མིག་གསུམ་པ། (ལྡི་ལི)
ཉིན་འདི་ཚོར
མེ་ལྕེ་ཡི་ཀློང་ན་མངོན་བཞིན་པ་དེ་དག་མི་གཟུགས་ཤིག
ཕྱོགས་བཞི་ཡི་རླུང་ལས་ཚོར་བཞིན་པ་དེ་དག་བསྲེགས་དྲི་ཞིག
ཉིན་འདི་ཚོར
རྣ་བ་ཡོད་ཀྱང་ཉན་མི་ཤེས་པའི་མ་ཉན་རོགས
མིག་ཟུང་ཡོད་ཀྱང་ལྟ་མི་ཤེས་པའི་མ་ལྟ་རོགས
བླ་ན་མེད་པའི་རིན་ཐང་གི་འབོད་སྒྲ་ཇོ་མོ་གླིང་མའི་དབུ་ནས་མཆེད་འདུག
ཕུང་ཁམས་གསོ་བའི་ཟུངས་ཁྲག་གི་དྭངས་མ་མཚོ་ཆུང་ནོར་བུའི་གཏིང་ལ་བཞུར་སོང་
ཉིན་འདི་ཚོར
ཚེ་སྲོག་དང་མཚོན་ཆ་འཐབ་པའི་བར་གསེང་ནས
ངས་ བསམ་གཞིགས་སྟོང་ཕྲག་གི་སྒོ་མོ་ཕྱེས་སྟེ
རྩ་བ་དང་རྩེ་མོ སྙིང་པོ་དང་ཉིང་བཅུད་འཚོལ་དུས
ཕ་ས་མ་མོའི་བྲང་མགོའི་ཚིལ་ལུར་རེ་འདུག ཨ་མ་སྒྲོལ་མ་དཀར་མོའི་བྱམས་བརྩེ་མཁོ་འདུག
ཉིན་འདི་ཚོར
བསྲེགས་དྲི་ཐུལ་བའི་རླུང་བུ་འདིའི་ཁྲོད་དུ
མེ་དང་མཚོན་ཆའི་བར་གསེང་གི་མི་བུ་དག་དྲན་དུས
བདག་གི་སེམས་པ་དེ་གྲང་རེག་གིས་གཟུར་ཀྱིན་འདུག
བདག་གི་མིག་ཟུང་གི་མཆུ་མ་དེ་སྐམ་གྱིན་འདུག
མིག་གསུམ་པ་ལགས
ངས་བསམ་ན་དེ་ལྟར་མ་རེད་འདོད་གི
ཉིན་འདི་ཚོར
རྣ་བ་མེད་ཀྱང་རྐང་པས་ཉན་དགོས
མིག་ཟུང་མེད་ཀྱང་ལག་པས་ལྟ་དགོས
རྐང་པ་མེད་ཀྱང་ཚང་ར་བཙུགས་དགོས
ལག་པ་མེད་ཀྱང་མགོ་ཡིས་འཛིན་དགོས་པའི་དུས་ཚིགས་ཤིག་རེད་སྙམ།