམ་བྱམས་པ་གླིང་ནས། །གཅེས་ནོར་དགྲ་ཡིས་ཁྱེར་སོང༌།།
ཙོང་ཁ་སྐྱེས་རིའི་སྐེ་ལ། །ལྕགས་ཐག་བསྐོན་ནས་ཁྲིད་སོང༌།།
རྩེ་ཁོག་སྤང་ལྗོངས་དབུས་ན། །ཤན་པས་བུ་མོ་བཤས་སོང༌།།
བླ་བྲང་བཀྲ་ཤིས་འཁྱིལ་ན། །བོད་ཞེན་རོལ་མོ་བསྒྲགས་སོང༌།།
ཀྱཻ་ མཁའ་སྤྱོད་དབང་མོ། །དར་ཅིག་བདག་ལ་དགོངས་དང༌།།
འཛམ་གླིང་ཞི་བདེའི་དེད་དཔོན། །གངས་ཅན་བསོད་ནམས་ལྷ་སྐལ།།
ཞབས་པད་བསྐལ་བརྒྱར་བརྟན་སོང༌། །མཛད་འཕྲིན་ཕྱོགས་བཅུར་རྒྱས་སོང༌།།
བོད་ལ་བདེ་སྐྱིད་ཉི་མ། །ཏན་ཏན་འཆར་ངེས་གསུངས་བྱུང༌།།
ལྗོངས་གསུམ་བོད་མིའི་སེམས་པ། །རྡོག་རྩ་གཅིག་ཏུ་བསྒྲིལ་ན།།
མཇལ་འཛོམས་དགའ་སྟོན་ཉིན་མོ། །མི་འགྱངས་འཆར་ངེས་ཡིན་ནོ།།
ལྷ་ས་སྨན་རྩིས་ཁང་དུ་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་གཅིག་པའི་ཕོ་གསར་འགས་རོགས་བྱས་པ་ལྟར། ལྷ་ས་ནས་བལ་བོད་ས་མཚམས་འགྲམ་བར་དུ་བསྐྱོད་ཆོག་པའི་ལམ་ཡིག་ཚེགས་མེད་དུ་རེག་པ་དང་མཉམ་དུ་ཟོང་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བོད་མི་ཞིག་ཀྱང་བཙལ་ནས་ངོ་སྤྲོད་གནང་བྱུང་བས། རོགས་པ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས། རླངས་འཁོར་དེར་བསྡད་ནས་གཞིས་ཀ་རྩེར་བསླེབས། གཙང་བཀྲ་ཤིས་ལྷུན་པོར་མཆོད་མཇལ་ཞུས། ཞག་གཅིག་དེ་གའི་མགྲོན་ཁང་ཞིག་ཏུ་བསྡད།
འགྲམ་ལ་བསླེབས་མ་ཐག ཨ་མདོའི་ཚོང་བ་སངས་ཆེ་གེ་མོ་ཟེར་བ་ཞིག་གིས་རོགས་བྱས་ཏེ། ལྕགས་འབུམ་ཟེར་བའི་ལམ་པ་ཞིག་མཚམས་སྦྱོར་བྱུང་བ་བཞིན། ང་དང་དཔལ་ལྡན་རྒྱལ། ད་དུང་མིང་ལ་བདུན་ཅུ་ཟེར་བའི་ཕོ་གཞོན་ཞིག་དང་། ནག་ཆུ་ནས་ཡིན་པའི་བུ་མོ་སྒྲོལ་མ་ཟེར་བ་ཞིག་བཅས་ང་ཚོ་བྲོས་བྱོལ་བ་བཞི་ལམ་པའི་རྗེས་འབྲངས་ནས་ཉིན་མཚན་གཉིས་ལ་རིར་འཛེག་ཆུ་བརྒལ་གྱིས་བལ་བོའི་ས་ཐོག་ཏུ་འབྱོར།
དེ་དུས་མཚན་མོ་རེད། མིག་ལམ་དུ་གསལ་ལ་མི་གསལ་བ་ཞིག་མཐོང་བ་ནི། དཔྱང་ཟམ་ཞིག་རེད། ལག་སྒྲོན་སྦར་མི་ཉན་ལ་སྐད་ཆེན་པོའང་འབྱིན་མི་ཉན། མི་ཚང་མ་མཉམ་དུ་སོང་ན་འཛིན་ནའང་སྡེབ་གཅིག་ཏུ་འཛིན་ངེས་པས་ཉེན་ཁ་ཆེ། ང་ཚོས་ཤུབ་བུར་གྲོས་བྱས་ཏེ། སྔོན་ལ་ང་དང་ལམ་པ་གཉིས་ཟམ་པ་བརྒལ་རྒྱུ་དང་། ཕར་སྣེར་བསླེབས་རྗེས་ཉེན་ཁ་མེད་ན། ཕྱིར་ལག་སྒྲོན་ལན་གསུམ་གྱིས་བརྡ་གཏང་རྒྱུ་བྱས། ལག་སྒྲོན་གྱི་བརྡ་མ་མཐོང་ན་ཡོང་མི་ཉན། རང་མལ་དུ་སྡོད་ཅེས། ལབ། ཅུང་ཟད་ངལ་གསོས་པའི་རིང་ཁུག་མའི་ནང་ཨ་རག་ཤེལ་དམ་གང་ཡོད་པ་མཉམ་དུ་འཐུང་རྗེས་དཔྱང་ཟམ་བརྒལ། བདེ་བླག་ཏུ་ཕར་སྣེར་བརྟོལ། ང་ཕྱིར་བརྡ་གཏོང་དུ་འགྲོ་རྩིས་སྐབས། ལམ་པས་ཁྱོད་མ་འགྲོ་འདིར་སྡོད། ཉེན་ཁ་ཆེ་ཟེར། སུས་ཀྱང་མི་མཐོང་ས་ཞིག་ཏུ་ཁྲིད་ནས་བཞག ཨ་རག་ཅུང་ཟད་འཐུང་ཡོད་པའི་རྐྱེན་ནམ་ཡང་ན་ཐང་ཆད་དྲགས་པའི་རྐྱེན་གྱིས་ང་རྒྱབ་རྩིགས་པར་བརྙེས་ཏེ་གཉིད་དུ་ཡུར་ནས་ ཅི་ཙམ་འགོར་བའང་མ་ཤེས། མཚམས་ཤིག་ལ་ལམ་པས་ངའི་ལག་པ་ནས་བཟུང་སྟེ། ཡ་ད་འགྲོ་འགྲོ་ཞེས། དེ་དང་ཐག་མི་རིང་བའི་སར་ཡོད་པའི་ཁང་བ་ཞིག་ཏུ་ཁྲིད། བོད་མི་དར་མ་ཞིག་ལ་ངོ་སྤྲད། མི་དེས་ང་ཁང་མིག་གཞན་ཞིག་ཏུ་ཁྲིད་ནས། ཉིན་འགའི་རིང་འདིར་སྡོད། སྒོའི་ཕྱི་རོལ་དུ་རྩ་བ་ཉིད་ནས་འགྲོ་མི་ཉན་ཟེར། བཟའ་བཏུང་གི་རིགས་ཁོང་གིས་ཁྱེར་ཡོང་གི་འདུག