ཉེ་བོ་ཞིག་འདས་གྲོངས།
༡
ཕ་ཡུལ་དུ་ངའི་ཨ་ཞང་ཞིག་གི་བཟའ་ཟླ་ལོ་༧༨ཅན་དེ་ཕྱི་མའི་ཡུལ་ལ་གཤེགས་འདུག དེའི་དོན་དུ་ མ་ཎི་པདྨེ་།
༢
ཕ་རེ་སི་ནས་ངའི་ཕ་སྤུན་གྱི་སྤུན་མཆེད་ཅིག་ནས་ཁ་པར་བཏང་ཡོང་སྟེ་ཁོང་རྒྱ་གར་ལ་ཨ་མའི་ཆེད་འདས་མཆོད་བྱེད་དུ་འགྲོ་གི་ཡིན་ཟེར། ངས་ཁྱེད་རང་འགྲོ་དགོས་ཀྱི་ཨེ་ཡོད། སྒོར་མོ་བསྐུར་པ་ཡིན་ན་འགྲིག་གི་མ་རེད་དམ་ཞེས་ལབ་པ་ཡིན་ཡང་། ཁོང་ནས་ངེས་པར་འགྲོ་གི་ཡིན་སེམས་པ་སྐྱིད་པོ་མི་འདུག་ཟེར། ང་ཚོའི་བོད་ཀྱི་གོམས་སྲོལ་ལ་མིའི་གྲོང་ཚར་བའི་རྗེས་སུ་འདས་མཆོད་རྒྱ་ཆེན་པོ་བྱེད་པ་དེ་འདས་པོའི་དགེ་རྩར་དམིགས་པའི་བྱ་བ་ཡག་པོ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཡིན་ན་ཡང་། ཤི་ཚར་བའི་རྗེས་ཀྱི་དགེ་རྩ་དེས་དོན་དངོས་སུ་ཤི་བོའི་རྣམ་ཤེས་ལ་ཕན་ཐོགས་ཀྱི་ཡོད་དམ། ཕན་ཐོགས་ཀྱི་ཡོད་ན་ཇི་ལྟར་ཕན་ཐོགས་ཀྱི་ཡོད། དེའི་འབྲེལ་བ་དེ་རྒྱས་བཤད་ཅིག་གནང་རོགས་གནང་། མྱི་སྙིང་རྗེ་ཅན་ཞིག་ནས།
༣
གལ་སྲིད་ང་ཤི་བ་ཡིན་ན་ང་ལ་འདས་མཆོད་ཅི་ཡང་བྱེད་མི་དགོས། ང་མ་ཤི་སྔོན་ལ་རྟེན་འབྲེལ་བསྟོད་པའམ་ཤེས་རབ་སྙིང་པོ་གཉིས་ལས་གཅིག་ངའི་རྣ་ལམ་དུ་སྒྲོགས་ཞེས་ངའི་བཟའ་ཟླར་བཤད་པ་ཡིན་ཡང་། མོ་དེའི་སྐོར་ཁ྄་ཏ་མདའ་རེད། གང་ཡང་ཤེས་ཀྱི་མི་འདུག ཁྱེད་རང་གིས་དེ་ཚོ་སྒྲ་ལེན་ཤོག་དང་ངས་གཏོང་ཆོག་ཟེར།
༤
གཟའ་ཉི་མར་ངའི་ཕ་ཡུལ་ལ་ཁ་པར་འགའ་ཤས་པཏང་བ་ཡིན། སྔོན་མ་རྣམས་དང་མི་འདྲ་བར་ད་ཐེངས་ཁ་པར་གཉིས་ལ་མཐུད་ཐུབ་སོང་། རྗེས་མ་དེ་ངའི་སྤུན་མཆེད་དང་མཉམ་དུ་ཡང་སྐྱར་ཤི་བོའི་སྐོར་གླེང་། ངས་ས་བསལ་ཡོད་པ་རེད་དམ་དྲིས་པར། ས་ད་རུང་བསལ་མེད། ཉིན་བརྒྱད་ཀྱི་རྗེས་ནས་མིན་གི་སྐར་མ་ཡག་པོ་མེད་ཀི་ཟེར། ངས་ཨ་ཧ་ཨ་ཧ། ད་ཕུང་བོ་ཇི་ལྟར་གཙང་མ་ཉར་གི་ཡོད་རེད་དྲིས་པར། ཆུ་སོགས་གཏོར་གི་ཡོད་རེད་ཟེར། ཡང་ང་ལ་སེམས་ཁྲལ་འཕར་མ་ཞིལ་ལངས་སོང་། སྐར་མར་ལྟ་བའི་ང་ཚོའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་འདིའི་རྒྱབ་ལོགས་སུ་མདོར་དེད་ན་གནས་ལུགས་དང་རྒྱུ་མཚན་ལོ་རགྱུས་གང་འདྲ་ཞིག་ཡོད་དམ།
༥
དེ་ནས་ངས། ཨ་སྐྱེས་སྨན། རྗེས་མ་ང་ཤི་དུས་སྐར་མ་དེ་འདྲ་བལྟ་མི་དགོས ནམ་ཤི་ན་ནམ་རོ་བསྲེག་ཤོག ལབ་པ་ཡིན།
གྲངས་ཉུང་མི་རིགས་ཀྱི་སློབ་མ་པེ་ཅིང་དུ་སྡོད་མ་བཅུག་པ།
ངའི་སྤུན་མཆེད་ལ་ཁ་བརྡ་བྱས་ཚར་རྗེས་ད་ལྟ་པེ་ཅིང་ལ་ཁྲིམས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་ཁོའི་བུ་མོར་ཁ་བརྡ་བྱས་པ་ཡིན། ངས་སྔོན་ཞིག་ལ་མོའི་སློབ་གྲ྄་ནང་གི་སློབ་མ་ཚང་མ་ཨོ་ལིམ་ཕིག་སྐབས་དེར་སྡོད་ཀྱི་ཡོད་པའི་གནས་ཚུལ་གོ་བས། ཁྱེད་རང་ཕ་ཡུལ་ལ་ཅིའི་ཕྱིར་ཡོང་པ་ཡིན་ཞེས་དྲིས་པར། མོས་ངེད་ཚོ་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཅིག་ཀྱང་བསྡད་བཅུག་མ་སོང་ཟེར།
དུས་བབ་གསར་ཤོག
ཁ་སང། ཕ་ཡུལ་གྱི་བོད་ཁུག་དུ་མ་ཞིག་ནང་འཆམ་ཕྱིན་པ་ཡིན། དེའི་རྗེས་ཁ་བརྡ་ཚང་ལ་ཕྱིན། ཨ་རོགས་ཚང་། ཨ་རོགས་ཚང་ཟེར་ནས་ཐེངས་ཁ་ཤས་བོས་ཀྱང་སུ་གང་བསྡད་མི་འདུག དེ་ནས་དུས་བབ་ཚང་ལ་གཅིག་ལྟ་བར་ཕྱིན་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་ཚོས་ཁང་པ་ཆེན་པོ་ཞིག་གསར་རྒྱག་བྱས་འདུག ནང་དུ་ཁང་མིག་ཡང་མང་པོ་འདུག བཟོ་བཀོད་ཀྱང་མཛེས། ཡིན་ཡང་ནང་གི་རྩིག་པར་འགྱུར་བ་ཆེན་པོ་ཕྱིན་མི་འདུག མགྲོན་ཁང་ཐལ་བ་ཞིག་ཀྱང་འདུག་པས་མ་འོངས་པར་མགྲོན་པོ་མང་པོ་ཡོང་ས་རེད་བསམ། ང་ནང་ལ་ཕྱིན་མེད། ཕྱི་ནས་གཅིག་བལྟས་པ་ཙམ་ཡིན།
