གཅན་འོད་འབར།
སུ་ལ་ཡང་འབྲེལ་འདྲིས་མ་བྱས་པའི་ཉིན་མོ་དེ་དག
མིག་ཆུ་གཙང་བོར་བཞུད་པའི་དུས་ཡིན།
གང་གིས་ཀྱང་ཁ་ཡ་མ་བྱས་པའི་མཚན་མོ་དེ་དག
ཤུ་རིང་རླུང་དུ་བསྐྱོད་པའི་དུས་ཡིན།
ཤ་ཁྲག་རུས་གསུམ་འཁྱག་ལ་འབྱར་པའི་ཉིན་མོ།
སྐྱོ་བའི་གདུང་བ་དབྱངས་སུ་བཀུག་པའི་མཚན་མོ།
སུ་ཞིག་གི་སེམས་པའི་ཀློང་ནས་བོར་ཞིང།
གང་ཞིག་གི་དྲན་པའི་གསེབ་ལ་བཏབས་པའི་ཕྱིར་དྲན་གྱི་ལོ་ཟླ་སྐྱ་མོ།
ཅི་ཞིག་ཀྱང་བརྗོད་མི་འདོད་པའི་ཉིན་མོ་འདི་དག
ཚེ་སྲོག་བླ་ཆེན་ཞིག་མེ་རུ་འབར་བའི་དུས་ཡིན།
གང་ཞིག་ཀྱང་སེམས་མི་སྙམ་པའི་མཚན་མོ་འདི་དག།
སྐར་མ་འོད་ཆེན་ཞིག་ས་ལ་ལྷུང་བའི་དུས་ཡིན།
ཡིད་སེམས་མཆི་མས་བརླན་པའི་ཉིན་མོ་འདི་དག
བྲང་གཞུང་ན་ཚས་གཅུན་པའི་མཚན་མོ་འདི་དག
སུ་དང་གང་གི་ངག་ཆད་ཅིང།
སུ་དང་གང་ཡང་གཉིད་མི་ཡོང་བའི་དུས་ཚིགས་ཡིན།
རྨ་ཁ་མང་པའི་ཉིན་མཚན་དེ་དག
ན་ཟུག་དྲག་པའི་ཉིན་མཚན་འདི་དག
ཉིན་མཚན་དེ་དག་དང་འདི་དག་ནི།
ཁྱོད་ཚོས་གླེང་མི་ཆོག་པའི་གཏམ་རྒྱུད་ཡིན་ལ།
ང་ཚོས་བྲིས་མི་ཚར་བའི་སྙན་ངག་ཡིན།
༢༠༡༢།༡༠།༢༣
ཡག་པོ་ཞིག་བྲིས་གནང་འདུག
ཐུགས་རྗེ་ཆེ།ཚ་སོབ་སོབ་ཀྱི་སྙན་ངག་འདི་ཁྱོད་ཀྱིས་བདག་གི་གློ་སྙིང་རྐུས་ཏེ་བྲིས་བ་དང་འདྲ། བདག་གིས་ཁ་བརྡ་དྲ་་ཚིགས་ནས་སྙན་ངག་འདི་ལྟ་བུ་ཞིག་མཐོང་བ་དང་པོ་ཡིན།
རྣམ་པ་གཉིས་ཕེབས་པར་སྙིང་ནས་དགའ་བསུ་ཞུ།