སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
བཞི། ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ།
ཉིན་དང་པོ། ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཙམ་ནས་གཉིད་ལས་སད། གནས་འདིའི་དུས་ཚོད་ནི་རྒྱ་གར་ལྷོ་ཕྱོགས་དང་མི་འདྲ་བར་ནམ་ལངས་པ་ཧ་ཅང་སྔ་བའམ། ཡང་ན་རྒྱ་གར་ཕལ་མོ་ཆེར་བཀོལ་བའི་དུས་ཚོད་དེ་གནས་འདི་དང་མི་འཚམས་པ་འདྲ་སྟེ། ཆུ་ཚོད་ལྔ་བ་ནས་ནམ་ལངས་ཏེ་ཡུད་ཙམ་འགོར་ཟིན་འདུག།ནམ་ལངས་པ་དང་ས་རུབ་སྔ་ཕྱི་སོགས་ཀྱང་རང་གི་ཡུལ་དུས་དང་མི་འཚམས་པ་ཞིག་ཨུ་ཚུགས་ཀྱིས་དང་ལེན་བྱེད་དགོས་པ་འདི་ཡང་ངེད་ཅག་གི་ལས་དབང་དང་འབྲེལ་བ་ཡོད་དེ། བོད་ཡུལ་ནས་རྒྱ་ནག་ཤར་ཕྱོགས་ཀྱི་དུས་ཚོད་ལ་བསྟུན་དགོས་ཤིང་གནས་འདི་དག་ཏུ་རྒྱ་གར་དབུས་ཁུལ་གྱི་དུས་ཚོད་དང་བསྟུན་དགོས་པ་རེད།
མདོར་ན། རང་ལ་དབང་བའི་ཁྱིམ་གཞིས་ཤིག་མེད་ཕྱིན་ཡོད་ཚད་ནས་ཡོད་ཚད་རང་ཉིད་ཀྱི་མ་ཡིན་པ་ཞིག་དང་ཡང་ན་རང་ཉིད་ལ་མི་འཚམས་པ་ཞིག་ཨུ་ཚུགས་ཀྱིས་དང་ལེན་བྱེད་དགོས་ཤིང་། དེའི་རིགས་ལ་རང་ཅག་གི་སྐད་བརྡའི་ནང་གཉའ་གནོན་ཟེར་བ་རེད། གང་ལྟར་འདི་འདྲའི་བསམ་གཞིག་རབ་རིབ་ཅིག་དང་ལྷན་དུ་ཁ་ལག་འཁྲུ་བར་ཞུགས། ཆུ་ཧ་ཅང་གྲང་བས་ལག་མཐིལ་དུ་གཟེར་རྒྱག་གི་འདུག་མོད། དྭངས་ཤིང་གཙང་བའི་རྫ་ཆུའི་འབབ་རྒྱུན་སྤྱད་དེ་ཁ་ངོ་ཙམ་བཀྲུ་རྒྱུ་བྱུང་བ་ཡང་རྒྱ་གར་ལྷོ་མཐའི་ཡུལ་དུ་རྨི་ལམ་དུ་འཁོར་དཀའ་བའི་ཚོད་རེད། དྭངས་གཙང་མཐོ་སྒང་གི་ཞོགས་པའི་མཁའ་དབུགས་ཁྲོད་སྒོར་བུད་དེ་ཡུལ་འདིའི་ཁོར་ཡུག་ལ་ཞིབ་ལྟ་བྱས།
སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་ནི་རི་ཟུར་དུ་ཆད་པའི་དེའུ་འབུར་ཆེན་པོ་ཞིག་གི་རྩེར་ཆགས་འདུག་པས་མིག་རྒྱང་གིས་ཆོད་པའི་ཕྱོགས་མཚམས་གང་ལ་བལྟས་ཀྱང་ཧ་ཅང་སྟབས་བདེ་མོ་རེད། ཁ་སང་ལམ་བར་དུ་བརྒྱུད་པའི་ཡུལ་གྲུ་ནི་འགག་དོགས་ལ་གཅོང་ཟབ་པ་རི་གཟར་བ་ཤ་སྟག་མཆིས་མོད། གནས་འདི་ནི་དེ་དང་མི་འདྲ་བར་ལུང་པའི་ཁ་ཞེང་ཅུང་ཆེ་བས་མཐོང་རྒྱ་ཡངས་ཤིང་སྤྲོ་སྣང་འཕེལ་བ་ཞིག་འདུག།རི་མགོ་རྣམས་སྤྲིན་པས་གཡོག་པའི་བར་གསེང་ནས་ཁ་བས་བཀླུབས་པའི་རི་རྒྱུད་ཀྱིས་ཡོངས་སུ་བསྐོར་འདུག་ལ། སྟག་མའི་མེ་ཏོག་དང་། ཁམ་བུའི་མེ་ཏོག།ངག་ཝན་ཟེར་བའི་ཤིང་མེ་ཏོག་དཀར་པོ་ཅན་སོགས་ཤིང་གི་མེ་ཏོག་སྣ་ཚོགས་གང་སར་བཞད་ཅིང་། འབྲི་ཤུགས་རྩེ་བརྒྱ་དང་། ཨ་གར་སྒྲོན་ཤིང་། གསོམ་དཀར་སོགས་ལྗོན་ཤིང་སྣ་ཚོགས་སྟུག་པོར་སྐྱེས་པས་ཡུལ་ལུང་འདི་ལ་མཛེས་སྡུག་གི་རྒྱན་ཆ་དམིགས་བསལ་བ་ཞིག་སྤྲས་འདུག།འབྲས་ཀྱི་ཚོམ་བུ་བཞིན་བཀྲམས་པའི་གྲོང་དང་གྲོང་བརྡལ་དགོན་པ་བཅས་ཕྱོགས་གང་སར་ཁྲ་ལམ་མེར་ཆགས་ཤིང་། གནམ་གཤིས་ཅུང་འཇམ་པ་དང་སྤྲིན་གསེབ་ནས་སྔོ་ཞིང་དྭངས་པའི་ནམ་མཁའ་དང་གསེར་མདོག་གི་ཉི་མ་ཡང་ཅུང་ཙམ་རེ་མཐོང་གི་འདུག