མཁོ་འདོན་པཿ ཨ་རིག་འགྱུར་མེད།
ཟླ་འདིའི་ཕྱི་ཚེས་ ༡༥ རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོར་ངྷ་ས་མེག་གྷན་ཉིན་སློབ་ཀྱི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང་། བོད་སྐད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཅེས་པའི་བགྲོ་གླེང་ཞིག་ཚོགས་པ་དང་། ཐེངས་འདིའི་བགྲོ་གླེང་སྟེང་རྩོམ་པ་པོ་དང་དགེ་རྒན། སྤྱི་འཐུས། གྲྭ་པ། མི་མང་དཀྱུས་མ། སློབ་ཕྲུག ཚོགས་པ་ཁག་གི་འཐུས་ཚབ་མི་སྣ་སོགས་མི་སྣ་དགུ་ཙམ་གྱིས་བོད་སྐད་ཡིག་གི་སྤྱིའི་གནས་བབ་དང་སློབ་གྲྭ་ཁག་དང་དགོན་པ་གྲྭ་ཚང་ཁག གཞི་རིམ་མང་ཚོགས་དང་ཕ་མ། ཚོགས་པ་ཁག་བཅས་ཀྱི་ཁོར་ཡུག་མི་འདྲ་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཀྱི་གནས་བབ་ཐད་བགྲོ་གླེང་གནང་།
ཉིན་དེར་རྩོམ་པ་པོ་དང་དགེ་རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གསུངས་དོན། ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ནི་བོད་སྐད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱེད་པའི་ཐབས་ལམ་དང་པོ་དང་གལ་ཆེ་ཤོས་དེ་ཆགས་ཡོད། ནམ་ཞིག་ཉིན་རེའི་འཚོ་བའི་ཁྲོད་དུ་བོད་སྐད་བེད་སྤྱོད་མེད་པར་གྱུར་ཚེ་དེ་ནས་བོད་སྐད་ཉིད་མི་ཉམས་པའི་སྐད་ཡིག་ཅིག་གི་ངོ་བོར་ནམ་ཡང་གནས་མི་ཐུབ། སྐད་ཡིག་སྲུང་སྐྱོབ་བྱེད་པོ་ཡོངས་ཀྱིས་སྐད་ཡིག་སྲུང་སྐྱོབ་བྱེད་པར་ཐུན་མོང་གི་ཐབས་ལམ་ངོས་འཛིན་བྱེད་པ་རྣམས་ནི་འཆད་ཉན་འབྲི་ཀློག་བཞི་བོ་ཡིན།
ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཀྱིས་འཆད་ཉན་གཉིས་ལེགས་པར་སྲུང་སྐྱོབ་བྱེད་ཐུབ་ཅིང་། དེ་གཉིས་ལེགས་པར་སྲུང་སྐྱོབ་བྱེད་ཐུབ་ན་འབྲི་ཀློག་གཉིས་ཀྱང་བདེ་བླག་ངང་སྲུང་སྐྱོབ་བྱེད་ཐུབ། ལེགས་སྦྱར་སྐད་ལྟ་བུར་མཚོན་ན་དེང་རྒྱ་ཁྱབ་ཏུ་འཆད་ཉན་འབྲི་ཀློག་བྱེད་ཐུབ་ཀྱི་མེད། འོན་ཀྱང་འབྲི་ཀློག་གཉིས་ལེགས་སྦྱར་མཁས་པ་རྣམས་ཀྱིས་བྱེད་ཐུབ་ཀྱི་ཡོད། དེ་ལྟ་ནའང་འཆང་ཉན་ཤིན་ཏུ་རྒྱ་ཆུང་བའི་ཉེར་ལེན་ལ་བརྟེན་ནས་སྐད་ཡིག་གཞན་དང་བསྡུར་ན་ཤིན་ཏུ་ཉམས་པའི་གནས་སྟངས་སུ་གྱར་ཡོད། བོད་སྐད་ད་ལྟ་ལེགས་སྦྱར་སྐད་ཡིག་ལྟ་བུའི་གནས་སྟངས་སུ་གྱར་མེད་ཀྱང་། མི་རབས་སྔ་ཕྱི་གཉིས་དབར་མཚམས་སྦྱོར་ལེགས་པར་བྱེད་མ་ཐུབ་ན་མི་རབས་རྗེས་མར་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་ང་ཚོས་ད་ལྟ་ནས་རྗེས་ཡོང་སྔོན་དྲན་བྱེད་ཐུབ་ཀྱི་ཡོད་པས་ཆུ་མ་ཡོང་གོང་ནས་རེགས་དང་རྐྱེན་མ་ཡོང་གོས་ནས་ཟློག་པ་རྒྱབ་ཐུབ་པ་བྱ་དགོས་ཞེས་གསུངས།
བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་དར་ལགས་ཀྱིས་ཉིན་དེར། ཉེ་ལམ་རྒྱལ་སྤྱིའི་སྐད་བརྡ་རིག་པའི་མཁས་དབང་དག་གིས་ཞིབ་འཇུག་དང་སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་ཧྲིལ་བོ་འདིའི་སྒང་ན་སྐད་རིགས་ ༦༩༠༠ ལྷག་ཡོད་ཀྱང་། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་སྐད་རིགས་ ༣༠༠༠ ལས་མེད་ལ། དེའི་ཁྲོད་ན་མི་གྲངས་ས་ཡ་གཅིག་ཡན་གྱིས་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་རིགས་ ༢༦༩ ཡོད་པ་བཤད་པའི་ནང་དུ་བོད་ཀྱི་སྐད་ཡིག་ཀྱང་ཚུད་ཡོད། འོན་ཀྱང་། དུས་རབས་ཉེར་གཅིག་པའི་ནང་དུ་ཉེན་ཁ་མེད་པའི་སྐད་ཡིག་བརྒྱད་བགྲང་ཡོད་པའི་ཁྲོད་དུ་བོད་ཀྱི་སྐད་ཡིག་ཚུད་མི་འདུག་པས་ཉེན་ཁའི་གནས་སུ་ཡོད་ཅེས་གསུངས།
ཡང་ཁོང་གིས། ང་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་བྱ་བར་ཤུགས་སྣོན་བྱ་དགོས་མོད། ངས་བསམ་ན་སྐད་ཡིག་བེད་སྤྱོད་ཅེད་པ་ནི་བོད་སྐད་བཤད་པ་དང་བོད་ལྭ་གྱོན་པ། བོད་ཡིག་འབྲི་ཀློག་བྱེད་པ། ཞལ་འདོན་སྐྱོར་བ་ཙམ་མ་རེད། དེ་ནི་མི་རིགས་ཤིག་གི་ཆེས་མ་མཐའ་བསྒྲུབ་དགོས་པའི་དོན་དག་ཅིག་རེད། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ན་ཐོག་མར་དེང་དུས་ཀྱི་མིའི་བསམ་བློའི་དགོས་མཁོ་དང་མཐུན་པའི་སྐད་ཡིག་གི་ཚེ་སྲོག་གསར་བ་ཞིག་འཛུགས་སྐྲུན་བྱ་དགོས་ལ། དེར་དམིགས་ཏེ་འཐུས་སྒོ་ཚང་བའི་རིག་གཞུང་མ་ལག་ཅིག་འཛུགས་སྐྲུན་བྱ་དགོས། བོད་ཀྱི་སྐད་ཡིག་གི་སྟེང་ལ་ཤར་ནུབ་ཀུན་གྱི་གནའ་དེང་གི་ཤེས་རིག་མཛོམས་ཤིང་དུས་རབས་དང་མི་རིགས་ཀྱི་སྙིང་སྟོབས་མཚོན་ནུས་པ་ཞིག་བྱ་དགོས་ཞེས་གསུངས།
