ཆང་སྐྱེས།
གནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་མོ་ཞིག་སྟེ།།
རྩྭ་ལྗང་ལོ་མ་མཛེས་པའི་གླིང་ཀ་ཞིག་ནས།།
ཉི་མ་དམར་བོའི་འོད་ལ་ཁ་ལག་སྲོ་བཞིན།།
དཔེ་ཀློག་ཅུང་ཙམ་བྱས་པ་ཁེ་བཟང་ཡིན་སོང་།།
དོན་གྱི་སྙིང་བོ་བློ་ཡིས་རྟོགས་པར་དཀའ་ཡང་།།
ཚིག་གི་ངོ་བོ་ཙམ་ཞིག་ཤེས་འདོད་ཆེ་བས།།
རང་གིས་རང་ལ་ཨུ་ཚུགས་སྟོང་གིས་བསྐུལ་ཏེ།།
གང་དུ་སོང་ཡང་དཔེ་ཁུག་རྒྱབ་ལ་འཁུར་ཡོད།།
ཤེས་རིག་བུ་མོ་བག་མར་བསུ་འདོད་ཆེ་ཡང་།།
བློ་གྲོས་རྩལ་གྱི་གཤོག་ཟུང་བག་ལ་ཞ་བས།།
སྨག་རུམ་མུན་པ་སྟུག་པོའི་མྱ་ངན་ཐང་ནས།།
མིག་ཟུང་ལག་པས་བཀབ་སྟེ་སྡོད་དགོས་བྱུང་སོང་།།
འོད་ཀྱི་ལམ་ལ་ཞུགས་པའི་རྒོད་པོ་དག་གིས།།
སྤྲིན་དཀར་བང་རིམ་བརྟོལ་ཏེ་མཁའ་ལ་འཕུར་དུས།།
གཤོག་སྒྲོ་ཐང་ལ་འབྱར་བའི་བྱེའུ་ཆུང་ངས་ཀྱང་།།
མཐོན་པོ་དགུང་གི་གནམ་འཕང་བསྟད་ན་བསམ་བྱུང་།།
ཁོ་བོའི་རིག་པའི་སྒོ་མོ་ཧ་ཅང་དོག་རུང་།།
སེམས་ཀྱི་བུ་ཆུང་བརྩོན་འགྲུས་ལྕག་གིས་སྐུལ་ཚེ།།
ལོ་དང་ཟླ་བ་མཐུད་པའི་སྣེ་་མོ་ཞིག་ན།།
བདེ་མོ་ཐང་ཞིག་ཡོད་པའི་འཕྲུལ་སྣང་སྐྱེས་བྱུང་།།
ལག་འགོའི་དུས་ཚོད་འཁོར་ལོའི་ཐག་སྒྲའི་བར་ནས།།
ལས་གསེང་ཐུང་ཐུང་ཇ་ཡུན་ཙམ་གྱིས་རྫོགས་ཐལ།།
རང་ཉིད་གཞན་ལ་དབང་བའི་ས་མཐའི་ཡུལ་ན།།
འོང་ཤ་ས་ལ་འཕངས་ཏེ་སྡོད་དབང་མི་འདུག།
༢༠༢༡ ༡༠ ༠༤ ལས་གསེང་བར་ནས།