མོན་ཡུལ་ཁུ་བྱུག་གི་གྲེ་འགྱུར་སྙན་རབས་མང་དུ་གོ་མྱོང་བས་བསམ་བཞིན་རྣ་བ་གཏད་དེ་ཁུ་བྱུག་གི་གསུང་སྐད་གོ་བར་རེ་ནའང་གོ་མ་བྱུང་། འོན་ཀྱང་གཞན་པའི་བྱ་རིགས་སྣ་ཚོགས་ཀྱི་སྐད་སྒྲ་དང་ཆུ་ཕྲན་ལྷུང་ལྷུང་འབབས་པ་གཅིག་ཏུ་བསྡེབས་པའི་མ་བཅོས་རང་བྱུང་གི་རོལ་དབྱངས་སྙན་མོ་དེས། ལྡོམ་པོའི་སེམས་པ་ཕ་ཡུལ་གངས་ལྗོངས་ཨ་མདོར་དངོས་སུ་སླེབས་པ་ལྟ་བུའི་སྣང་བ་ཞིག་རང་ཤུགས་ཀྱིས་སླེབས་ཏེ། གློ་བུར་ཀི་ཞིག་བཏབ་ན་བསམ་བྱུང་ཡང་། དེ་འདྲ་ག་ནས་རུང་སྟེ། འདི་ནི་མི་མེད་དབེན་པ་རི་རྩེ་མིན་པར་སྤོང་ཀློག་ཐོས་བསམ་ལ་གཞོལ་སའི་དགོན་སྡེ་རེད། དེ་ཙམ་མ་ཟད། ང་རང་སེར་བྱེས་མཁས་སྙན་གྲྭ་ཚང་གི་འཐུས་ཚབ་པ་ཡིན། ཀི་འདེབས་རྒྱུ་བཞག་སྟེ། ཧཱ་སྒྲའི་དབུགས་འབྱིན་རྔུབ་ཀྱིས་གློ་བའི་ནང་རླུང་ཤུགས་ཆེན་པོ་ཁ་ཤས་ཕར་འགྲོ་ཚུར་འོང་བྱེད་བཅུག་པ་ཡིན། སྐབས་དེར་ང་ལ་སྤྲོ་སྣང་གནོན་དཀའ་བ་འདྲ་ཞིག་འདུག་པས་མཆོང་ལྡིང་འདྲ་བྱེད་འདོད་ཡོང་གི་འདུག་ཀྱང་། དེ་ཡང་སྟབས་བདེ་ཞིག་མི་འདུག ཕྱིས་སུ་གོ་ཐོས་ལྟར་ན་ཡུལ་འདིར་ཤིང་འབྲས་ཡང་ཧ་ཅང་མང་པོ་སྐྱེ་བར་མ་ཟད། ནས་དང་། འབྲས། གྲོ། སྲན་མ་སོགས་འབྲུ་རིགས་ཀྱང་ལོ་གཅིག་ལ་དུས་གསུམ་དུ་སྨིན་པར་བཤད། མོན་ཡུལ་སྐྱིད་མོའི་ལྗོངས་ཟེར་བ་དོན་ལ་གནས་འདུག་བསམ་བྱུང་།
ཉིན་གུང་རྗེས་རྟ་དབང་དགོན་པར་མཆོད་མཇལ་ལ་སོང་། དགོན་པའི་ཕྱག་མཛོད་ཟུར་པ་ཞིག་གིས་ལམ་ཁྲིད་དེ་རྐང་ལམ་བརྒྱུད་ཆུ་ཚོད་ཕྱེད་ཙམ་གྱིས་རྟ་དབང་དགོན་པར་སླེབས། བཤད་སྲོལ་ཞིག་ལ་ཡུལ་འདིའི་མིང་ལ་ཡུལ་མཎ་ཌལ་སྒང་ཟེར་བ་དང་ཕྱིས་སུ་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་གནས་དེར་རྟ་མགྲིན་གྱི་དབང་གནང་བས་རྟ་དབང་ཞེས་མིང་ཐོག་ཚུལ་ཐོས། མེ་རག་བླ་མའི་ཆིབ་རྟའི་ལོ་རྒྱུས་དང་འབྲེལ་བའི་བཤད་སྲོལ་ཅིག་ཀྱང་ཡོད་ཚུལ་འདུག
