ཆང་སྐྱེས།
ཉི་མ་ལ་མོ་བརྒལ་ཏེ་རི་ལ་ནུབ།།
བྱ་ཁྱུའི་གཤོག་འགྱུར་བདེ་མོ་ཐང་ནས་ཡལ།།
མུན་པ་རྫ་ལ་འཐིབས་ཏེ་ས་ལ་ལྷུང་།།
ཟུར་གསུམ་སྙིང་གི་འཕར་ལྡིང་ལག་པས་སྐྱོར།།
མཚམས་སྤྲིན་དམར་པོའི་མཛེས་སྡུག་ཡུན་གྱིས་རྒུད།།
འཁོར་ཡུག་རི་བོ་ཕལ་ཆེར་གཉིད་དུ་ཡེར།།
ཟླ་བ་ཁེར་འགྲོ་མཚན་མོའི་མཁའ་ན་འདུར།།
ས་མཐའི་འཁྱམ་པོ་ཨ་རག་ཆང་གིས་བཟི།།
མཚན་ལྗོངས་རིང་མོའི་ཁ་དབུགས་འཁྱག་ལ་འབྱར།།
སྐར་ཚོགས་མང་བོ་གཙང་བོའི་ཆུ་ལ་ལྕེབ།།
ལོ་མ་ལྡོམ་པོ་རླུང་གིས་རྒྱང་ལ་འཁུར།།
སུན་སྣང་ཕར་ལ་གཡུགས་ཀྱང་འཁོར་ནས་ཡོང་།།
མགོ་བོ་ཡར་ལ་བཅག་སྟེ་རྒྱང་ལ་བལྟས།།
མིག་གི་མཐོང་ལམ་སྐྱོ་གདུང་མཆི་མས་བསྒྲིབས།།
ཨམ་གཙིགས་ཤེད་ཀྱིས་བསྡམས་པའི་ཨུ་ཚུགས་ཀྱིས།།
རང་ཉིད་རང་གིས་འཕུང་བའི་གཞི་ལ་སྦྱར།།
དྲན་གདུང་ཁ་བ་སེམས་ཀྱི་རི་ལ་བབས།།
ཞེན་ཆགས་དམར་པོ་སྙིང་གི་དཀྱིལ་ལ་ཟུག།
མཛུབ་མོ་ནང་ལ་བཀུག་སྟེ་རྩིས་ཤིག་བརྒྱབ།།
མི་ཚེ་འདོམ་གང་ཕྱི་མིག་ཀློང་ན་རྒས།།
དོ་ནུབ་མཚན་ལྗོངས་ཧྲིལ་བོ་སྟོང་ཞིང་འཇགས།།
ནང་སེམས་སྙི་མོ་འདི་ཡང་སྐྱོ་བས་འདར།།
འགྲམ་པ་ལག་པས་སྐྱོར་བའི་བསམ་གཞིག་གིས།།
རང་གིས་རང་ལ་ཕམ་ཁ་ཐེངས་གཅིག་བྱིན།།
ཆང་སྐྱེས། ༢༠༢༢ ༠༢ ༡༢