ལམ་པ་མཐོང་རྒྱུ་མེད་པར་གྱུར། ངའི་སེམས་ལ་ཁོ་ཕར་སོང་ནས་དཔལ་ལྡན་རྒྱལ་ཁོང་ཚོ་ཚུར་ལེན་ཐབས་བྱེད་ཀྱི་ཡོད་པ་རེད་བསམ། ཉིན་འགའི་རྗེས་བོད་མི་དེས་བལ་བོའི་སྐྱེས་པའི་ལྭ་བ་ཆ་ཚང་ཞྭ་མོ་དང་བཅས་པ་ཁྱེར་ཡོང་ནས། ཡ་འདི་ཁོན་ཟེར་བ་ལྟར་གོན། དེ་ནས་ཁོང་གིས་ང་ཁྲིད་དེ་ཕྱི་ལ་སོང་བར་རླངས་འཁོར་ཞིག་འདུག དེའི་ནང་ལ་སྡོད་ཟེར་བ་ལྟར་་བསྡད། འཁྲིས་ལ་བལ་བོའི་བུད་མེད་ཅིག་འདུག ང་མཐོང་ནས་འཛུམ་ཙམ་བྱས་པ་ལས་ཅི་ཡང་ལབ་མ་བྱུང་། ཁོང་འགྲོ་ཁར། ལམ་བར་དུ་སྐད་ཆ་འདྲི་མཁན་བྱུང་ན། ཁྱེད་རང་གིས་ཅི་ཡང་ལབ་མི་དགོས། ཁ་བཙུམས་ནས་འགྲོ་རྐྱང་གྱིས་ཞེས་གདམས་ཏེ་སོང་། ངས་ཐུགས་རྗེ་ཆེ་ཞུས། ལམ་བར་དུ་འགག་སྒོ་བཅུ་ཕྲག་བརྒྱུད་ནས་དཀའ་ཉེན་ཅི་ཡང་མ་བྱུང་བར་བལ་ཡུལ་རྒྱལ་ས་ཀ་ཋ་མན་ཌི་ལ་བདེ་བླག་ཏུ་འབྱོར། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་དར་མ་དེ་ནི་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་མི་ཡིན་འདུག་ལ། ཁོང་གི་མཚན་ཡང་ཤེས་མོད་འདིར་མ་བཀོད། རྗེས་ནས་ད་བར་ཐེངས་གཅིག་ཀྱང་མཐོང་མ་མྱོང་། འདིའི་སྐོར་བདག་གི་ཉིན་དེབ་དུ་ཞིབ་ཚགས་པོ་ཞིག་འཁོད་མི་འདུག ཕལ་ཆེར་དཀའ་ཉེན་ཧ་ཅང་ཆེ་བའི་དུས་ཚོད་ཅིག་ཡིན་སྟབས། སེམས་པ་ཅུང་འཁྲུགས་ཡོད་པ་གསལ་བོ་རེད། ལམ་པ་ལྕགས་ཆེ་གེ་མོ་ལ་རྗེས་སུ་བཞུགས་སྒར་ནས་ཐེངས་འགར་ཐུག་ཀྱང་། སྐབས་དེའི་བྱུང་རིམ་ཞིབ་ཕྲ་ཅི་འདྲ་ཡིན་མིན་སྐོར་ལ་དམིགས་བསལ་སྐད་ཆ་མ་བྱུང་། ཁོང་དེང་སང་ཕ་རི་སི་ན་འདུག་ཟེར།
བདུད་ཀྱི་མཆེ་བར་ནས་ཐར་བ་ལྟ་བུའི་ཚོར་བ་དང་། རིང་མིན་༧རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་རྒྱུ་གཏན་འཁེལ་སོང་བསམས་པའི་བློ་གདེང་དང་དགའ་སྣང་། བོད་གངས་ཅན་གྱི་བསྟན་སྲིད་མི་རིགས་རང་དབང་སླར་གསོའི་ཆེད། ད་ནས་བཟུང་ཞེད་སྣང་འཛེམ་ཟོན་དང་། འཇིགས་ཞུམ་ཆགས་སྡང་མེད་པར། རང་གིས་འཇོན་ན་ཅི་ཡང་སྒྲུབ་ཆོག་པ་སྟེ། རང་གི་ལུས་ངག་ཡིད་གསུམ་ལ་རང་དབང་ཆ་ཚང་ད་ནས་ཐོབ་སོང་བ་རེད་སྙམ་པའི་སྐབས་དེའི་ཚོར་བ་ནི་ཚིག་གིས་མཚོན་ཐབས་དཀའ་བ་ཞིག་རེད།
བལ་ཡུལ་རྒྱལ་སའི་བོད་ཀྱི་སྣེ་ལེན་ཁང་དུ་འབྱོར་ནས་ཉིན་ཤས་རྗེས། སྐབས་དེའི་བོད་གཞུང་བདེ་སྲུང་བཀའ་བློན་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་ཆེས་ང་ལ་ཞལ་པར་ཞིག་འབྱོར་ཏེ། ང་བལ་ཡུལ་དུ་བདེ་འབྱོར་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ། ཁོང་སྐབས་དེར་རྒྱ་གར་རྒྱལ་ས་ལྡི་ལིར་བཞུགས་ཡོད་པ་དང་། རིང་མིན་བཞུགས་སྒར་དྷརྨ་སྭ་ལར་ལོག་ཕེབས་རྒྱུ་ཡིན་པས་དེ་ནས་མཇལ་འོང་། ཞེས་གསུངས་པས། བློ་ཇེ་བདེར་སོང་། དེ་སྔ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བོད་དུ་ཕེབས་ཐེངས་ཤིག་ལ། ང་རང་གསར་འགོད་པའི་མིང་ཐོག་ནས་ཟི་ལིང་མགྲོན་ཁང་དུ་ཨ་ལགས་འཇིགས་མེད་རིན་པོ་ཆེར་ཟུར་དུ་ལྷོད་མཇལ་བྱུང་མྱོང་བ་མ་ཟད་ཁོང་དང་ལྷན་དུ་སྐུ་པར་ཞིག་ཀྱང་བསྒྲོན་ཡོད།
