ཨ་འདུས་མིག་ཆུ།
འདོད་རྔམ་མེ་ཆེན་ཤུགས་ཀྱིས་འབར་བའི་ཀློང་རིམ་ཞིག་ན་རྩི་ཤིང་ཡུན་གྱིས་བསྐམས་པ་དང་།།
དྲག་འཐབ་གཡུལ་གྱི་འཚུབ་རླུང་ཁྲོད་ན་འགྲོ་མིའི་ཚེ་སྲོག་དོན་མེད་ཤོར་ནས་འགྲོ་བའི་དུས།།
འགྲོ་བ་དང་ནི་ཁོར་ཡུག་ཀུན་ལ་རྟེན་འབྲེལ་གཤིས་ཀྱིས་དམ་དུ་འཆིང་བ་ལེགས་གཟིགས་པའི།།
ས་ཆེན་འོད་ཀྱིས་ཁྱབ་པར་མཛད་མཁས་འགྲོ་བའི་མིག་གཅིག་མགོན་པོ་གང་ཉིད་འཁྲུངས་པར་གྱུར།།
མ་རིག་མུན་པའི་གོས་ནག་འོག་ན་སྡུག་བསྔལ་དྲག་པོས་གཟིར་བའི་ཉམ་ཆུང་འགྲོ་བ་དང་།།
ཞེ་སྡང་མེ་ཆེན་རླབས་ཀྱིས་མཆེད་པའི་གོ་ལའི་སྟེང་ན་མཐུན་སྒྲིལ་མར་ལོ་བཞུར་བའི་དུས།།
སེམས་ཀྱི་བདེ་བ་ཞི་བདེའི་འོད་སྣང་དབྱིངས་སུ་འདེགས་པའི་ཟླ་བའི་མདངས་ལྡན་རིན་ཆེན་ནོར།།
འགྲོ་མའི་སྙིང་གི་ཐིག་ལེར་གྱུར་ཞིང་མཐུན་སྒྲིལ་དེད་དཔོན་རྒྱལ་བ་མཆོག་དེ་བཞད་པར་གྱུར།།
རང་བདེའི་ཁོ་ནའི་རང་གཅེས་འོག་ན་ཉམ་ཆུང་དུད་འགྲོའི་ཁྲག་གི་བཞུར་རྒྱུན་འཇོ་བ་དང་།།
ཆོས་ལུགས་ཁ་གཡར་རང་འདོད་སྒྲུབ་དུས་ཕན་ཚུན་བརྩི་བཀུར་བརྩད་ནས་ཆད་པར་གྱུར་བའི་དུས།།
ཀུན་ལ་སྙོམ་ཞིང་ཀུན་གྱི་ཚེ་སྲོག་གཅེས་པར་འཛིན་པའི་གངས་རིའི་རྩེ་ཡི་ཉི་གཞོན་དེ།།
ཤར་ཕྱོགས་ལྟག་མཚེར་ཉི་མའི་གྲོང་ནས་འོད་བརྒྱ་འབྱེད་བཞིན་ཤར་ནས་འོང་།།
རང་རེའི་རིགས་ཀྱི་སྲོག་གི་དབང་པོ་སྐད་དང་ཡི་གེའི་རྒྱུ་བ་ཆད་ལ་ཉེ་བ་དང་།།
མི་རིགས་གང་དེའི་རིག་གནས་སྙིང་བཅུད་ནང་བསྟན་ཆོས་ཀྱང་འཇིག་ལ་ཉེ་བར་རྩོམ་པ་ན།།
ནད་བརྒྱའི་སྡུག་གི་མུན་པ་སེལ་ལ་བསམ་བཞིན་ཕེབས་པའི་ལྷ་རྗེ་ལྟ་བུའི་གངས་རིའི་མགོན།།
ལྷ་མོ་དོན་གྲུབ་ཉི་གཞོན་ཇི་བཞིན་གངས་རིའི་ཁྱིམ་ན་གཟི་འོད་དང་བཅས་འབར་བར་གྱུར།།
བརླན་གཤེར་འབབ་ལྡན་ཆུ་ཕྲན་མེད་ན་སྔོ་ལྗང་ལོ་མའི་མཛེས་པའི་སྣང་བ་ཇི་ལྟར་ཐོན།།
དྲོད་འཇམ་ཉི་མའི་གཟི་འོད་མེད་ན་འདབ་བརྒྱའི་བདག་པོ་ཆུ་སྐྱེས་འཛུམ་ཞལ་ཇི་ལྟར་བཞད།།
ཞི་བདེ་གཉེན་དང་འགྲོ་བའི་མགོན་པོ་གངས་ཅན་མིག་གཅིག་རྒྱལ་མཆོག་གང་ཉིད་མ་འཁྲུངས་ཚེ།།