གང་ལྟར་ཡང་རྟ་དབང་དགོན་ནི་འཇམ་དབྱངས་ཆོས་འཁོར་གླིང་ནས་རྒྱང་གྲགས་གཅིག་ཙམ་གྱིས་ཆོད་ཅིང་། རི་རྒྱུད་གཅིག་པའི་རི་སྒང་མཐོ་བ་ལ་ཞིག་ཏུ་ཆགས་འདུག དགོན་པའི་ཕྱོགས་སུ་འགྲོ་ཞོར་དུ་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཀྱི་ནང་ཚན་མཁའ་འགྲོ་མ་འགྲོ་བ་བཟང་མོ་དང་རྒྱལ་བོ་ཀ་ལ་དབང་པོའི་ཕོ་བྲང་། བདུད་མོ་ཧ་ཅང་མའི་ཁང་བ་དང་སྡེ་བ་བཅས་ས་འདིའི་གཡས་གཡོན་དུ་ཡོད་ཚུལ་དང་། རྒྱལ་བོ་ཀཱ་ལ་དབང་པོའི་སྲས་གཉིས་ས་ཆ་གང་ཞིག་ཏུ་སྦས་སྐུང་བྱས་པ་དང་། རྗེས་སུ་བདུད་མོ་ཧ་ཅང་མས་མཐོང་ནས་ཕ་རིའི་གྲོང་ཚོ་དེའི་འོག་གི་གཡང་གཟར་དུ་གཡུག་ཚུལ་སོགས་དང་། གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་དང་། སོག་པོ་དཔོན་ཞིག་གིས་ཨོ་རྒྱན་གླིང་སོགས་དགོན་སྡེ་གཏོར་བཅོམ་བྱས་སྐབས་ཨོ་རྒྱན་གླིང་གི་རྩ་ཆེའི་ཅ་དངོས་རྟ་དབང་དགོན་དུ་སྦས་སྐུང་བྱས་རབས་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་ས་གནས་འདིར་ཡོད་ཚུལ་སོགས་ལོ་རྒྱུས་ཐར་ཐོར་ཅིག་ཧ་གོ་བྱུང་བས་གནས་འདི་ལ་སྔར་དང་མི་འདྲ་བའི་གོ་རྟོགས་ཅུང་ཙམ་རྙེད།
སྔར་ནས་ལྷ་སྒྲུང་གི་རྣམ་པས་ཅུང་ཙམ་གོ་མྱོང་ཡོད་པ་ལྟར། མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལོ་རྒྱུས་ས་གནས་དེ་དང་འདི་ཞེས་ངོ་སྤྲོད་གནང་སྐབས་དངོས་ཡོད་འཚོ་བའི་ནང་བྱུང་བའི་སྣང་བ་ཞིག་བསྐྲུན་པར་བྱས་སོང་། བཤད་སྲོལ་ལ་གནས་འདི་ནི་ཡུལ་མཎ་ཌལ་སྒང་ཞེས་རྒྱལ་བོ་ཀཱ་ལ་དབང་པོའི་ཕོ་བྲང་གི་ཤུལ་ཡིན་ཚུལ་འདུག རྟ་དབང་དགོན་པའི་འདུ་ཁང་ཆེན་མོ་ནི་གྲྭ་ཚོགས་གཅིག་སྟོང་ཤོང་ཨེ་ཡོང་བསམ་པ་ཞིག་ལ། ཐོག་བརྩེགས་གཉིས་པ་དགོན་པའི་མཁན་རིན་པོ་ཆེའི་གཟིམ་ཆུང་དང་། ཐོག་བརྩེགས་གསུམ་པ་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གཟིམ་ཆུང་ཡིན་འདུག མདུན་ཐང་ཧ་ཅང་ཆེ་རྒྱུ་མེད་ནའང་དར་ཤིང་སྦོམ་ལ་རྩེ་མོ་དགུང་ལ་བསྙེག་པ་ཞིག་ལ་དར་ལྗང་ཁུའི་དར་ལྕོགས་འཐེན་འདུག འདུ་ཁང་ཕྱི་ནང་ཚང་མ་བོད་ཡུལ་གྱི་དགོན་པ་ཞིག་དང་གཉིས་སུ་མེད་ལ། སྒོ་འགྲམ་དུ་སྲིད་པ་འཁོར་ལོ་དང་རྒྱ་ཆེན་བཞི། སོག་པོ་སྟག་ཁྲིད་དང་། ཚེ་རིང་རྣམ་དྲུག་གི་སྣང་བརྙན་བཅས་འདུག་ལ། རྟེན་གཙོ་ཐུབ་དབང་ཐོག་ཚད་གཉིས་ཅན་ཞིག་དང་། འདུ་ཁང་ནང་གི་གཡས་ཟུར་ན་སྲུང་མའི་རྟེན་ཞལ་ཁེབ་ཅན་ཞིག་དང་། དེའི་གཡས་ཕྱོགས་སུ་ཟངས་གསེར་ལས་གྲུབ་པའི་རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་བརྙན་ཆེ་ལེགས་གཅིག་དང་། གཡོན་ཕྱོགས་སུ་མེ་རག་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་བརྙན་རྒྱུ་ཆ་དང་ཆེ་ཚད་གཅིག་མཚུངས་ཤིག་འདུག