བལ་ཡུལ་སྣེ་ལེན་ཁང་གིས་གོ་སྒྲིག་གནང་བ་ལྟར། ང་ཚོ་བོད་ནས་གསར་དུ་འབྱོར་བ་མི་ཉུང་བ་ཞིག་འགྲུལ་འཁོར་ཞིག་ལས་རྒྱ་གར་རྒྱལ་ས་ལྡི་ལི་དང་། དེ་ནས་འགྲུལ་འཁོར་ལ་བསྡད་དེ་བཞུགས་སྒར་དྷརྨ་སྰ་ལར་འབྱོར། དྷ་སར་འབྱོར་ལ་ཉེ་སྐབས་ནམ་ལངས་ནས་ཉི་མའི་འོད་ཟེར་འཕྲོས་ཡོང་གི་འདུག དགའ་སྣང་དང་སྤྲོ་བ་འབུམ་གྱིས་བརྟས་པའི་བདག་གི་མིག་ཟུང་རང་དབང་མེད་པར་འགྲུལ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་དུ་ཕྱོགས། རྡ་རམ་ས་ལ་ནི། ༧རྒྱལ་བ་ཡིད་བཞིན་ནོར་བུ་བཞུགས་གདན་འཇགས་ས་དང་། བོད་བཙན་བྱོལ་གཞུང་གནས་བཅའ་ཡུལ་ཡིན་པས། ལམ་ཁ་གཡས་གཡོན་དང་། ལས་ཁུངས་ཁག སྨན་ཁང་དང་། ཟ་ཁང་། མགྲོན་ཁང་ལ་སོགས་པའི་སྒོ་བྱང་དུ། བོད་ཡིག་རྟ་འདྲ་བ། གཡག་འདྲ་བ། ལུག་འདྲ་བ་དེ་འདྲ་གང་སར་ཁྲ་ལམ་མེར་མཐོང་རྒྱུ་ཡོད་པའི་ཚོད་དཔག་བྱས་མོད། རང་ཉིད་དངོས་སུ་ས་དེར་བསླེབས་སྐབས། དེ་ལྟར་མཐོང་རྒྱུ་མེད་པ་མ་ཟད། རེ་འགའ་མཐོང་བ་ཡང་ཡི་གེ་ཆུང་ཆུང་། དག་ཆའང་མི་འགྲིག་པ་དེ་འདྲ་འདྲེན་བྱེད་གྱི་ཡུལ་དུ་གྱུར་བའི་མོད་ལ། དེ་སྔའི་དགའ་སྣང་དང་སྤྲོ་སྣང་དེ་ཡང་རིམ་གྱིས་ཡལ་མགོ་བརྩམས་པ་དང་། སེམས་ཁྲལ་དང་དྲི་བ་མང་བོ་ཞིག་སེམས་ཁོང་ན་ལུ་གུ་རྩེད་རྩེད་བྱེད་མགོ་བརྩམས།
འདི་ནི་གྱི་ན་བ་བདག་གི་སྐོར་ལ་མང་ཙམ་མཁྱེན་འདོད་ཡོད་པའི་དྲ་གྲོགས་འགའ་ཞིག་གི་འདུན་པ་བསྐང་ཕྱིར། དྲ་ཐོག་ནས་མི་རེར་ལན་རེ་རྒྱག་པའི་དུས་ཁོམ་མེད་ཁར་མི་རེ་ལ་སྒྲུང་རིང་བོ་རེ་བཤད་བསྡད་ན་གསན་མཁན་དང་ཞུ་མཁན་གཉིས་ཆ་ངལ་བའི་རྒྱུ་ལས་མ་འདས་པར་མཐོང་ནས། རང་ཉིད་ཕ་ཡུལ་དང་གྱེས་ཏེ་མི་ལོ་ཧྲིལ་བོ་ཉེར་དྲུག་འཁོར་ལ་ཉེ་བའི་སྐབས་འདིར། འདས་དོན་རྗེན་པར་གསལ་བའི་ཉིན་ཐོ་ལས་ཁོལ་ཏུ་ཕྱུངས་ཏེ་དུམ་བུ་ཞིག་འདིར་བཀོད་པ་ལགས་ན། གཟུར་གནས་མཁྱེན་ལྡན་དག་གིས་དགྱེས་གཟིགས་ཡོང་བའི་རེ་བ་ཞུ་བཞིན་པ་བཅས། གདུགས་དཀར་ཚེ་རིང་དུ་འབོད་པས། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་ཞེ་གཅིག་པ་རབ་རྒྱན་ཤིང་ཕོ་རྟ་ཡི་ལོའི་དུས་འཁོར་བའི་དབྱར་ཟླ་ར་བ་གླང་གི་ཁྱིམ། བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིེར་བསམ་བཞིན་སྲིད་པ་བཟུང་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པ། མཐར་ཞི་བ་མཆོག་ལ་གཤེགས་པ་བཅས་དུས་ཆེན་སུམ་འཛོམས་ཀྱི་ས་ག་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པ་སྦྱོར་བ་སྟོབས་དང་ལྡན་པའི་ཉིན། བྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་ནས་ཐེངས་དང་བོར། དྲ་ལམ་དུ་བསྟར་བ་འདི་འང་། རང་རིགས་སྤུན་ཟླའི་བར་ཕན་ཚུན་གྱི་ལོ་རྒྱུས་དང་གནས་ཚུལ་རྣམས་ཇི་བཞིན་མཁྱེན་པའི་ཐོག་ནས་རྩ་དོན་ལ་སྨན་པའི་དགོངས་འཆར་ལྷུགས་པོར་འཇོ་བའི་རྒྱུར་གྱུར་ཅིག་ཅེས་སྨོན་པ་ལགས་སོ། ། བཀྲ་ཤིས་པར་གྱུར་ཅིག
རྒྱང་རིང་ནས་ཉིན་ཐོ་བཀླགས་ཟིན། གློག་བརྙན་བསྟན་པ་ཇི་བཞིན་འདུག སྐུ་ཉིད་བར་ལམ་བསྙུངས་ཚུལ་ཐོས་པ་ག་འདྲ་ཡོད་དམ།
བཀའ་དྲིན་ཆེ། ཡག་པོ་བྲིས་འདུག་འོན་ཀྱང་དེ་ལ ཞིབ་འཇུག་རང་གིས་བྱ་ངེས་སོ།
