ཐེ་བོ་སངས་རྒྱས།
༢༠༢༠་ལོའི་ཟླ་༡༠ཚེས༢༥གཟའ་ཉི་མའི་ཞོགས་པ།
གནམ་ངོ་དཔེ་མེད་ཐང་ནའང་ནམ་ཟླ་ཅུང་ཇེ་འཁྱགས་སུ་སོང་འདུག
“གཟའ་ཉི་མའི་ཞོགས་ཉལ་སྐྱིད་པོ་དེ་ཁྱི་ལྡོམ་ལྟས་ངན་ཀན་ཚོས་དཀྲོག་བཞག་ཐལ་” ཞེས་ངག་ནས་འཁང་ར་ཞིག་རང་བཞིན་གྱིས་ཤོར་ཞིང་། སེང་གེ་ཟིལ་གྱིས་གནོན་པའི་གླལ་སྒྱིང་ཞིག་བྱས། འོན་ཏེ། གཟའ་ཉི་མ་ཡིན་རུང་ཕྱི་ལ་འཁྱམས་ས་ནི་མེད། རྒྱ་ནད་ཀྱི་གྲོག་ཚང་ལྟ་བུའི་དིལླི་དང་། པཎ་ཇབ་སོགས་ཀྱི་མགྲོན་པོས་གོས་ཐུང་བྷ་རྫར་༡ཡང་ཁེངས་པ་མ་ཡིན་ནམ་སྙམ།
ག་ལེར་ཁ་པར་བླངས་ནས་ངོ་དེབ་སྒོ་ཕྱེ་མ་ཐག་ནེའུ་ཡོག་གྲོང་ཁྱེར་དུ་སླེབས་པ་ལྟ་བུའི་སྣང་བ་ཤར།
སྲིད་འཛིན་སྒྲོལ་ནག་ཁྲོམ་དང་རྗོར་བྷའེ་ཌེན་གཉིས་རྐུབ་བཀྱགས་རྩོད་གླེང་མཐའ་མ་དང་། CNNཟེས་ཨན་ཨན་ལས་ཚོུད་༢༤རིང་ཨ་རིར་ནད་པ་གསར་པ་བརྒྱད་ཁྲི་བརྒལ་སྐོར། ཨ་རིའི་སྨན་སྦྱོར་སྡེ་ཚན་ག་གེ་མོའི་ཁོ་ཝིད་༡༩པའི་འགོག་ཁབ་ཚོད་ལྟའི་གནས་ཚུལ།གཞན་ཡང་། ཀུ་ཤུ་བཅུ་གཉིས་པའི་ཁྱད་ངོམ། ཧོ་ལིས་ཝོའུ་ཌིའི་གློག་བརྙན་གསར་པ་ཞིག་ཁྱབ་བསྒྲགས་སོགས་རེད།
ཡང་དྲ་ཟྭ་གཏོར་ནས་སྐད་འཕྲིན་ནང་འཛུལ་ཙ་ན་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་ལྟ་བུ་སྟེ།༼མི་རིགས་མཐུན་སྒྲིལ་རྟགས་མའི་༽དཀྲོལ་ལེན་རྟིང་རྩོད། གེ་སར་རྟ་རྒྱུག་འགྲན་བསྡུར། བག་མ་བཙན་རྫོངས། བྱུ་རུའི་ཁོག་གི་ལྕགས་རྡོ།གཏེར་བཏོན་གྱི་རྫུན་རྐུབ་བརྟོལ་བ། རྒྱ་བླ་དང་རྒྱ་མོའི་གསང་བ། གྲྭ་ཇོའི་ཞབས་བྲོ། རྒྱ་མོའི་མ་ཎི་ལག་འཁོར།མཚན་ལྗོངས་ཀྱི་སྐོར་བྲོ་སོགས་བརྙན་ཐུང་སྣ་ཚོགས་མདོ་དབུས་ཁམས་གསུམ་ནས་སྤེལ་་གྱིན་འདུག
སྐབས་དེར་ངའི་སྒེའུ་ཁུང་དྲ་མིག་དབར་ན་འབུ་སྡོམ་ཞིག་གིས་དྲ་ཐག་འཐག་ཅིང་བྲེལ་བ་ནི། མེཀ་ལོར་ཇུས་གཏོགས་རྐུབ་བཀྱགས་༢སྒོ་བརྒྱབ་ཡོད་མེད་ལ་མ་བལྟོས་པར། དེང་རབས་བོད་ཀྱི་དྲ་འབུ་ཚོས་༢༠༢༡ལོའི་སྲིད་སྤྱི་གསར་པའི་འོས་མིས་མཚོན་པའི་བོད་ཕྱི་ནང་གི་མི་སྣ་རེར་འུད་བསྟོད་དང་། རེ་རེའི་བླ་བཙགས་ནས་ཁོམ་གྱི་མེད་པ་འཁྲབ་སྟོན་དང་ཇི་འདྲའི་འདྲ་ཨང་།
ཟུར་མཆན། ༡རྡ་སའི་མེཀ་ལོར་གྷན་ཇིའི་སྲང་ལམ་གྱི་དབྱིབས་ནི་རྐང་སྣམ་ཞིག་དང་འདྲ་བས་དེ་ལྟར་གྲགས།
༢རྡ་སའི་མེཀ་ལོར་གྷན་ཇིའི་སྲང་ལམ་དུ་བོད་མི་ཚོ་འདུ་འཛོམས་བྱེད་སའི་རྐུབ་བཀྱགས་རིང་པོ་ཞིག་ཡོད་པ་དེའི་མིང་ངོ་།།
སྒེའུ་ཁུང་སྡོམ་ཐག་དྲ་བས་གཡོག་ཚུལ་དེ།།
ཁང་བདག་རྒད་པོར་གཙང་སྦྲ་མེད་པས་རེད།།
རེས་གཟའ་ཉི་མ་ལ་འང་མི་འཆམ་པ།།
ཁ་རས་མ་དགོས་ལག་རས་མེད་པས་རེད།།
ཁྱོད་ནི་གཙང་སྦྲ་ཅན་ཞིག་ཡིན་རྒྱུ་ན།།
སྡོམ་ཐག་དྲ་བས་སྒེའུ་ཁུང་ག་ལ་གཡོག།
ཁ་རས་ལག་རས་གང་རུང་ཡོད་རྒྱུ་ན།།
མྱི་ཚོགས་ནད་ཅན་ཡོད་ནའང་སྐྲག་དོན་མེད།།ཅེས་ཀྱང་བྱའོ།།