གཞན་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་གསུང་རབ་སོགས་མང་པོ་འདུག།རྟ་དབང་དགོན་པའི་འགྲེམ་སྟོན་ཁང་དུ་གྲི་དང་མེ་མདའ་རྙིང་པ། སིལ་སྙན་དང་འཁར་ཟངས་རྙིང་པ། གྱོན་གོས་རྙིང་པ་སོགས་མང་པོ་འདུག་ཅིང་། ཅུང་དམིགས་བསལ་བ་ཞིག་ལ་དུས་རབས་བདུན་པའི་ནང་མཁའ་འགྲོ་མ་འགྲོ་བ་བཟང་མོའི་མ་ཡུམ་གྱིས་ས་བསྔོགས་པའི་སྐབས་རྙེད་པར་བཤད་པའི་གླང་ཆེན་གྱི་མཆེ་བ་དེ་རེད། དེ་ནི་དེ་སྔ་མཐོང་མ་མྱོང་པའི་མཆེ་བ་ཞིག་ལ་རིང་ཚད་གཞི་འདོམས་གཅིག་ལྷག་འདུག།འགྲེལ་བཤད་ནང་དུས་རབ་བདུན་པའི་ནང་མཁའ་འགྲོ་མ་འགྲོ་བཟང་མོའི་མ་ཡུམ་གྱིས་ལྷ་རྒྱལ་ལར་སོ་ནམས་ཞིང་ལས་གནང་སྐབས་ས་བྲུས་ཏེ་རྙེད་པའི་གླང་ཆེན་མཆེ་བ་ཆ་གཅིག་ཅེས་འཁོད་འདུག
ཉིན་གཉིས་པར། རི་སྐྱ་རིན་པོ་ཆེའི་སྐུ་དངོས་ཀྱིས་རླངས་འཁོར་བསྐོར་ནས་ང་ཚོ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་དུ་བསྐྱོད། གནས་དེར་ཨོ་རྒྱན་གླིང་ཟེར་ཞིང་། འདུ་ཁང་ནང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དགུང་ལོ་བཞི་ལྔ་ཙམ་བཞེས་སྐབས་ཤིག་ལ་རྡོ་ལ་བཞག་པ་རེད་ཟེར་བའི་ཞབས་རྗེས་ཤིག་དང་། ཁོང་གི་དབུ་ཐོད་ཀྱི་རྗེས་ཡིན་ཚུལ་གྱི་རྡོ་ལ་བཀོད་པའི་དབུ་ཐོད་ཀྱི་རྗེས་ཤུལ་ཞིག་བཅས་ཡོད་པ་དང་། དར་དཀར་པོ་ཞིག་ལ་ཕྱག་གཉིས་ཀྱི་རྗེས་ཤུལ་བཞག་པ་ཞིག་འདུག དེ་ནི་༸གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་བ་མཆོག་བཙན་བྱོལ་དུ་ཕེབས་སྐབས། གནས་འདིར་ཞབས་སོར་འཁོད་དེ། གོང་གི་ཞབས་རྗེས་དང་དབུ་ཐོད་ཀྱི་རྗེས་གཉིས་གཟིགས་པ་དང་། ཞབས་རྗེས་དང་དབུ་ཐོད་ཀྱི་རྗེས་གཉིས་ཀ་འདུག་ཀྱང་ཕྱག་རྗེས་མི་འདུག་དེ་ངས་ཕབ་དགོས་གསུངས་ཏེ། དར་དཀར་པོ་ཞིག་ལ་ཕྱག་རྗེས་གཉིས་མཉམ་དུ་བཞག་པ་རེད་ཟེར་གྱིན་འདུག།ཡི་གེ་དམར་པོ་ཐིག་ཕྲེང་ཁ་ཤས་འདུག་ཀྱང་ཀློག་ཐུབ་ཀྱི་མི་འདུག འདུ་ཁང་གི་གཡོན་ཟུར་སྐས་འགྲམ་དུ་ཆུ་མིག་ཆུང་ཆུང་ཁ་རྡོ་ལེབ་ཀྱིས་བཅད་ཡོད་པ་ཞིག་འདུག་པ་ནི། ཚངས་དབྱངས་རྒྱ་མཚོའི་མ་ཡུམ་ཀྱིས་ཆུ་ལེན་ས་ཡིན་པ་དང་། དེང་སང་ཡུལ་མིས་བྱིན་རླབས་ཅན་དུ་བརྩིས་ནས་འཐུང་སྲོལ་འདུག འཐུང་ན་དྲི་བཟང་འཐུལ་གྱིན་འདུག་པ་ནི་དེ་གའི་མཆོད་ཆུ་ཆུ་མིག་ནང་བླུགས་པ་ཡིན་ནམ་སྙམ། གང་ལྟར་ཆུ་དེ་ཕྱི་ལོགས་སུ་བཞུར་གྱི་མི་འདུག།འདུ་ཁང་གི་གཡས་ཕྱོགས་སུ་ཤིང་སྡོང་ཧ་ཅང་ཆེན་པོ་སྐོར་ལམ་ཅན་ཞིག་འདུག་ལ་ཡུལ་མི་ཚོས་དེ་ལ་བསྐོར་བ་བྱ་སྲོལ་ཡོད་པ་དང་། ༸གོང་ས་ཡིད་བཞིན་ནོར་བུ་ནམ་ཕེབས་ལ་ཞབས་སྐོར་ལ་ཕེབས་ཀྱི་འདུག་ཟེར་བ་ཙམ་ལས་འགྲེལ་བཤད་གཞན་རྩད་མ་ཆོད།
