བོད། ལྷ་ཀླུ་གཉན་གསུམ།
ང་རང་བོད་མི་ཞིག་ཡིན་དུས། བོད་དོན་ཟེར་ན་རེད། བོད་མི་རིགས་ཀྱི་འཆི་གསོན་ཟེར་ན་རེད། སྐད་ཡིག་གི་རང་དབང་ཟེར་ན་རེད། མི་རིགས་ཤིག་གི་བླ་སྲོག་ཟེར་ན་འགྲིག དེ་ཉིད་མེད་པར་བཟོ་འདོད་ཀྱི་སྲིད་གཞུང་ངན་པ་དེ་ཡི་ཁ་གཏད་དུ་བླངས་བཞིན་པའི་ལང་ཚོའི་འདབས་ལག་རྒྱས་བཞིན་པའི་གཞོན་ནུ་ཕོ་མོ་དེ་དག་ཆེད་དུ་སེམས་ཁྲལ་ཆེ་ཆེར་སོང་།
སྤྱིར་ན་འགྲོ་བ་མི་ཟེར་བ་འདི་ལ་བཤད་ཤེས་པ་དང་། ཉན་ཤེས་པ་གཉིས་ཀྱི་ཁྱད་ཆོས་ཡོད་པ་ཡིན་དུས། ཉན་ཤེས་མཁན་གྱི་སྲིད་གཞུང་ཞིག་ལ། བཤད་འཕོད་མཁན་གྱི་མི་མང་ཞིག་གིས་རང་གི་སྐྱིད་སྡུག་གང་ཡིན་ཡང་ཞུས་ཀྱང་ཆོག་ལ། ཞུ་བའི་ཐོབ་ཐང་དང་བདག་དབང་ཡང་མི་རིགས་གཞན་དག་དང་འདྲ་མཚུངས་ཀྱི་ཡོད་པ་རེད། འོན་ཀྱང་། ད་སྐབས་བོད་ཡུལ་མདོ་སྨད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བཤད་འཕོད་པའི་སྙིང་སྟོབས། མི་རིགས་འདྲ་མཉམ་གྱི་བདག་དབང་སྐད་ཡིག་གི་རང་དབང་སློང་བཞིན་པའི་སློབ་མ་དེ་དག་གི་ཁ་གཏད་སའི་སྲིད་གཞུང་དེ་ནི། མི་མང་གིས་བསམ་སྐུལ་ཉན་ཤེས་མཁན་གྱི་སྲིད་གཞུང་དེ་ཆགས་མེད་པ་ཡིན་དུས། ང་ལ་སེམས་ཁྲལ་ཆེ་ཆེར་སོང་།
སེམས་ཁྲལ་དེ་ཡང་སློབ་ཕྲུག་རེ་རེ། བོད་ཁུལ་ནས་འཚར་བའི་བོད་མི་ཡིན་ལ། བོད་མི་རིགས་ཀྱི་མ་འོངས་འཆི་གསོན་གྱི་ལག་རྟེན་ལྟ་བུ་ཡིན་དུས། སྲིད་གཞུང་ངན་པ་དེ་ཡིས་ལག་རྟེན་དེ་དག་ལ་གས་ཁ་རེ་གཏོང་བར་སེམས་ཁྲལ་འདུག་ལ། དེ་དག་གི་བླ་སྲོག་ལ་ནུས་པ་མེད་པ་ནས། བེད་སྤྱོད་མེད་པར་གཏོང་མི་ཡོང་ངམ་བསམ་ནས་སེམས་ཁྲལ་འདུག ཁོང་ཚོས་སྲིད་གཞུང་དེར་ཞུས་པ་ནི། སྐད་ཆ་ཞིག་ཡིན་ལ། བདེན་པ་ཞིག་ཀྱང་ཡིན་མོད། འོན་ཀྱང་། སྲིད་གཞུང་དེས་ཕྱིར་ལན་ཞིག་སྤྲོད་པ་དེ་ནི་སྐད་ཆ་ཞིག་ཡིན་མིན་དེ་ལ་སེམས་ཁྲལ་འདུག་ལ། བདེན་པ་ཞིག་ཆགས་མིན་ལ་དེ་བས་ཀྱང་སེམས་ཁྲལ་འདུག
མཐར་ཐུག་ན། ཁོང་ཚོས་རང་དབང་གི་འབོད་སྒྲ་དེ་ཡིས། ཁོང་ཚོ་དང་འདྲ་བའི་བོད་ཁུལ་གྱི་སློབ་མ་ཡོངས་ཀྱི་བོད་ཀྱི་སྐད་ཡིག་གི་བདག་དབང་ཉམས་ནས། ནམ་ཞིག་རང་ཉིད་བོད་པ་ཡིན་ཟེར་དུས། ང་བོད་པ་ཡིན་ཟེར་ནས་རྒྱའི་སྐད་ནས་བཤད་དེ་འོང་མི་ཡོང་ངམ་སྙམ་ན་ལྷག་དུ་སེམས་ཁྲལ་འདུག ད་ལྟ་མཆེད་བཞིན་པ་དེ་ནི་མི་ལྕེ་ཞིག་ཡིན་སྲིད་ཀྱང་། རྗེས་སུ་ང་ཚོས་མཐོང་སྲིད་པ་དེ་ནི་གང་ཞིག་ལ་འགྱུར་འགྲོ་བསམ་ན། ང་ཉི་མ་འདི་ཚོ་སེམས་ཁྲལ་ཆེ་ཆེར་སོང་། རང་ཉིད་བོད་མི་ཡིན་པས་བོད་ཀྱི་སོན་རྩ་དེ་དག་གི་ཆེད་དུ་བསམ་བློ་བཏང་། གང་ལྟར། ང་ཚོ་ཕྱི་བསྡོད་པ་དག་གིས་སྐད་ཆ་བཤད་ཤེས་ན་ཡག་གི ལས་འགུལ་སྤེལ་ཤེས་ན་བཟང་གི གདུང་སེམས་མཉམ་བསྐྱེད་བྱེད་སྟངས་ནོར་མི་ཉན་གི
སྐད་ཆ་སྣ་ཚོགས་བཤད་ཀྱང་ཆོག་ལ། ཁྱབ་བསྒྲགས་སྣ་ཚོགས་བྱས་ཀྱང་ཆོག
འོན་ཀྱང་། གནས་སྟངས་འདི་ཆབ་སྲིད་ཀྱི་ངོ་བོར་མི་བསྒྱུར་རྒྱུ་ནི་བྱེས་འབྱོར་བ་ཡོངས་ཀྱི་ལས་འགན་ཡིན་པར་འདོད།
ང་ཚོས་ཕྱི་ནས་རང་དབང་བེད་སྤྱོད་གཏོང་ཤེས་དང་། སྐད་ཆ་བཤད་ཤེས་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་པོ་རེད། ཡིན་ཡང་། ཁོང་ཚོས་ལས་འགུལ་དེ་ནི་བདེན་པ་བརྩད་ཀྱང་། བདེན་པ་དེ་ཡིས་ཁོང་ཚོ་གང་དུ་ཁྲིད་མིན་དེ་ཡི་ཕྱོགས་སུ་སེམས་ཁྲལ་འདུག དངོས་ནས་སེམས་ཁྲལ་ཡོད་ཀི