བོད་རང་བཙན་ཚོགས་པའི་ངྷ་ས་ས་གནས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་གྱིས་ཉིན་དེར། སྐབས་རེར་ང་ཚོས་བོད་ཀྱི་སྐད་ཡིག་གི་སྐོར་བཤད་དུས་མགོ་ཉོག་པོ་དེ་འདྲ་གསུངས་དྲགས་ཏེ། སྐད་ཡིག་གསར་སློབ་པ་ཚོར་འདྲོགས་སློང་གིན་འདུག ང་ཚོས་བོད་ཀྱི་སྐད་ཡིག་བཤད་དུས་དེ་དུམ་བུར་བཞིར་བགོས་ཏེ། ཉན་པར་བརྒྱ་ཆ་ཉེར་ལྔ་དང་བཤད་པར་བརྒྱ་ཆར་ཉེར་ལྔ། འབྲི་ཀློག་གཉིས་ལ་ཉེར་ལྔ་རེ་བཅས་བྱས་ཏེ་བགོ་བཤའ་བརྒྱབ་ན། ང་ལྟ་བུའི་འབྲི་ཀློག་ཡག་པོ་མི་ཤེས་མཁན་དག་གིས་ཀྱང་ཉུང་མཐར་ཡང་ལྷག་མ་བརྒྱ་ཆ་ལྔ་བཅུ་ཡན་བེད་སྤྱོད་ལེགས་པོར་གཏོང་ཐུབ་ཀྱི་ཡོད། དེའི་སྟེང་དུ་ཀློག་ཐུབ་མཁན་ཞིག་ཡིན་ན་བརྒྱ་ཆ་དོན་ལྔ་ཟིན་གྱིན་ཡོད་པས་ལྷག་མའི་བརྒྱ་ཆ་ཉེར་ལྔར་ཤུགས་སྣོན་རྒྱག་རྒྱུ་གཅིག་པུ་རེད། དེ་ལྟར་སེམས་ཤུགས་སྤར་ཏེ་གསར་སློབ་དག་བོད་སྐད་ཡིག་ཟེར་དུས་ཕར་འབྲོ་དགོས་པ་ཞིག་ཏུ་མི་བཟོ་བར། ཚུར་དུང་སྣང་བསླེབ་ཐུབ་པ་ཞིག་དང་དགའ་ཞེན་བསླེབ་ཐུབ་པ་ཞིག ལྷག་པར་དུ་སེམས་ཤུགས་བསྐྱེད་ཐུབ་པ་ཞིག་བྱ་དགོས་ཀྱི་འདུག་ཅེས་གསུངས།
གཞན་ཡང་ཐེངས་འདིར་དགོན་སྡེ་གྲྭ་ཚང་ཁག་གི་འཐུས་ཚབ་བྱས་པའི་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་ཉིན་དེར། རིས་མེད་དགོན་སྡེ་ཁག་གི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་མ་སྐད་དང་སློབ་ཚན་གྱི་མ་སྐད་གཉིས་བརྒྱ་ཆ་ ༩༩ བོད་སྐད་ཡིན་པས། དེའི་ཐོག་དམིགས་བསལ་ཉེན་ཁ་དང་ཉམས་ཆག་ནི་ཁོར་ཡུག་གཞན་ལ་ལྟོས་ན་ཆུང་ཆུང་རེད། ཡིན་ནའང་། མཐོ་རིམ་མི་སྣས་སྤྱི་ཚོགས་ཧྲིལ་བོར་སྣེ་འཁྲིད་ཀྱི་ཡོད་ལ། མཐོ་རིམ་པའི་དཔུང་སྡེའི་ནང་བོད་སྐད་བོད་ཡིག་ལ་བརྩི་འཇོག་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