ཉིན་གསུམ་པ། སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དགོན་པའི་ཕྱག་མཛོད་ཀྱིས་དགོན་པའི་རླངས་འཁོར་བསྐོར་ཏེ་ང་ཚོ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མ་ཡུམ་གྱི་གཞིས་ཀར་འགྲོ་བའི་ལམ་དུ་ཆས། རི་གཤམ་དུ་རླངས་འཁོར་གྱིས་ཆུ་ཚོད་གཅིག་ལྷག་སོང་ན་སླེབས་ཀྱི་འདུག དེ་ན་ལྷ་ཁང་ཆུང་ཆུང་ཞིག་གི་ནང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་དང་ཡབ་ཡུམ། བླ་མ་ཨོ་རྒྱན་བཟང་པོ་དང་། མཁན་སློབ་ཆོས་གསུམ་གྱི་འབག་སྐུ་བཅས་ཡོད་པ་དང་། ལྷ་ཁང་བདག་པོ་ནི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མ་ཡུམ་གྱི་མི་རྒྱུད་ཡིན་ཚུལ་འདུག དེ་ནས་ཅུང་ཙམ་གཤམ་ཏུ་སོང་བའི་འབྲས་ཞིང་གི་དཀྱིལ་དུ། ཚངས་དབྱངས་རྒྱ་མཚོའི་མ་ཡུམ་གྱིས་ཞིང་རྨོ་བའི་སྐབས། ཁ་སྐོམ་པས་ས་བྲུས་ནས་ཐོན་པའི་ཆུ་མིག་ཡིན་ཚུལ་འདུག་པའི་ཆུ་མིག་ཅིག་ཀྱང་འདུག།ཚངས་དབྱངས་རྒྱ་མཚོའི་མ་ཡུམ་གྱི་བཞུགས་གནས་སུ་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་རས་གཞིའི་ཐོག་བྲིས་པ་ཞིག་ལ། དགའ་ལྡན་ཕོ་བྲང་གི་དམ་ཕྲུག་དང་། སྐབས་དེའི་རྫོང་དཔོན་གྱི་དམ་ཕྲུག་བཅས་ཕབ་པ་ཞིག་ཡོད་ཚུལ་འདུག་ཀྱང་། རྐུན་མར་ཤོར་དོགས་ཀྱིས་ས་གནས་གཞན་དུ་ཁྱེར་འདུག་པས་མཇལ་རྒྱུ་མ་བྱུང་ཡང་། དེའི་ནང་དོན་ནི་སྡེ་བ་གཞུང་ལ་སང་ཕྱིན་རྒྱལ་དབང་ཚང་གི་ཁྱིམ་གཞིས་ཀྱིས་ཁྲལ་འཇལ་མི་དགོས་པ་དང་། ས་འདི་མི་གཞན་གྱིས་བདག་དབང་མི་ཆོག་པར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཡབ་གཞིས་ལ་དབང་དགོས་ཞེས་པའི་ནང་དོན་ཅན་ཞིག་ཡིན་ཚོད་འདུག ལོ་ལྟར ༸རྒྱལ་བའི་འཁྲུངས་སྐར་ཉིན་དེ་ཚོ་འགྲེམ་སྟོན་བྱེད་སྲོལ་ཡོད་འདུག མོན་ཡུལ་འདིར་སྔར་གྱི་དགའ་ལྡན་ཕོ་བྲང་གི་ཁྲལ་བསྡུ་ཁང་ཞིག་ཀྱང་ཡོད་ཚུལ་ཐོས།
དེ་ནས་རི་གཤམ་དུ་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་ལ་ལྟ་བར་ཕྱིན། ཆུ་འགག་ཏུ་སླེབས་པ་དང་ལྕགས་ཟམ་ཟེར་བའི་གྲོང་ཚོ་ཆུང་ཆུང་ཞིག་འདུག།ཐང་སྟོང་ལྕགས་ཟམ་གྱི་ཉེ་འཁྲིས་སུ་དེང་རབས་ཀྱི་ལྕགས་ཟམ་ཅིག་ཀྱང་འདུག་མོད། ང་ཚོས་རྟེན་འབྲེལ་བསམ་པའམ་ཡང་ན་ཞེན་ཁོག་གིས་ཐང་སྟོང་ལྕགས་ཟམ་ཐོག་ཆུའི་ཕ་རོལ་དུ་སོང་། སྐབས་དེར་ཡུལ་མི་ཅིག་གིས་རྩ་ཁུར་བོ་ཞིག་ཁུར་ནས་སླེབས་པ་ཡང་ལྕགས་ཟམ་རྙིང་པའི་ཐོག་ཆུའི་ཕ་རོལ་དུ་ཕྱིན་སོང་། བོད་མིའི་ངག་རྒྱུན་ལ་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་ཞེས་རླུང་ལྟར་གྲགས་མོད། ཁོ་བོས་མཐོང་བ་ཐོག་མ་ཡིན་པས་བོད་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལྕགས་ཟམ་ལ་ཞིབ་ལྟ་བྱས་པ་ཡིན། དེ་ནི་ལྕགས་ནག་པོ་ཟུར་བཞི་ཅན་ལྕགས་ཀྱི་ཨ་ལུང་ནར་མོ་ཅུང་རིང་བ། མཐུད་མཚམས་སུ་ཚྭ་ལ་མེད་པར་བརྡུངས་ནས་འབྱར་བཅུག་པའི་ལྕགས་ཐག་རིང་བོ་བཞི་ཆུའི་ཕ་རོལ་དུ་འཐེན་ཡོད་པ་ཞིག་རེད་འདུག་ལ། དེ་ལྟ་བུའི་ལྕགས་ཐག་ལྗིད་ཚད་ཆེན་པོ་ཅན་དེ་ཚོ་ཅི་ལྟར་ཐོན་སྐྱེད་དང་སྐྱེད་འདྲེན་བྱས་པ་དང་། ཆུ་ཆེན་པོ་འདི་ལྟ་བུའི་ཕ་རོལ་ཏུ་ཇི་ཅི་ལྟར་འཐེན་པ་ཡིན་ནམ་སྙམ་ཞིང་། གང་ལྟར་ལྕགས་ཟམ་དེས་སྐབས་དེའི་བོད་མི་རིགས་ལ་ཕན་ཐོགས་ཧ་ཅང་རྒྱ་ཆེན་བསྐྲུན་ཡོད་པ་སྨོས་ཅི་ལ་དགོས། ཕྱིས་སུ་གོ་ཐོས་ལྟར་ན་ལྕགས་ཐག་གཉིས་མ་གཏོགས་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་གྱི་མིན་ཚུལ་དང་། ཐང་སྟོང་རྒྱལ་བོའི་ལྕགས་ཟམ་གྱི་ལྕགས་ཐག་གི་ཨ་ལུང་ལ་མཐུད་མཚམས་མེད་པ་དང་། དེ་ནི་གྲུབ་ཆེན་ཁོང་གིས་གཏེར་ནས་བཏོན་པ་ཡིན་ཚུལ་སོགས་ཐོས་ཀྱང་། དེ་རྗེས་ང་ལྕགས་ཟམ་འཁྲིས་སུ་འགྲོ་ལོང་མ་བྱུང་བས་བདེན་མིན་བཤད་ཚོད་མ་ཐིག ང་ཚོ་ཆུའི་ཕར་ཕྱོགས་སུ་ཕྱིན་ཏེ། ལམ་ཁྲིད་སེར་བྱེས་གྲྭ་ཟུར་མོན་པ་ཞིག་ཡོད་པ་ཁོང་དང་ལྷན་དུ་ཁ་བརྡ་བྱེད་སྐབས་ཁོང་གིས་གསུངས་དོན། ཡུལ་མིས་བཤད་ཚུལ་ལ་མོན་ལུང་པར་ཐང་སྟོང་རྒྱལ་བོའི་ལྕགས་ཟམ་གསུམ་ཡོད་འདུག་ཀྱང་། དེང་སང་གཉིས་མ་གཏོགས་མཐོང་རྒྱུ་མི་འདུག གཅིག་སྒོ་ཟམ་མཆོད་རྟེན་ཕྱོགས་ན་ཡོད་པས་འདི་ནས་ཅུང་ཐག་རིང་པོ་རེད་ཟེར། རྒྱུགས་ཆུ་ཆེན་པོ་འདི་བོད་ནས་ཡོང་བ་དང་འབྲུག་པའི་ནང་འབབ་ཀྱི་ཡོད་ཚུལ་སོགས་བཤད་རྗེས་ང་ཚོ་ཕྱིར་འགྲོ་བའི་ལམ་དུ་ཆས།
ལམ་བར་ལྷ་བྱ་ཁུ་བྱུག་སྔོན་མོའི་སྐད་སྙན་ལྷང་ལྷང་གྲག་པ་གོ་བས། ལས་རོགས་ཕྱག་མཛོད་བློ་བཟང་སྒྲ་དབྱངས་ཀྱིས་ཀྱང་ཡུན་རིང་རེ་བའི་འདོན་དོན་འགྲུབ་པ་ལྟར་རྣ་བ་གཏད་ནས་ཉན་གྱི་འདུག་ལ། སླར་ཡང་ཐེངས་ཤས་གྲག་པས་ཁོའི་ངོ་ལའང་འཛུམ་ཞིག་ལངས་ཏེ་ངོ་མ་གྲག་གིན་འདུག་ཟེར། དགའ་སྣང་དང་དུངས་པ་ཟད་མི་ཤེས་པ་ཞིག་སྐྱེས་ཏེ་གནས་དེར་ཡུན་རིང་འདུག་རྒྱུ་བྱུང་ན་བསམ་ཡང་། ལས་ཀའི་དགོས་མཁོ་དང་འགྲོ་རོགས་ཚོར་བསྟུན་དགོས་པས་ཤར་མར་ལམ་དུ་ཆས། ལམ་བར་དུ་ཕྱག་མཛོད་ཚོའི་ངོ་ཤེས་ཁྱིམ་ཚང་ཞིག་ཏུ་ཉིན་གུང་ཟ་མ་ཟོས་ཏེ་དགོན་པར་ལོག
ཉིན་འདིའི་དགོང་མོར་སྤུན་དང་འདྲ་བའི་གྲོགས་པོ་ལྷ་རམས་པ་བཀྲ་ཤིས་བཟང་པོ་སེར་བྱེས་གྲྭ་ཚང་གིས་དེ་གར་དཔེ་ཁྲིད་དགེ་རྒན་དུ་བསྐོ་བཞག་གནང་བ་ལྟར་ཁོང་དང་ལས་རོགས་དགེ་བཤེས་ཁ་ཤས་བཅས་མོན་ཡུལ་དུ་ཕེབས་ཐོན་གནང་བྱུང་།