གདུགས་དཀར་ལགས། རྒྱང་རང་གི་མེ་འཁོར་འབབ་ཚུགས་ཞིག་ནས་འདི་བྲིས་བ་ཡིན། མེ་འཁོར་ནང་ཉིན་ཐོ་ཀློག་རྗེས་ཡིད་སེམས་རང་བཞིན་གྱི་འདས་ཟིན་པའི་ནམ་ཟླར་ཁྲིད་ཐལ། ཐུགས་རྗེ་ཆེ་ཞུ་བ་དེ་ཡིན། མངོན་པར་བརྗོད་ན་ཁྱེད་དང་ཨ་ཁུ་པདྨ་འབུམ། སྐུ་འདས་མགོན་པོ་ཚེ་རིང་སོགས་ནི་ལོ་རབ་༨༠་རྗེས་བདག་ཡིད་ལ་ཡོད་པའི་མིག་དཔེར་གྱུར་ཡོད།
ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་རྒན་གདུགས་དཀར་ཚེ་རིང་ལགས། ཁྱེད་རང་གི་ཉིན་ཐོ་ཀློག་རྗེས་ཡིད་སེམས་ལ་བཤད་མི་ཤེས་བའི་ཚོར་བ་ཞིག་སྤྲད་སོང་།ཐུགས་རྗེ་ཆེ་ཞུ་འདོད་བྱུང་།ལྷ་ས་སྨན་རྩིས་ཁང་ལ་སློབ་གཉེར་བྱེད་བཞིན་པའི་ཁྱེད་རང་གི་ཕ་ཡུལ་གཅིག་པ་སྟེ་ངའི་སྤུན་རེད། སྐབས་ཏེ་ལ་ཁྱེད་རང་ཚོ་མཉམ་དུ་པར་བརྒྱབ་ཡོད་པ་ཡང་ངའི་སྤུན་ཆེན་ལག་ནས་མཐོས་སོང་། ཁོ་རང་གི་ཁྱེད་རང་ལ་བཀྲ་ཤིས་བདེ་ལགས་ཞུ་རོགས་གནང་ལབ་སོང་།
སྙིང་ལ་རུས་པ་ཡོད་མཁན་ཞིག་རེད་འདུག ངོ་མ་སྤྲོ་བ་འཕེལ། ཐུགས་རྗེ་ཆེ།
ཆུད་ཚད་མ་གཅིག་པ་ལས། སེམས་ཚོར་དང་ཡོང་སྟངས་གཅིག་པ་འདྲ་པོ་རེད། ཟམ་པ་དེའི་ཕ་རོལ་ལ་བཞག་པའི་བོད་མི་དེ་ཚོ་གང་ཞིག་ལ་ཡལ་སོང་བ་རེད། བློ་བདེ་བོ་རང་མ་བྱུང་།
རྩོམ་ཟུར་ནས་གོ་ལོག་ཐོན་པ་མིན་ན། ཆུང་བརྩེ་རོགས་མ་དེ་དེང་སང་མཉམ་དུ་མེད་པ་འདྲ་ཞིག་ཚོར་གི། དེ་འདྲ་ཞིག་མ་ཡིན་པར་ཤོག།
འབྲི་ཐུབ་ནི་ཞིག་ཡིན་ན། སོ་སོས་སོ་སོའི་སྐོར་གླེང་འབྲི་བྱེད་རྒྱུ་ནི། ངའི་ངོ་ནས་བཤད་ན་ལོ་རྒྱུས་ཀྱི་གས་སྲུབས་སྦྱོར་བྱེད་ལ་མེད་དུ་མེད་པའི་བྱ་བ་གལ་ཆེན་ཞིག་རེད། སྐབས་དེའི་སྐབས་ཀྱི་འཁོར་ཡུག། སྐབས་དེའི་སྐབས་ཀྱི་འཆར་སྒོ། སྐབས་དེའི་སྐབས་ཀྱི་སྤྱི་ཚོགས། སྐབས་དེའི་སྐབས་ཀྱི་རྨི་ལམ་སོགས་ནི་མྱི་རབས་ཕྱི་མའི་གོ་རྟོག་གི་རྐང་བ་འཛུག་ས་ཡོད་ན་མེད་ན་དེ་རེད་འདོད།
གང་ལྟར་འབྲོག་ཕྱོགས་ཀྱི་ས་ནས་བཤད་ན། ཁྱེད་ནི་རྒད་པོ་རྒོད་པོ་ཚོའི་གྲལ་རེད། ཁ་རེ་གྲག་གིན་བསྡད་ན་དགའ་ནི་ཡིན།
ཀླུ་སྨྱོན་ལགས་ལ་མཚམས་འདྲི་དང་། བསླུ་མེད་མཆོག་གསུམ་ཐུགས་རྗེ་བྱིན་རླབས་དང་། གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་འདྲ་བ་དག་གི་བཀའ་དྲིན་ལ་བརྟེན་ནས་འཆི་མ་དགོས་ཙམ་བྱུང་སྟེ། ད་ཆ་འབྱུང་ཁམས་བདེ་སྙོམས་སུ་འགྲོ་བཞིན་འདུག་ཞུ།
གནམ་ལགས་ནས་དྲན་གསོ་གནང་བ་ལེགས། ང་བལ་ཡུལ་སྣེ་ལེན་ཁང་དུ་བསླེབས་ནས་ཉིན་ཤས་འགོར་ཡང་། རོགས་པ་ཚོ་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་མ་གོ་བས་སེམས་འཚབ་ཆེན་པོ་བྱུང་། ལྷག་པར་དུ་དཔལ་ལྡན་རྒྱལ་དང་ང་རང་གཉིས་སྡེ་བ་གཅིག་ནས་ཡིན་པ་མ་ཟད། ཕ་ཡུལ་ནས་བཟུང་མཉམ་དུ་བྲོས་བྱོལ་བྱས་པ་ཡིན་སྟབས། གལ་སྲིད་ཁོ་ལ་རྐྱེན་ངན་འདྲ་བྱུང་ན་ངས་རྗེས་མ་ཁོང་གི་ཕ་མ་སྤུན་མཆེད་ཚོར་འགྲེལ་བཤད་ཇི་ལྟར་རྒྱག་དགོས་བསམས་ནས་བློ་མི་བདེ་བ་ཆེན་པོ་བྱུང་། ཡིན་ནའང་སྟབས་ཡག་ནས་ཉིན་ཤས་རྗེས་དཔལ་ལྡན་རྒྱལ་ཁོང་ཚོ་ཡང་བལ་ཡུལ་རྒྱལ་སར་འབྱོར་བ་རེད། ངས་གློག་བརྡ་གཏང་མ་ཐུབ་སྟབས། དཔལ་ལྡན་རྒྱལ་གྱིས་འགོ་ཁྲིད་དེ་བདུན་ཕྲག་གཅིག་ཙམ་གྱི་རྗེས་ནས་རྐང་ཐང་རྐྱང་རྐྱང་གིས་རྒྱལ་སར་བརྟོལ་བ་དང་། ལམ་བར་དུ་རྐུན་ཇག་འདྲ་བོ་ཁ་ཤས་ཀྱིས་བཀག་པར་དཔལ་ལྡན་རྒྱལ་གྱིས་ཕར་རྫིག་རྫིག་འགའ་བྱས་པས་ཚུར་གནོད་མ་ནུས་པར་ཉེན་ཁ་ལས་ཐར་ཐུབ་པ་བྱུང་འདུག ང་ཚོ་སྣེ་ལེན་ཁང་དུ་ཐུག་སྐབས། ཁོང་ཚོའི་རྐང་བར་རྨ་དང་ཆུ་བུར་བརྡོལ་ནས་བལྟར་མི་བཟོད་པ་ཞིག་འདུག
