ཆུ་རླངས་འབྲུག་བྱམས།
ཉིན་རེའི་འཕྲོད་བསྟེན་ནི་མི་ཞིག་གི་མི་ཚེའི་ནང་གི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན་པ་ལྟར། དེ་རིང་དུས་ཚོད་སྟོང་པའི་བར་ནས་བོད་ཀྱི་བརྙན་འཕྲིན་ཚན་པའི་འཕྲོད་བསྟེན་སྐོར་ལ་བགྲོ་གླེང་བྱས་པ་ཞིག་ལ་བལྟས་པ་ཡིན། ལེ་ཚན་དེ་ཟླ་རེེར་ཐེངས་གཅིག་རེ་ཡོད་པ་འདྲ། ལེ་ཚན་དེར་བལྟས་པ་དང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་གོང་མཐོར་གཏོང་རྒྱུ་ནི་གལ་ཆེན་རེད་ལ་དེའི་ཐད་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་དེ་བས་ཀྱང་གལ་ཆེན་རེད་བསམ་བྱུང་། ལེ་ཚན་དེའི་བགྲོ་གླེང་གི་བརྗོད་བྱ་ནི་”གྱུར་དུག་ནད་གཞི་ངོ་སྤྲོད་དང་སྔོན་འགོག་བྱ་ཚུལ”ཅེས་པ་རེད། བརྗོད་བྱ་འདི་ཟས་རིགས་སྣ་ཚོགས་ལ་བརྟེན་ནས་ནད་གཞི་གང་འདྲ་བྱས་ནས་འབྱུང་གི་ཡོད་པའི་སྐོར་རེད། སོ་སོ་རང་ཉིད་ལ་མཚོན་ན་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་བྱས་མེད་རུང་འཕྲོད་བསྟེན་སྐོར་ལ་དོ་སྣང་ཡོད་མཁན་ཞིག་ཡིན། སྤྱིར་བཏང་ནད་གཞི་མང་པོ་ཞིག་ཉིན་རེའི་ཟ་མ་བཟའ་སྟངས་དང་གཙང་སྦྲ་བྱེད་སྟངས། ཕོ་མོའི་ལུས་འབྲེལ་བཅས་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་རེད།
དེ་བས། ཟ་མ་བཟའ་སྟངས་དང་གཙང་སྦྲ་བྱེད་སྟངས། ཕོ་མོའི་ལུས་འབྲེལ་བྱེད་སྟངས་སོགས་ཀྱི་སྐོར་ལ་སློབ་གསོ་སྤྲོད་རྒྱུ་ནི་གཞུང་དང་ཚོགས་པ་མི་སྒེར་བ་ཚང་མའི་ལས་འགན་རེད་ལ། དེའི་ཐད་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་དང་མི་དམངས་ལ་འཕྲོད་བསྟེན་སྐོར་ནས་སློབ་གསོ་སྤྲོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་རེད་འདོད། མིའི་འཕྲོད་བསྟེན་ཡག་པོ་མེད་དུས་ཆེ་ས་ནས་བཤད་ན་མི་རིགས་དང་རྒྱལ་ཁབ། ཆུང་ས་ནས་བཤད་ན་ཁྱིམ་ཚང་དང་མི་སྒེར་བ་ཚང་མའི་གྱོང་རེད། དེ་འདྲ་ཡིན་ཙང། མི་རིགས་དང་རྒྱལ་ཁབ། མི་སྒེར་བ་སོགས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