ཉིན་བཞི་བར་ངལ་གསོ།
ཉིན་ལྔ་བ། སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་ཕྱག་མཛོད་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་དུ་ཞུགས། ཐོག་ཁང་གཡས་སུ་རྒྱལ་དབང་ཡིད་བཞིན་ནོར་བུའི་གཟིམ་ཤག་དང་། དེར་བཅོམ་ལྡན་གདུགས་དཀར་མོའི་ཐང་ཀ་རྙིང་པ་ཞིག་གིས་མཚོན་སྐུ་གསུང་ཐུགས་རྟེན་མང་པོ་དང་། བཞུགས་ཁྲི་བཞུགས་གདན་གྱིས་མཚོན་པའི་ཡོ་བྱད་སྣ་འཛོམས་པ་ཞིག་འདུག ཐོག་ཁང་གཡོན་དུ་དགོན་པའི་མཁན་རིན་པོ་ཆེའི་གཟིམ་ཤག་ནང་ཆས་བཅས་དང་། འདུ་ཁང་ནང་༸གོང་ས་རྒྱ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ཕྱག་གཉིས་ཀྱི་རྗེས་ཐང་ཀའི་རྒྱག་ལོག་ཏུ་དཔར་ཡོད་པའི་རྩ་ཆེའི་ཐང་ཀའི་གཙོས་སྐུ་གསུང་ཐུགས་རྟེན་གང་མང་འདུག སྣམ་བུའི་ཟླ་གམ་དང་། ཞྭ་མོ་རྔོག་སེར་ཅན་གྲྭ་གྲངས་ཉིས་བརྒྱ་ཙམ་ལ་ལྡེང་ངེས་ཤིག་དང་། ཨ་ཏི་ཤཱ་ནང་བསྟན་རིག་གཞུང་སློབ་གཉེར་ཁང་ཞེས་པའི་སློ་གྲྭ་འཛིན་གྲྭ་བརྒྱད་པ་བར་དང་། འཛིན་གྲྭ་གསུམ་པ་ནས་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་བྱེད་བཞིན་པ་རེད་འདུག འཛིན་གྲྭ་བརྒྱད་པ་ཐོན་མཚམས་ནས་སེར་བྱེས་སློབ་གྲྭའམ་ཡང་ན་སེར་བྱེས་ཆོས་གྲྭ་གང་རུང་ལ་ཞུགས་པའི་ལམ་སྲོལ་ཡོད་ཁར། དགོན་པ་འདི་ལ་གྲྭ་གྲངས་བརྒྱ་ལྷག་དང་གཞི་གསུམ་གྱི་ཕྱག་ལེན་ཚད་ལྡན་ཡོད་ཐོག་སེར་བྱེས་གྲྭ་ཚང་གིས་བསྐོ་བཞག་གནང་བའི་དགོན་པའི་མཁན་རིན་པོ་ཆེ་དང་། ཕྱག་མཛོད་གཉིས། དགེ་བསྐོས། དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་གཉིས་ནས་གསུམ་བར་བཞུགས་པ་དང་། སློབ་ཕྲུག་ཚོར་དགེ་རྒན་བརྒྱད་དང་སེ་ར་ནས་ཆེད་མངགས་གནང་བའི་འདོན་པ་སློབ་མཁན་དགེ་བཤེས་གཅིག་བཅས་ཀྱིས་ལོ་འཁོར་གསུམ་གྱི་རིང་ལ་ཕྱག་ལས་གནང་སྲོལ་བྱུང་ནས་ཕྱག་མཛོད་སྐབས་བཞི་བས་གསར་དུ་རྩིས་ལེན་གནང་བ་རེད།
སྤྱི་ཟླ་༤ ཚེས་༦ ཉིན་རི་སྐྱ་མཆོག་སྤྲུལ་རིན་པོ་ཆེ་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་པོར་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཤིང་། ཡུལ་སྲོལ་དང་ཆོས་སྲོལ་གྱི་ཆོ་ག་མཐའ་དག་ལེགས་པར་གྲུབ་སྟེ་གཞིས་བྱེས་ཀུན་ལ་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་འཕར་ལེགས་པོར་འགྲིག་ཅིང་། ཐེངས་འདིར་མོན་ཡུལ་དུ་ཡོང་བའི་ལས་འགན་ཀྱང་ཡོངས་སུ་གྲུབ་སྟེ། ཕྱི་ཉིན་འབྲས་ལྗོངས་ལ་འགྲོ་བའི་སྟ་གོན་དུ་ཞུགས། (མུ་འགོད།)