ཆུང་བརྩེ་རོགས་མ་ཞིག་ཡོད་པ་མི་དྲན་ནོ།།
ཆོས་འཕེལ་དར་རྒྱས་ལགས་དང་། ཀློང་ཆུང་ལགས། སྡོང་ཆུ་མིག་ལགས་བཅས་ལ་མཚམས་འདྲི་དང་། སྡོང་ཆུ་མིག་ལགས་ཀྱི་སྤུན་ཟླ་ལ་འདི་ནས་མཚམས་འདྲི་ཡོད་གསུང་རོགས།
རྣམ་པ་ཚང་མར་ཐུགས་རྗེ་ཆེ། ཚང་མ་སྐུ་ཚེ་རིང་ཞིང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་འདེབས།
ལོ་རབས་བརྒྱད་བཅུ་དང་དགུ་བཅུ་ནི་བོད་དོན་དར་ལ་བབ་པའི་དུས་རེད། བརྒྱད་བཅུའི་ནང་ལ་པན་ཆེན་ཐམས་ཅད་མཁྱེན་པ་སྐུ་བཞུགས་ཡོད་པ། རྒྱ་གར་ནས་སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གི་སྐུ་ཚབ་བོད་ལ་ཕེབས་ནས་མི་དམངས་རྣམས་ལ་རེ་བ་དང་དལ་གསོས་ཅིག་སྤྲད་པ་དང་། ཕྱི་རྒྱལ་ལ་སྐྱབས་མགོན་རིན་པོ་ཆེ་ལ་མཚན་མཐོང་ཇེ་ཆེར་ཕྱིན་ནས་ནོར་སྦེལ་གཟེངས་རྟགས་ཐོབ་པ། དེ་བཞིན་བོད་ནས་སྟག་ཕྲུག་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་མི་ཉུང་བ་འབྱོར་ནས་བོད་གཞུང་དང་མི་དམངས་ལ་ཀུན་ནས་མཁོ་བའི་རྒྱ་ཡིག་དང་བོད་ཡིག་གི་ཞབས་ཞུ་བསྒྲུབས་པ། དེ་བཞིན་ཕྱི་རྒྱལ་གྱི་བོད་ལ་མཛའ་བརྩེ་ཡོད་མཁན་གྲོགས་པོ་རྣམས་དབྱར་གྱི་ཆུ་བཞིན་འཕེལ་ནས་བོད་པའི་གྲོགས་པོ་རྒྱ་ཆེན་པོར་བཙུགས་ཐུབ་པ་ལ་བརྟེན་ནས། བོད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གླེང་སྟེགས་ཐོག་སྤར་ཡོད།
སྐབས་དེ་དུས་ལྷག་བསམ་ཅན་རྒན་གདུགས་དཀར་ཚེ་རིང་ལགས་དང་། རྒན་པད་མ་འབུམ། རྒན་དཔལ་ལྡན་རྒྱལ། རྒན་ཚེ་རྒྱམ། དེ་བཞིན་རྒན་སྒ་པ་ཟླ་བ་ཚེ་རིང་། དེ་བཞིན་ང་ཕོད་འཇིགས་མེད། ཤར་ལྷོ་ཚེ་བརྟན་དབང་ཕྱུག རྒན་བསྟན་འཛིན་བསོད་ནམས། དེ་བཞིན་རྒན་གཅོད་པ་ཐར་ལ་སོགས་ཤེས་ཡོན་ཅན་མང་པོ་བཙན་བྱོལ་ལ་ཕེབས་ནས། བོད་གཞུང་གི་དང་བོད་མི་དམངས་ཀྱི་འཁུར་བུ་བླངས་ནས། རང་རང་གི་ནུས་པ་བཏོན་ནས། རྒྱ་གཞུང་ལ་བོད་མིའི་བདེ་སྡུག་དང་གནད་དོན་འདོན་པར་ནུས་པ་ཤུགས་ཆེ་བཏོན་ཡོད།
ད་ཆ་ཁོང་རྣམ་པའི་མི་རབས་ཡང་འགྲེས་ཤིང་། དྲན་ཡུལ་ལ་སོང་བ་ནི་དུས་ཚོད་ཀྱི་འགྱུར་བ་ཆེན་པོ་ཕྱིན་པའི་རྟགས་སུ་ཐོན།
རྗེས་མ། ལོ་རབས་དེ་ཚོའི་ནང་གི་མི་རབས་ཚོར་བཅའ་དྲི་བྱས་ནས། སྐབས་དེ་དུས་ཀྱི་ཆབ་སྲིད་དང་རིག་གཞུང་གི་གནས་ཚུལ་དྲན་གསོ་གཏོང་ཐུབ་ན་མི་རབས་གསར་པ་རྣམས་ལ་ཕན་པ་ཆེ་མཉམ།
འདི་དང་དུས་མཚུངས། གདུང་བཞེན་ཅན་རྒན་གདུགས་དཀར་ཚེ་རིང་ལ་བཀའ་དྲིན་ཆེ་ཞུ་བ་དང་། ཉིད་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པ། མི་རིང་བར་ངེད་ཚོ་ཚང་མ་གངས་ཅན་ལྗོངས་ལ་འཛོམས་པའི་རེ་བ་བཅས། གུས་བསམ་ཤེས་མི་རྟོགས་པ་འདིས།
ལོ་རབས་བརྒྱད་བཅུའི་སྐབས་ཀྱི་བོད་གནས་གསར་འགོད་པ་དང་ཡིག་བསྒྱུར་བ་གདུགས་དཀར་ཚེ་རིང་མཆོག་ལ་འཚམས་འདྲི་ཞུ། མ་ཟད། དུས་རབས་ཉེར་གཅིག་པའི་དྲ་རྒྱའི་སྐབས་ཐོག་ཏུའང་གཉའ་ལྷོད་དཔའ་ཞུམ་མེད་པར་བོད་རང་གི་སྐད་ཡིག་རང་སྟེང་ནས་མི་རབས་གསར་བའི་གཞོན་སྐྱེས་ཁྲོད་དུ་རྩོམ་ཡིག་སྤེལ་བ་དང་བསམ་ཚུལ་བརྗེ་རེས་ཆེད་དུ་ཁ་བརྡ་དྲ་བར་ཡང་ཡང་ཕེབས་ནས་བསམ་ལྷུག་བརྗོད་གནང་བར་དམིགས་གསལ་དགའ་བསུ་ཞུ།
དེང་དུས་ཀྱི་ཨ་མདོ་བ་ཚོས་བྲིས་པའི་ནང་ནས་ད་རེས་གདུགས་དཀར་ལགས་ཁྱེད་རང་གི་བྲིས་པ་དེ་ཀློག་བདེ་ཤོས་བྱུང་ དེ་མིན་དིང་སྐབས་ཨ་མདོ་བ་ཚོས་བྲིས་པ་རྣམས་སྔོན་མའི་དགེ་འདུན་ཆོས་འཕེལ་ལགས་སོགས་ཀྱིས་བྲིས་པ་དང་རྩ་བ་ནས་མི་འདྲ་བར་ཧ་ཅང་ཀློག་ཁག་པོ་དང་ཀློག་ཚར་ནས་ རེད་ཟེར་གྱི་ཡོད་དམ་ མ་རེད་ཟེར་གྱི་ཡོད་ ཡིན་ཟེར་གྱི་ཡོད་དམ་མིན་ཟེར་གྱི་ཡོད་ཧ་གོ་ཡི་མིན་འདུག་ འབྲུག་པའི་ཡི་གེ་ཀློག་པ་དང་ཧ་ལམ་གཅིག་པ་རེད་
སྙན་མོ་ཞིག་བྲིས་འདུག ཡིན་ནའང་། གནའ་མིའི་ཁ་དཔེར། ཅི་བཤད་ལ་མ་ཉན། ཅི་བྱ་ལ་ལྟོས་ཟེར་བ་ལྟར་སྐུ་ཉིད་ཀྱི་འདས་མ་ད་གསུམ་གྱི་བྱེད་སྟངས་ལ་དཔག་ན་དེང་ཐོག་ནས་དམིགས་སྒོམ་གྱི་དྭངས་མ་དེ་ཨ་སྒོར་ཡིན་པ་དཔྱོད་ལྡན་པ་ཚོས་ཅིས་མི་ཤེས། གང་ལྟར་ཁྱོད་གཙོ་བོ་བྱས་ཡར་འཇོག་མཁན་༸གོང་ས་མཆོག་དང་བོད་གཞུང་རེད་དེ། གཙོད་སྒྱེ་དྲུད་ནས་ཐུར་ལྡང་མཁན་རང་ཉིད་ཡིན་པ་ཤེས་པར་བྱོས། ད་ཅ་འདྲའི་ཁ་བདེ་བོ་བཤད་ཁྱང་ཚར་ཚར་རེད།
ཡེ་ཤེས་དཔལ་ལགས། ཁྱེད་རང་གིས་ཀྱང་སོ་སོའི་རྣམ་ཐར་ལོ་རྒྱུས་སྙན་པོ་ཞིག་བྲིས་ནས་དྲ་ཐོག་ཏུ་ཞོགས་དང་། ཚང་མས་བལྟ་ཆོག་གི་རེད། དེ་ལྟར་འཇོག་རྒྱུ་མེད་པའམ་འཇོག་མི་ཕོད་ན། སྨྲ་བ་ཉུང་ན་མཛེས་པའི་གྲལ་དུ་འཇོག་གི་ཡིན།
རྡོ་རྗེ་གོ་ཁར་ལྷུང་ན་ཕྲུ་གུའི་རྩེད་མོ།
གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས། །བདག་བསྟོད་གཞན་སྨོད་ཟུག་རྔུ་ལས། །འཐབ་རྩོད་འགྲན་སེམས་བརྟས་པ་ཡིས། །
གསོད་གཅོད་ལྷ་མིན་གནས་སུ་སྐྱེས། །འབྲས་བུ་དམྱལ་བའི་གནས་སུ་ལྟུང་། །ཀུན་ཏུ་བཟང་བོའི་སྨོན་ལམ་གྱིས། །
འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས། །དགྲར་འཛིན་མི་བྱ་རང་སོར་ཀློད། །ཤེས་པ་རང་སོ་ཟིན་གྱུར་ནས། །
འཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག །
གདུགས་ཚེ་ལགས། ང་རང་རྣམ་ཐར་༼རྣམ་པར་ཐར་བའི་གོ་དོན་ངེས་བ་བྱོས༽་ཕར་ཟད་མི་ཚེའི་ལོ་རྒྱུས་ཙམ་ཡང་ཁྲོམ་བསྒྲགས་བྱ་རིན་ཅན་ཞིག་མིན། གལ་སྲིད་ཡིན་དབང་དུ་བཏང་ཡང་ཁེ་ཕན་ཆེད་ཁ་ནས་གང་བྱུང་འབྱིན་མཁན་ཞིན་མིན་ལ། སྐབས་འཚོལ་བ་ཞིག་དེ་བས་ཀྱང་མིན། དྲང་མོར་བཤད་ན་གདོང་ཝག་འཐུག་པོ་ཞིག་མེད་ཡ། འོན་ཀྱང་སྤྱི་ཚོགས་ཀྱི་དགེ་སྐྱོན་གང་ཡིན་ཐེར་འདོན་བྱ་རྒྱུར་བློ་སྤོབས་པ་ཅན་ཞིག་ཡིན།
གདུགས་ཚེ་ལགས། ཡང་གཅིག་བཤད་ན། རང་གི་རིན་ཐང་ཨ་སྒོར་དང་བརྗེ་སྒྱུར་བྱེད་མཁན་དེ་རང་ཉིད་ཡིན་ཤེས་ཡོད་དམ།
འོ་ཡ་ ད་ཤེས་སོང་། དོལ་རྒྱལ་རྗེས་འབྲངས་པས་༧གོང་ས་ཆེན་པོར་སྐྱོན་བརྗོད་ན་མི་མཛའ་བ་བཞིན། ཁྱེད་ཀྱིས་ཀྱང་གདུགས་དཀར་ཚེ་རིང་ལ་སྐྱོན་བརྗོད་ན་ཤིན་ཏུ་མི་མཛའ་བས། གོང་དུ་སྤྲད་པའི་གདན་གྲལ་དེ་ནས་སྡོད་ལ། མ་ཎི་ཆ་རེ་ཁ་ནང་ལ་ཨེ་འོང་ལྟོས། ང་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འདུག་རན་སོང་། ད་ནས་བཟུང་ཁ་ཚོགས་མ་བསགས་པ་དེར་བདག་པོ་རྒྱོབས། ཨེ་གོ་ཐལ།
ཡེ་ཤེས་དཔལ་ཟེར་བས་ད་དུང་ཉོནད་ཅིག
གཞན་གྱི་སྐྱོན་འཚོལ་བ་དང་སྐྱོན་བརྗོད་པར་ཤ་ཐང་ཐང་དུ་བརྩོན་པ་ཧུར་ལེན་མཁན་ཞིག་ལ་ཡར་རྒྱས་འགྲོ་བའི་སྐབས་མེད། དེའི་ཚབ་ཏུ་ཁ་ནང་ལ་འཁོར་ནས་རང་གི་སྐྱོན་ལ་རྟོག རང་ལ་མཛུབ་མོ་ཚུགས། ཆོས་གྲལ་དུ་ཡོད་མཁན་ཞིག་ཡིན་ན། རང་གི་བསླབ་པ་སློབ་གཉེར་ལ་ཤུགས་རྒྱོབས། དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན། དེང་དུས་ཀྱི་སློབ་སྦྱོང་ལ་བརྩོན་པ་བསྐྱེད། སྐད་ཡིག་སྣ་རེ་ཨེ་ཤེས་ལྟོས། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དེ་འདྲའི་ཐོག་ལ་དོ་སྣང་དང་དུས་ཚོད་བཏང་ན་རང་དྲིན་རང་ལ་ཆེ་བ་དང་། བོད་སྤྱི་བའི་རྩ་དོན་ལའང་གང་འཚམ་ཕན་རེ་ཡོད། ང་ཚོའི་སྤྱི་ཚོགས་ནང་གཞན་གྱི་སྐྱོན་བརྗོད་མཁན་མང་དྲགས་མེད་ན་ཉུང་མེད། ཁྱེད་རང་ཡང་དེའི་ནང་གི་གཅིག་རེད། བོད་མིའི་ཕྲག་དོག་དེ་དུག་ཧ་ལ་ནག་པོ་ལས་ལྡབ་སྟོང་འགྱུར་གྱིས་སྡུག་པ་འདུག འདི་ང་ཚོའི་ལས་ཤིག་ཡིན་པ་འདྲ། དགེ་འདུན་ཆོས་འཕེལ་གྱིས་མཚོན་དམ་པ་མང་བོ་རྡོ་ལ་བརྡབས་ཚར་བ་རེད། སྤྲེལ་ཕྲུག་ཚོ། ད་དེ་འདྲ་མ་གནང་། མཚམས་ཞོག རྦད་དེ་མཚམས་ཞོག ཉི་མ་དེ་རིང་ནས། འདུག་ས་དེ་རང་ནས་མཚམས་ཞོག རང་ཉིད་ཡར་རྒྱས་འགྲོ་ཐབས་ལ་བསམ་བློ་མང་ཙམ་ཐོངས། སྐྱོན་བརྗོད་ན་ཁུངས་ལུང་རྒྱུ་མཚན་དང་། ཁྲིམས་ཐོག་ནས་ར་སྤྲོད་འཕེར་བ་དགོས། དེ་མེད་ན་ཕ་རོལ་བོ་དེའི་ལོ་རྒྱུས་དང་རྒྱུ་མཚན་ཡག་པོ་མ་ཤེས་པར་གཞན་ཟེར་རྗེས་འབྲངས་དང་། རི་བོང་ཅལ་འདྲོགས་ཀྱིས་ཡར་མར་ལ་གང་བྱུང་ཁ་མ་གཏོང་། ལར་ནས་གཞན་གྱི་སྐྱོན་བརྗོད་ན་རང་ལ་སྐྱོན་མེད་པ་ཞིག་དགོས་པ་ཡིན་པ་དང་། ལྷག་པར་དུ་བོད་སྤྱི་བའི་རྩ་དོན་ཐོག་དཀའ་ལས་བརྒྱབ་མྱོང་བ་དང་རྒྱག་བཞིན་པ་ཞིག་ལ་སྐྱོན་བརྗོད་འདོད་ན། ཐོག་མར་རང་ཉིད་ཀྱང་བོད་དོན་ལ་དཀའ་ལས་རྒྱག་བཞིན་པ་ཞིག་དང་། བརྒྱབ་མྱོང་མཁན་ཞིག་ཡིན་ན་ད་གཟོད་སྐྱོན་བརྗོད་ན་མཛའ་ལ། འོས་བབ་ཀྱང་ཡོད་པ་ཡིན།
ང་ཚོའི་སྣོད་བཅུད་ཐམས་ཅད་དགྲ་ལག་ཏུ་ཤོར་ནས་མི་ལོ་བཅུ་ཕྲག་ལྔ་ལྷག་འདས་ཟིན་པ་རེད། འཕགས་པ་སྤྱན་རས་གཟིགས་པོ་ཏ་ལའི་གསེར་ཁྲི་ལ་ཞབས་སོར་འཁོད་མ་ཐུབ་པར་ད་དུང་ཕྱག་ཟུང་ཐལ་མོ་སྦྱར་ནས་སྤྲེལ་ཕྲུག་ལས་ངན་ང་ཚོའི་དོན་དུ་སྐུ་ངལ་ཚད་མེད་བཞེས་བཞིན་ད་ནི་དགུང་ལོ་བརྒྱད་ཅུར་ཕེབས་ཚར་བ་འདི་རེད། ད་ང་ཚོས་ནང་ནས་གཅིག་གིས་གཅིག་གི་སྐྱོན་བརྗོད། དམའ་ཕབ། མགོ་མནན། དོན་མེད་འཁྲུག་རྩོད་འཐེན་འཁྱེར་གྱིས། འགྱེལ་བའི་སྒང་ལ་རྡོག་བརྫི་སྙིང་ཚིམ་བྱེད་པའི་དུས་ཚོད་ཅིག་རྩ་བ་ཉིད་ནས་མ་རེད། ལག་པ་བྲང་ཁར་ཞོག་ལ་བསམ་བློ་ཐོངས། ད་ལྟ་ང་ཚོའི་གནས་སྟངས་ནི་དཔེར་ན། རྒྱ་མཚོ་ཆེན་པོའི་ངོས་ན་གཡེང་བཞིན་པའི་གྲུ་གཟིངས་གཅིག་གི་ནང་དུ་ཡོད་པའི་འགྲུལ་བ་དང་འདྲ། རླུང་གི་རྒྱུ་ཕྱོགས་ཤིག་དང་། རླབས་ཀྱི་རྒྱག་ཕྱོགས་ཤིག་གིས་ག་བ་ཞིག་ལ་སྐྱེལ་གྲབས་ཡོད་མེད་ཚོད་མི་ཐིག་པའི་སྐབས་རེད། ཚང་མས་རིག་པ་དྭངས་གསལ་གྱིས་ཁ་ཕྱོགས་མ་ནོར་བ་དང་གོམ་གང་མདུན་དུ་སྤོ་ནའང་གཟབ་གཟབ་བྱས་ནས་སྔ་ཕྱི་རྒྱབ་མདུན་གཡས་གཡོན་ཚང་མར་བསམ་བློ་འཁོར་དགོས་པ་དང་དམིགས་འོག་ཏུ་ཆུད་པ་བྱ་དགོས་པའི་དུས་རེད། འདི་འདྲའི་སྐབས་སུ། བྱས་པ་རྗེས་ཅན་ལ་ཡི་རང་དང་ཡོན་ཏན་ཅན་ལ་བསྔགས་པ་བརྗོད་པར་དཀའ་ངལ་ཡོད་མཁན་ཚོས། སྐྱོན་ལྟར་སྣང་རེ་བཙལ་ཏེ་མི་ཉམ་ཆུང་ལྷག་བསམ་ཅན་ཚོར་ཐུབ་ཚོད་དང་ཁ་རྡུང་བཏང་ན་དེ་ཡ་རབས་ཀྱི་སྤྱོད་པ་ཞིག་གཏན་ནས་མིན། ཁྱེད་རང་གིས་རང་ཉིད་ནི་གཞན་གྱི་སྐྱོན་བརྗོད་ཐུབ་མཁན་དཔའ་བོར་རློམ་ཡང་། འདི་བས་བལྟས་ན་དེ་ནི་གླེན་རྟགས་དང་ཧོལ་རྒྱུགས་ཚ་བོའི་སྤྱོད་པ་ཙམ་ལས་གཞན་ཅི་ཡང་མ་རེད། ཤེས་རབ་དམན་པའི་འདོད་གཏམ་རེད། དེ་སུ་ཡི་གྲོགས་འགྱུར་ངེས་པ་མེད་པ་རེད། གཟབ་གཟབ་ཀྱིས། དེས་ན་ང་ཚོར་དགོས་པ་ནི་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་། རོགས་རམ། ཤ་ཚ་དང་སེམས་ཁུར། སྐུལ་ལྕག་དང་གཞེན་སྐུལ། རྒྱུ་མཚན་ལྡན་པའི་རྡོག་རྩ་གཅིག་སྒྲིལ་བཅས་རེད།
སྤྲེལ་ཕྲུག་ཚོ། ད་ང་ཚོ་སད་རན།
སྤྲེལ་ཕྲུག་ཚོ། མགོ་ཡར་ཁྱོགས་ལ་གནམ་ལ་ལྟོས། དགོང་ཉི་མའི་དྲོད་འཇམ་ཀུན་ལ་སྙོམས།
སྤྲེལ་ཕྲུག་ཚོ། རི་མཐོན་པོའི་རྩེ་ནས་རྒྱང་ལ་ལྟོས། འཛམ་གླིང་འདི་ཧ་ཅང་ཆེན་པོ་ཡིན། བུ་ཁྱོད་ལ་རྩེད་ས་རྒྱུགས་ས་ཡོད།
སྤྲེལ་ཕྲུག་ཚོ། ཁ་ཕྱིར་ལ་འཁོར་ནས་བོད་ལ་ལྟོས། མྱི་གསོན་པོ་མཆོད་མེར་སྒྲོན་ལ་ལྟོས། བོད་ནང་གི་སྡུག་བསྔལ་བསམ་མི་ཁྱབ།
སྤྲེལ་ཕྲུག་ཚོ། རང་ལ་ལྟོས། བུ་ཁྱོད་རང་ཤེས་འཇོན་ཅི་ཡོད་སོམས། ཅང་མེད་ན་ཡར་རྒྱས་གཏོང་རེ་རན། ཁ་བཏང་ནས་འདུག་པའི་ཚོད་མ་རེད།
ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་གདེང་ལ་བརྟེན་ནས་ཕན་ཚུན་སྐྱོན་བརྗོད་དང་ཞེ་ཤ་གཅོད་རེས་བྱེད་པའི་དུས་ཚོད་མིན། སྐད་ཡིག་སྣ་འགའ་ཤེས་པའི་ང་རྒྱལ་ག྄ིས་གནམ་འོག་ལ་མི་ཤོངས་པའི་སྣང་བ་དེ་འཁྲུལ་སྣང་ཡིན། ད་དུང་མ་ཤེས་མི་རྟོགས་པའི་ཤེས་བྱ་ཤིན་ཏུ་མང་བ་། གཏིང་ཟབ་པ་རྒྱ་ཆེ་བ་མང་བོ་ཡོད། གོ་ན་བླ་འགུགས་ཚེ་འགུགས་ཡིན། མ་གོ་ན་ཁྱད་པར་ཅི་ཡང་མེད།
ཞར་ལ། ཉི་མ་དེ་རིང་བར་རིན་ཐང་ཨ་སྒོར་ལ་བརྗེ་བོ་རྒྱག་ས་རེག་མ་སོང་། མིང་དོན་མཚུངས་པའི་སྤྲང་རྒན་ཞིག་ཆགས་བསྡད་ཡོད། གལ་ཏེ་ཁྱེད་རང་གིས་རིན་ཐང་ཨ་སྒོར་ལ་བརྗེ་ས་རེ་ཤེས་ཀྱི་ཡོད་ན། ང་ལ་བརྡ་ཞིག་རྒྱག་རྒྱུ་བརྗེད་མི་ཉན། སྐུ་ཚེ་རིང་རྒྱུ་ཁྱེད།
ང་སྤྲང་རྒན་གྱི་དུས་ཚོད་གསེར་ལས་དཀོན། །མི་ཁྱེད་ལ་སྟོང་གཏམ་ཤོད་ལོང་མེད། །
ཐུན་གསེང་ནས་བྲིས།
ཡེ་ཤེས་དཔལ་ཟེར་བ་ཁྱེད་རང་ཤེས་ཡོན་པ་ངོ་མ་ཡིན་པ་དང་བོད་ཞེན་ཅན་ངོ་མ་ཡིན་ལུགས་ལོ་རྒྱུས་འདིར་ཞོག་དང་། དེ་ནས་ལན་རྒྱག་རིན་ཡོད་མེད་ལ་བལྟ་ཆོག གཞན་ཆོ་མི་འདུག
ཐོས་པ་དགའ་ཡིས་ཨ་མདོ་བས་བྲིས་པ་མ་གོ་བ་མ་རེད། ལུང་སྐད་མ་བྲིས་པས་མ་གོ་བ་རེད། ད་གང་དྲག
དཔེ་ཡག་པོ་བྲིས་གནང་འདུག
དངོས་གནས་ཡག་པོ་ཞིག་བྲིས་འདུག། ཧ་ཅང་གློག་སྤྲོ་བོ་ཞིག་དང་སྙན་པོ་འདུག། མུ་མཐུད་ནས་འབྲི་རོགས་གནང།
ང་ལྟ་བུ་བོད་ཡིག་འབྲི་མི་ཤེས་བ་ཧ་ཅང་ཕན་ཐོག་འདུག། རྒམ་པ་རྣམས་སྐུ་ཚེ་རིང།