་དགོས་ན་ཐོག་མར་འཕྲོད་བསྟེན་ཡག་པོ་དགོས་པ་སྨོས་མེད་རེད། དཔེར་ན། མི་ཞིག་ལ་དབང་ཐང་དང་རྒྱུ་ནོར། ཤེས་ཡོན། འཇོན་ཐང་ལ་སོགས་པ་ཅི་ཞིག་ཡོད་རུང་འཕྲོད་བསྟེན་ཡག་པོ་ཞིག་མེད་ན་ཚང་མ་བེད་མེད་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། བྱས་ཙང། བོད་ཕྱི་ནང་གཉིས་ནས་འཕྲོད་བསྟེན་སྐོར་ལ་དོ་སྣང་བྱེད་རྒྱུ་དང་། དམིགས་བསལ། ཟས་རིགས་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པའི་གཅིན་པ་མངར་འགྱུར་དང་ཁྲག་ཤེད་ལྟ་བུ་སོགས་ལ་དོ་སྣང་བྱ་འོས།
ཕྲན་ད་ལོར་ལོ་ངོ་ཉི་ཤུའི་རྗེས་ནས་ཐེངས་དང་པོར་བོད་ལ་གཉེན་འཕྲད་དུ་འགྲོ་བའི་གོ་སྐབས་ཞིག་རག་སོང། ངོ་ལོ་ཉི་ཤུའི་སྔོན་གྱི་ཕ་ཡུལ་དང་ལོ་ངོ་ཉི་ཤུའི་རྗེས་ཀྱི་ཕ་ཡུལ་གཉིས་བསྡུར་ན་ཕྱོགས་མང་པོ་ནས་འགྱུར་ལྡོག་ཆེན་པོ་ཕྱིན་འདུག དམིགས་བསལ་གོང་དུ་བཤད་པ་ལྟར། བོད་ནང་གི་འཕྲོད་བསྟེན་གནས་སྟངས་ནི་ཧ་ཅང་ཞན་ལ་ཉེན་ཁ་ཡང་ཧ་ཅང་ཆེན་པོ་རེད། མི་རྣམས་ཀྱིས་འཕྲོད་བསྟེན་སྐོར་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག
དཔེར་ན་། ཟ་མ་མ་ཟས་པའི་སྔོན་ལ་ལག་པ་འཁྲུ་བ་དང་ཟ་མ་ལ་ཚོད་འཛིན་བྱས་ནས་ཟ་བའི་ལུགས་སྲོལ་རྩ་བ་རང་ནས་མི་འདུག། ཟ་མ་བཟའ་དུས་ཆང་འཐུང་བ་དང་ཐ་མག་འཐེན་པ། ཚད་མེད་པར་བཟའ་བ་སོགས་ནི་རྒྱུན་ལྡན་ཞིག་རེད། ཟ་མ་ཟོས་ཚར་རྗེས་ལྷོད་པོར་འགུལ་སྐྱོད་ཅུང་བྱེད་པ་སོགས་རང་ཉིད་གྱི་ལུས་ཕུང་སྦྱོང་བརྡར་བྱེད་མཁན་ནི་ཕ་རིའི་སྤང་རྒྱན་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནང་གི་མི་ཕལ་ཆེ་བར་གཅིན་པ་མངར་འགྱུར་དང་ཁྲག་ཤེད་གྱི་ན་ཚ་འདུག ཁྱད་པར་དུ་ཤེས་ཡོན་པ་དང་ན་གཞོན་མང་པོ་ཞིག་ལ་གཅིན་པ་མངར་འགྱུར་དང་ཁྲག་ཤེད་གྱི་ན་ཚ་ཧ་ཅང་མང་པོ་རེད། འདི་དག་མཐོང་དུས་བོད་མི་རིགས་ཀྱི་ལས་དབང་གི་ལམ་ཁ་ཅི་འདྲའི་ཉེན་ཁ་ཅན་ཞིག་དུ་སྐྱོད་བཞིན་འདུག་བསམ་ནས་སེམས་ནང་ལ་རང་བཞིན་གྱིས་དངངས་སྐྲག་ཞིག་སླེབས་ཀྱི་འདུག མི་རིགས་ཞིག་དང་རྒྱལ་ཁབ་ཞིག་གི་སྟོབས་ཤུགས་ནི་མིའི་ནུས་པར་བརྟེན་ནས་ཡོང་གི་ཡོད་ལ། མིའི་ནུས་པའི་ཐོན་ཁུངས་འཕྲོད་བསྟེན་རེད། འཕྲོད་བསྟེན་ཡག་པོ་མེད་ན་མི་ལ་ནུས་པ་གང་འདྲ་བྱས་ནས་ཐོན་ཐུབ་བམ། འདི་དག་ལ་རེ་རེ་བཞིན་བསམ་བློ་བཏང་དུས་ང་ཚོ་ཚང་མས་འགན་འཁྱེར་དགོས་ཀྱི་འདུག ཁྱད་པར་དུ་གསར་འགྱུར་ལས་རིགས་གཉེར་མཁན་དག་གིས་འགན་མང་ཙམ་འཁྱེར་དགོས་ཀྱི་འདུག ཉི་མ་གཏོང་བ་གཅིག་པོར་སྒུག་ནས་མི་འདུག་པར་ཕན་ཐོགས་པའི་ལས་ཀ་རེ་སྒྲུབ་དགོས་ཀྱི་འདུག
འཕྲོན་བསྟེན་སྐོར་ལ་བགྲོ་གླེང་བྱེད་རྒྱུ་དང་གསར་འགྱུར་ལེ་ཚན་བཟོས་པ་ཡིན་ན་ནི་ད་ལྟའི་དུས་ཚོད་འདི་ལ་ཤིན་ཏུ་ནས་སྨན། བོད་ཕྱི་ལོགས་ཀྱི་གསར་འགྱུར་ལས་ཁང་དེ་དག་ན་འཕྲོད་བསྟེན་སྐོར་ལ་ལེ་ཚན་མེད་པ་དེ་འདྲ་མ་རེད། འོན་ཀྱང་ལེ་ཚན་དེ་དག་ནི་རླུང་འཕྲིན་གྱི་ལེ་ཚན་རེད། ད་ལྟའི་དུས་ལ་རླུང་འཕྲིན་གྱི་དུས་ཚོད་ཡོལ་ཟིན་པ་རེད། བོད་ཕྱི་ནང་གཉིས་ན་རླུང་འཕྲིན་ལ་ཉན་མཁན་མང་པོ་ཡོད་པ་མ་རེད། གསར་འགྱུར་ལས་ཁུངས་འདི་དག་ལ་མིའི་ནུས་པ་དང་ཤེས་ཡོན། དཔལ་འབྱོར་ལ་སོགས་པའི་དཀའ་ངལ་མེད་པས། རང་དབང་གི་གསར་འགྱུར་ལས་ཁུངས་ཞིག་ཡིན་ན་གཞུང་དང་ཆབ་སྲིད་པ་དག་གི་རྐང་འོག་ཏུ་མི་ཚུད་པར་རང་དབང་གི་སྒོ་ནས་མི་དམངས་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་རེད། དེ་ལྟར་སྒྲུབ་མ་ཐུབ་ཚེ། མིང་ཙམ་ལས་དོན་ལ་རང་དབང་གི་གསར་འགྱུར་ཁང་མ་རེད།
ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ། གཅིན་པ་མངར་འགྱུར་དང་ཁྲག་ཤེད་གྱི་ན་ཚ་ལ་ཕན་གྱི་འདུག་ཟེར་ནས་རྒྱ་གར་ནས་བཟོས་པའི་སྨན་ཞིག་ཕོན་ཆེན་ཁྱབ་ཀྱི་འདུག སྨན་དེ་རྒྱུ་གང་འདྲ་ཞིག་གིས་བཟོས་ཡོད་པ་དང་བཟོ་གྲྭ་གང་ཞིག་ནས་ཐོན་གི་ཡོད་མེད་སོགས་གསལ་པོར་མི་འདུག་ཟེར་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡང་ནས་ཡང་གླེང་ཡང། བོད་ཕྱི་ལོགས་ཀྱི་གསར་འགྱུར་ལས་ཁུངས་དེ་དག་ནི་སྔར་བཞིན་འཇམ་ཐང་ངེར་དེའི་ཐད་གླེང་སློང་ཅི་