སྡུག་གི་མུན་པའི་ཀློང་རུམ་ཞིག་ནས་འགྲོ་ཀུན་བདེ་བའི་དུས་ཤིག་ཡོད་པ་ཇི་ལྟར་གཞལ།།
དཔྱོད་པའི་ཤེས་རབ་གཏན་དུ་བྲལ་བའི་བླུན་པོ་དག་གི་སྨྱུ་གུ་ཕྲ་མོའི་རྩེ་མོ་ནས།།
ཉིད་ཀྱི་སྐུ་ལ་ཤིན་ཏུ་རྒོལ་སྙམ་རྨོངས་པའི་བཟི་གཏམ་ཐོལ་གྱིས་བཞུར་ནས་འོང་ན་ཡང་།།
ཉི་འོད་མ་མཐོང་མུན་པ་འགྲིམ་པའི་ཐན་ལྟས་ངན་པ་འུག་པའི་བྱ་ཡི་ཚོགས་རྣམས་ཀྱིས།།
འོད་ཀྱི་སྣང་བའི་བདག་པོར་གྱུར་བ་ཉི་མ་གང་གི་ཡོན་ཏན་བཟང་ངན་ཇི་ལྟར་འབྱེད།།
མགོན་པོ་ཁྱེད་ནི་འཁྲུངས་ནས་འོང་བ་ཉི་མའི་མདངས་ཀྱིས་གཞལ་དུ་ཡོད་པ་མ་ཡིན་ལ།།
ཟླ་བའི་འོད་ཀྱི་ཟེར་བརྒྱ་དེ་ཡིས་ཉིད་ཀྱི་གཟི་བྱིན་འགྲན་དུ་བཟོད་པ་མ་མཆིས་སྐད།།
དེ་ལྟར་འགྲོ་ཀུན་མུན་པ་སེལ་ཞིང་སྡུག་གི་ཚ་ཟེར་ཡོངས་སུ་འཇོམས་པའི་རྒྱལ་བ་མཆོག།
ས་ཆེན་ཕང་བར་འཁྲུངས་པའི་ཉིན་འདིར་དགའ་བ་སྟོང་གིས་བསུ་མའི་ཕྱག་གསུམ་འཚལ་ནས་ཡོད།།
མིག་གི་དབང་པོ་ཉམས་པར་གྱུར་ནས་གཏན་དུ་མུན་པར་གནས་པའི་དུས་ཤིག་ཤར་ན་ཡང་།།
འོད་གསལ་སེམས་ཀྱི་མེ་ལོང་ངོས་ནས་རྒྱལ་མཆོག་སྐུ་ཉིད་གཏན་དུ་ཡལ་བ་མི་སྲིད་ལ།།
གང་སྐུ་ལྷུན་པོ་གཏན་དུ་གནས་པའི་ཕན་པ་འབའ་ཞིག་སྲིད་པའི་སྐལ་བ་ལྡན་གྱུར་ན།།
རིན་ཚེ་སྲོག་གཏོང་དགོས་ཐུག་ཀྱང་འགྱོད་པ་མེད་དོ་ང་ཡི་བླ་མ་བརྩེ་བླ་མ་མཆོག།
བདག་ཏུ་མ་བཟུང་གཙང་ཞིང་དག་པའི་རྫ་ཆུ་བསིལ་མས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།
ཡིད་ལ་རབ་མཛེས་དྲི་མས་མ་གོས་རྩྭ་ཐང་མེ་ཏོག་དག་གིས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།
དབྱངས་སྙན་འགྱུར་ཡོངས་སུ་རྫོགས་པ་ཁུ་བྱུག་གླུ་ཡིས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།
འགྱུར་དུ་མེད་ལ་གཙང་ཞིང་དག་པའི་དད་འདུན་གཙང་མས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།
གངས་རི། སྤང་ལྗོངས། མེ་ཏོག ངས་མཐོང་བའི་ཡུལ་ལྗོངས་འདི་ཤིན་ཏུ་མཛེས་ཨང་།
ཚིག་སྦྱོར། ཉམས་འགྱུར། འགུག་ཤུགས། ངས་བཀླགས་པའི་སྙན་ངག་འདི་ཤིན་ཏུ་སྙན་ཨང་།
ཐུགས་རྗེ་ཆེ་ཞུ་བ་ཡིན།