ཁྱེད་ཀྱིས་དངོས་གནས་གང་ཞིག་ཤོད་རྩིས་ཡོད་མེད་ངས་མི་ཤེས། ཚིག་གི་དངོས་བསྟན་བཞིན་གོ་བ་བླངས་ནས་ཁྱེད་ལ་སྐད་ཆ་འགའ་ཤོད་འདོད་བྱུང༌། སྤྱིར་བཏང་ཡུལ་ལུང་དང་མི་རིགས་གང་ཞིག་ཡིན་ཡང་རང་རང་གི་ལུགས་སྲོལ་བཞིན་གཤིན་པོའི་འདས་མཆོད་དམ་གཤིན་ཆོག་བྱེད་སྲོལ་ཡོད་མོད། རང་རེ་བོད་ཡུལ་ལུང་འགར་ལུགས་སྲོལ་རྒྱས་སྤྲོས་ཆེ་དྲགས་སྟབས་མི་གྲོངས་པའི་སྡུག་བསྔལ་གྱི་སྟེང་དུ་གཤིན་ཆོས་བྱེད་པའི་ལས་ཀ་དེ་བསྒྲུབ་མི་ཐུབ་པའི་སྡུག་བསྔལ་ཉིས་བརྩེགས་ཀྱིས་མནན་པ་ཞིག་ཏུ་གྲུབ་སྟབས་ངས་འདི་ལུགས་སྲོལ་ལེགས་པོ་ཞིག་ཏུ་སེམས་བཞིན་མེད། རྗེ་བཙུན་མི་ལ་ལ་ཕྱི་གངས་རར་གཤེགས་སྐབས་ཤིག་ལ་སྦྱིན་བདག་ཚོས་རྗེ་བཙུན་འདས་སོང་བར་སེམས་ནས་བདུན་ཚིགས་བསྒྲུབས་པ་ལ་རྗེས་སུ་རྗེ་བཙུན་དང་མཇལ་སྐབས་རྗེ་བཙུན་གྱིས་ཞལ་ནས་ཁྱེད་ཚོས་བདུན་ཚིགས་བསྒྲུབས་བཞིན་ཡོད་པའི་སྐབས་དེར་ང་ལ་ཟས་སྣ་མང་པོ་འདྲེན་པའི་ཉམས་སྣང་བྱུང་བས་གཤིན་ཆོག་བསྒྲུབ་པ་འདིས་ཀྱང་བར་དོར་ཕན་ཅུང་ཟད་རེ་ཐོགས་པ་འདྲ་ཞེས་གསུངས་ཚུལ་ཞིག་ཡོད་པས་ལྷག་བསམ་རྣམ་པར་དག་པས་བསྒྲུབས་པའི་དགེ་རྩ་ཞིག་ཡིན་ཕྱིན་ཆེ་ཆུང་ལ་མ་ལྟོས་པར་གཤིན་པོར་ཕན་པ་གཏན་ནས་མེད་ཅེས་ཀྱང་ཤོད་ག་ལ་ནུས། འོན་ཀྱང་ཨོ་རྒྱན་རིན་པོ་ཆེའི་གསུངས་ཞིག་ཏུ། མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །ཞེས་གསུངས་ཡོད་པ་བཞིན་གཤིན་ཆོག་དེ་ཚོས་ཕན་ཐོགས་ཧ་ཅང་གི་དཀའ་བར་སེམས། ལྷག་པར་ཡང་དེང་དུས་ཀྱི་རང་རེས་སྒྲུབ་དགོས་པའི་གཤིན་ཆོག་དེ་ཕལ་ཆེར་ཡུལ་གྱི་ལུགས་སྲོལ་དུ་གྲུབ་པས་མ་བསསྒྲུབ་ན་མིའི་གཏམ་ངན་འོངས་དོགས་ལ་འཇིགས་པ་དང༌། ཁྱིམ་ཚང་དེ་ཚང་གིས་འདི་བསྒྲུབས་སོང་ཟེར་བའི་གཏམ་སྙན་གྱི་ཆེད་དུ་བསྒྲུབས་པ་སོགས་ཀྱང་ཡོད་སྟབས་ཆོས་རྣམ་དག་ཅིག་ཏུ་འགྱུར་བ་ཧ་ཅང་ཉུང་སྙམ། ད་དུང་འདིའི་སྐོར་ལ་ཤོད་འདོད་པ་ཧ་ཅང་མང་པོ་ཞིག་ཡོད་ཀྱང་མི་ཁོམས་པའི་གཞན་དབང་དུ་གྱུར་སྟབས་འདིར་མཚམས་འཇོག་བྱེད།