ཡང་བྱས་མ་སོང་། གནས་ཚུལ་དེ་གལ་ཆེན་ཞིག་ལ་མ་མཐོང་པ་ཡིན་ནམ། ཡང་ན་གནས་ཚུལ་དེ་གླེང་འདོད་མེད་པ་རེད་དམ། ཡང་ན་སྣང་མེད་དུ་བཞག་པ་རེད། སྨན་དེ་རྫུན་མ་ཡིན་མིན་མི་ཤེས་མོད། སྨན་དེ་བོད་ནང་ལ་བེད་སྤྱོད་གཏོང་མཁན་མང་པོ་རེད། ཚོང་པ་ཚོས་རང་ཉིད་གྱི་ཁེ་ཕན་ཆེད་སྨན་དེ་ནད་ལ་ཕན་རབས་བཤད་ནས་བོད་ཀྱི་ས་ཁུལ་མང་ཆེ་བའི་གཅིན་པ་མངར་འགྱུར་དང་ཁྲག་ཤེད་ཀྱི་ནད་ཡོད་མཁན་ཚོས་སྨན་དེ་རིན་གོང་མཐོན་པོ་སྤྲད་ནས་ཉོ་བཞིན་འདུག སྨན་དེ་རྫུན་མ་ཡིན་ན་ཡིན་པ་དང། རྫུན་མ་མིན་ན་མིན་པའི་བདེན་རྫུན་གྱི་དབྱེ་བ་འབྱེད་མཁན་དེ་གསར་འགྱུར་ལས་ཁུངས་དག་གི་ལས་ཀ་རེད་བསམ། གནས་ཚུལ་སྤྲོད་མཁན་ཞིག་ལ་སྒུག་ནས་མི་འདུག་པར་རང་ཉིད་གྱི་གནས་ཚུལ་གསར་པ་འཚོལ་དགོས་པ་རེད། གནས་ཚུལ་གསར་བ་གསར་འགྱུར་ནང་དུ་བཤད་ཆོག་གི་མེད་ན་ནི་མི་ཤེས་མོད། དེ་མིན་དེ་རིང་སང་ཉིན་བོད་ཀྱི་གསར་འགྱུར་ལས་ཁུངས་དེ་དག་གི་སྒོ་འགྲམ་ལ་མཚམས་ཐོ་བཞག་ཡོད་པ་འདྲ་བོ་འདུག ཁྱེད་ཅག་མཚམས་ནས་ག་དུས་ཞིག་ལ་གྲོལ་རྩིས་ཡོད་དམ། དུས་ཚོད་ངེས་གཏན་རེ་ཡོད་ན་གསུངས་རོགས། ངའི་འོ་ཇ་ཞིམ་པོ་ཞིག་སྐོལ། ལག་དུ་ཁ་བཏགས་དཀར་པོ་ཞིག་བཟུང་ནས་སྒོ་འགྲམ་གྱི་མཚམས་ཐོ་དེ་ལེན་རོགས་ལ་ཡོང་ཆོག
དེའི་འགན་གསར་འགོད་པ་ལ་མེད་དོ། བདེན་རྫུན་གྱི་རྣམ་དབྱེ་འབྱེད་པའི་འགན་གཙོ་བོ་གསོ་རིག་སྨན་པའི་ལྷན་ཚོགས་དང་སྨན་རྩིས་ཁང་ལ་ཡོད་དོ། ཡོངས་གྲགས་སྨན་པའི་ལག་འཁྱེར་སྤྲོད་ཡུལ་ད་མང་པོ་ཡོད་ས་ཡོད། གསོ་རིག་སྨན་པའི་ལྷན་ཚོགས་དགོངས་པ་བཞེས་རན་འདུག །
བཙན་བྱོལ་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་ཤོག་དང་དུས་དེབ་སོགས་ཉུང་སྐྱོན་ལས་མང་སྐྱོན་མེད་ན་མི་མང་ལ་འཕྲོད་བསྟེན་སློབ་གསོ་
དང་འབྲེལ་བའི་མི་མང་གི་བསམ་བློའི་གནས་ཚད་དང་གོ་རྟོགས་ཀྱི་ནུས་པ་སྤེལ་ཐུབ་པའི་རང་དབང་ཅན་གྱི་དུས་དེབ་དང་གསར་ཤོག་སོགས་
གང་མང་འཐོན་དགོས་པ་ནི་མང་གཙོའི་སྤྱི་ཚོགས་ནང་མེད་དུ་མི་རུང་
