འཇིག་པའི་འཇིག་རྟེན་མ་འཇིག་ཀྱང་
ཉིས་སྟོང་བཅུ་གཉིས་འདས་པའི་མཐའ། །
འགོགས་མེད་དུས་ཀྱི་འཁོར་ལོ་ཡིས ། །
མི་ཚེའི་ནམ་ཟླ་བར་མེད་བཅོམ ། །
སྒྱུ་མ་ལྟ་བུའི་མི་ཚེ་ལ། །
རྨི་ལམ་འདྲ་བའི་ཟློས་གར་ཡོད། །
འདོད་པ་རྙེད་ནས་དགའ་བ་དང་། །
རྙེད་པ་བོར་ནས་སྡུག་ཏུ་བསྔལ། །
ས་ཡི་དཀྱིལ་འཁོར་མ་རྫོགས་ཀྱང་། །
ལང་ཚོའི་ནམ་ཟླ་ཧྲིལ་གྱིས་བརྒལ། །
ཞག་པོ་སུམ་བརྒྱ་དྲུག་བཅུ་ཡི ། །
འཁོར་བསྐྱོད་དེ་ནི་གློག་འགྱུ་
གངས་ཀྱི་རི་བོ་མདངས་སུ་གསལ། །
ཆུ་ཡི་བཞུར་རྒྱུན་རིང་ན་ཡང་། །
ཡ་ཐོད་དཔྲལ་གྱི་རི་མོ་ཡིས། །
མི་རྟག་དུས་ཀྱི་ཅོང་བརྡ་སྟོན། །
དྲན་པ་ཕྱི་གསལ་ནང་གི་གསལ། །
རང་ཉིད་རང་གི་མགོན་ཡིན་གྱི ། །
དགེ་དང་མི་དགེའི་གནས་ལུགས་ཆེ། །
སེམས་ཉིད་རང་གིས་བྱི་དོར་གྱིས། །
འདས་པའི་རྐང་རྗེས་མི་བསྙེག་ཀྱང་
ལེགས་ཉེས་རི་མོ་ཤུལ་དུ་གསལ། །
བདེ་བ་རང་གི་དོན་གྱི་ཕྱིར ། །
སྡུག་བསྔལ་གཞན་ལ་མ་སྤྲོད་ཅིག །
ལོ་ཡི་ལོ་ནས་ད་ཡི་ལོར། །
འདས་འདས་སྙིང་གི་མིང་སྲིང་ཚོགས། །
མེ་ཕུང་དམར་པོའི་གཏམ་རྒྱུད་ཀྱི། །
སྡུག་གི་ལོ་ཟླ་འཛད་གྱུར་ཅིག །
བླུན་པོས་གླེན་ཤེད་མི་འདོན་ཞིང་
མཁས་པས་རང་འདོད་མི་བྱེད་པར། །
དུས་རབས་གསར་བའི་མདུན་ལམ་ན།།
མཐུན་སྒྲིལ་སྟོབས་ཀྱིས་འགྲོ་བར་
ནམ་མཁའི་ཉི་མ་ནམ་མཁའི་ཟླ །།
སང་ཉིན་སླར་ཡང་འཆར་བ་ལ། །
ཕྱི་སྣོད་ནང་བཅུད་སྐྱེ་འགྲོའི་
བདེ་རྒུའི་དཔལ་དུ་འཚོ་གྱུར་ཅིག །
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ དགོང་མོར།