་པའམ་བོད་སྐད་ཀྱི་ཉེན་ཁ་ལ་བསམ་བློ་མི་འཁོར་བ་འདི་སེམས་ཁྲལ་བྱེད་དགོས་ས་ཞིག་རེད། ཅེས་བོད་ཀྱི་དགོན་སྡེ་ཁག་ཏུ་ད་ལྟའི་ཆར་ཉིན་རེའི་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་མ་སྐད་གཙོ་བོ་བོད་སྐད་ཡིན་སྟབས་སེམས་ཁྲལ་མེད་ནའང་། མཐོ་རིམ་མི་སྣའི་ཁྲོད་དུ་བོད་སྐད་ཡིག་ལ་བརྩི་འཇོག་དང་ཉེན་ཁའི་ཕྱོགས་ལ་བསམ་བློ་འཁོར་གྱིན་མེད་པ་ནི་སེམས་ཁྲལ་བྱ་དགོས་ས་ཞིག་རེད་ཅེས་གསུངས་ཡོད།
ཐེངས་འདིའི་བགྲོ་གླེང་གོ་སྒྲིག་པ་དང་བོད་སྐད་ལྷན་ཚོགས་ཀྱི་ངྷ་ས་ས་གནས་ཀྱི་འབྲེལ་མཐུད་པ་ཨ་རིག་འགྱུར་མེད་ཀྱིས། ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཅེས་པའི་བརྗོད་གཞི་བདམས་ཏེ། གསུང་བཤད་གནང་མཁན་གྱི་མི་སྣ་ཆེད་ལས་མཁས་དབང་དང་དགེ་རྒན། རྩོམ་པ་པོ། གཞི་རིམ་མང་ཚོགས། སློབ་ཕྲུག་སོགས་ཁོར་ཡུག་མ་འདྲ་བ་སྐད་བཏང་ཡོད། དེ་ནི་བོད་སྐད་ཡིག་གི་ཁོར་ཡུག་རྒྱ་བསྐྱེད་པ་དང་མ་འོངས་པར་ལས་འགུལ་སྤེལ་སྐབས་ཁོར་ཡུག་རེ་རེ་བཞིན་གྱི་གནས་སྟངས་རྒྱུས་ལོན་དང་། ཕར་ཁོར་ཡུག་ལ་དཔག་པའི་ལས་འགུལ་སྤེལ་རྒྱུར་སྟབས་བདེར་དམིགས་པས་ཡིན་ཟེར།
བོད་སྐད་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༠ ཚེས་ ༡༨ ཉིན་ཐོག་མར་བོད་སྐད་ཡིག་གཅེས་སྐྱོང་མཐུན་ཚོགས་ཞེས་པའི་མིང་ཐོག་ནས་དབུ་བརྙེས་པ་དང་ཕྱི་ལོ་ ༢༠༡༡ བར་དུ་བོད་ཕྱི་གཉིས་ནང་ཚོགས་མི་འབུམ་གཉིས་ལྷག་བསྡུ་སྐོང་བྱས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ལས་འགུལ་སྣ་མང་སྤེལ། ལོ་སྔོན་མ་ནས་བཟུང་ཆབ་སྲིད་ཀྱི་གནས་བབ་རྐྱེན་པས་བོད་ཕྱི་ནང་གི་ཚོགས་པ་གཉིས་ཁག་ཁག་བཟོས་ཏེ། བྱེས་ཀྱི་ཚོགས་པའི་མིང་ལ་བོད་སྐད་ལྷན་ཚོགས་ཞེས་བསྒྱུར་བ་དང་ད་ལྟ་ཨ་རི་དང་བྷེལ་རྗེམ། འཇར་མན། ཧྥ་རན་སི། ཧོ་ལན་ཌི། དབྱིན་ཡུལ། རྒྱ་གར། བལ་ཡུལ་སོགས་སུ་ཚོགས་མི་དང་འབྲེལ་མཐུད་པ་ཡོད།
ཡག་པོ་རེད་ཡི་རང་ཡོད།
དེ་འདྲ་གནང་ཐུབ་ན་ཡག་པོ་ཞེ་བྲག་འདུག མུ་མཐུད་འབད་བརྩོན་གནང་རོགས་ཞུ།།