བའི་མང་གཙོའི་ཆ་རྐྱེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། སྨན་པའི་ཀུན་སྤྱོད་བཟང་པོ་དགོས་པ་གལ་ཆེ་ལེ་རེད། བོད་ནང་སྨན་པ་མང་པོའི་ཆང་རག་ཚོད་མེད་བཞེས་ལེ་རེད། འགའ་རེས་སྨན་ཁང་ནང་དང་ནད་པའི་མདུན་ཐ་མག་དུ་བ་འཕྱུར་རེ་འཐེན་པ་ལ་འཛེམས་ཟོན་ཡོད་ལེ་མ་རེད། སྨན་པས་སྨན་འཛིན་སྤྲོད་སྟངས་ཀྱང་མི་འགྲིགས་པ་དེ་འདྲ་ཡོད་ས་གདའ། འདི་སྐད་བདག་གིས་ཐོས་པ་ལྟར་ན། སྨན་པ་འགའ་རེས་ལྐོག་ནས་སྨན་པ་དེ་དང་དེས་སྨན་འཛིན་སྤྲོད་སྟངས་ཤེས་ལེ་མ་རེད་ཅེས་ཤོད་བཞིན་གདའ། བྷེང་ལོར་ནས་ཡིན་པའི་སྒེར་གྱི་སྨན་པ་ཞིག་ཕྱི་རྒྱལ་ལ་ནད་པ་གཟིགས་པར་ཕེབས་གདའ། སྨན་པ་གཞན་ཞིག་གིས་ཕྱི་རྒྱལ་ནད་པ་ཞིག་ལ་སྨན་འཛིན་གནང་བ་དེ་ནོར་གདའ། ཁྱེད་རང་གི་ནད་འདི་ལ་སྨན་འདི་དང་འདི་ལྟ་བུ་དགོས་ལེ་རེད། ཅེས་ནད་པ་དོགས་པ་ཟ་དགོས་ལེ་ཆགས་ཡོད་ས་གདའ། སྨན་རྩིས་ཁང་ནས་སྨན་པ་རྟ་མགྲིན་སོགས་ནད་བསྐོར་ཕེབས་དུས་སྨན་སྤྲོད་དེས་སྨན་དེ་རྫོགས་འདུག་ཞུས་ཚབ་སྨན་གཞན་ཞིག་དང་། དེ་ཡང་རྫོགས་ཚབ་སྨན་གཞན་ཞིག །ཚབ་དེ་ཡང་རྫོགས་ཚབ་སྨན་གཞན་ཞིག་སྤྲད་ཀྱི་འདུག་པ་དེ་མི་འགྲིགས་ལེ་དང་། སྨན་ཚབ་སྤྲོད་སྟངས་དེ་འདྲ་མ་རེད་ཅེས་སྨན་པ་ཞིག་གིས་ལྐོག་ནས་གཞན་ལ་དེ་ལྟར་ཤོད་བཞིན་གདའ། སྨན་འཛིན་སྤྲོད་སྟངས་མི་འགྲིགས་ལེ་བདེན་གདའ། ལྷོ་ཕྱོགས་སུ་མ་རྒན་ལོ་༨༠ཡས་མས་ཡིན་པ་ཞིག་བཤང་བ་བབས་དཀའ་བ་དང་། སྣོད་མཁྲིས་བཤགས་ཏེ་དབྱུང་བ་ལ། ལུས་གྲང་བ་དང་། རུས་ཚིགས་རྣམས་གཟེར་བ་ཞིག་ལ་བསམ་ཁྱུང་དང་། སླེ་ཏྲེས་༥ཐང་སོགས་བསིལ་ཅན་མ་གཏོགས་ཕོ་བ་དང་བཤང་བ་བབས་བདེར་འགྲོ་བའི་སྨན་གཅིན་ཀྱང་སྤྲད་མི་གདའ། ཡང་མ་རྒན་ལོ་༧༠ནང་སླེབས་པ་ཞིག་ལ་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟ་ཁུའི་ནད་དེ་དེང་སང་འགའ་རེས་ཁྲག་མངར་ཞེས་འབོད་པ་དང་། པུས་མོ་དང་མཁལ་རྐེད་སོགས་གཟེར་ནས་འགྲོ་བར་དཀའ་ངལ་ཡོད་པའི་ནད་པ་ཞིག་ལ་ཡང་སྨན་འཛིན་སྤྲོད་སྟངས་ནོར་གདའ་ཟེར་ལེ་ཐོས་པས། དེ་སུས་ནོར་ལེ་རེད།