ལམ་དུ་ཆས་པའི་ལམ་ཡིག་བཀླགས་པས་དགའ་བོ་བྱུང་། ཡག་པོ་འདུག་ཐུགས་རྗེ་ཆེ། ཡི་གེ་བ་ཞིག་བསྐྱོད་པའི་གོ་བ་འདི་རེད་བསམས། ལམ་བདེ།
༄༅། སེར་བྱེས་དགེ་བཤེས་ར་ར་རྒྱ་བློ་བཟང་དཔལ་ལྡན་མཆོག་ནས་དཔེ་ཡག་པོ་བྲིས་གནང་
འདུག་པ་སྙན་པོ་ཞེ་དྲག་འདུག་། ཐོག་མའི་སྐབས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐོར་ཅི་ཡང་
མི་འདུག་ཅེས་ངས་མཆན་ཡང་བྲིས་ཡིན། ད་རིང་གསལ་པོ་བྲིས་གནང་འདུག་པ་ཐུགས་རྗེ་ཆེ།
དགའ་ཡང་དགའ་སོང། སྐྱོ་ཡང་སྐྱོ་སོང།
སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན་ལེགས།
སྐུ་ཉིད་ཡུལ་གྲུ་དུ་མར་ཕེབས་པ་ན། ཞོགས་པ་ཞེས་པ་སྔ་དྲོའི་དོན་ས་གནས་དེ་དང་དེ་རུ་བྱེད་སྤྱོད་བྱེད་པ་གཟིགས་ལགས་སམ། གཞན་ཡང་། རྒྱ་ཆེན་བཞི། ཕྲེང་བཅུ་བཞི་བ་ ངོ་མ་ དགོང་མོ་ ཞེས་པ་རྣམས་བདག་གི་བྲེས་དང་མི་མཐུན ་ནོ།
ཨ་ཏི་ཤཱ་ ལ་ཨ་ཏི་ཤ་ཞེས་ཡོངས་གྲགས་སུ་འབྲི་ཡང་། ཚིག་དེ་ལེགས་སྦྱར་མཛོད་དག་ན་མེད། ཞིབ་ཏུ་བལྟ་ན། ཨ་ཏི་ཤ་ཡ། ཞེས་ཕུལ་ཏུ་བྱུང་བའི་དོན་དུ་བྲིས་པ། བོད་མཁས་པས་གསུངས་པ་མཐུན་ནོ།
་
བཞུར་གྱི་དོན་དག་གང་ལགས་སམ།
ནུག་ཏིས་བྱས་ན་ཡག་པོ་འཇུག་འོད་བྲིས་གནང་འདུག ཡིན་ནའང་ཁོང་གིས་རི་མགོའི་དགོན་ཆེན་ཕྱུག་པོ་ཚོ་ལ་གཟིགས་པ་ཆེ་བ་མ་གཏོགས། རི་གཤམ་ཀྱི་དགོན་ཏོག་ཉམ་ཆུང་ཚོ་ལ་སྣང་མེད་རྩིས་མེད་བཏང་མེད་དམ་སྙམ་བྱུང་། །
སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན་ལགས་ཀྱིས་སྤྱི་ཟླ་༤ཚེས་༦ཉིན་རི་སྐྱ་མཆོག་སྤྲུལ་རིན་པོ་ཆེ་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་པོར་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཞེས་བྲིས་པར་དཔྱད་ཚེ། ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ལམ། ༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཞེས་དགོས་ཀྱང་། ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་ཞེས་སོ་སྐྱེ་ཐ་མལ་པ་ཞིག་གི་ཡུལ་དུ་བསྐྱོད་པ་ལྟ་བུ་བྲིས་འདུག་པས་བློ་མ་བདེ། གཞན་ཡང་བར་ལམ་གསར་ཤོག་འགའི་ནང་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྐུ་ངལ་ཕྲད་དུས་ཀརྨ་བླ་བྲང་དང་ཀརྨ་བླ་བྲང་དང་། ལམ་འབྲས་བརྒྱུད་པའི་བསྟན་བདག་དཔལ་ས་སྐྱའི་ཁྲི་འཛིན་ཡབ་སྲས་རྣམས་ལ་གུས་ཞབས་མེད་པ་དང་། མཚན་སྨད་ཞུས་པ་མཐོང་དུས་བློ་མ་བདེ་བ་བྱུང་ཞེས་ཞོར་དུ་འཕྲོས་སོ།