སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
ལྔ། སྦས་ཡུལ་འབྲས་མོ་ལྗོངས།
མོན་ཡུལ་ནས་འབྲས་ལྗོངས་ལ་འགྲོ་བའི་ལམ་བར་ཡང་རི་མཐོ་ལ་རོང་ཟབ་པ། ས་བབ་རྩུབ་པ་དང་། ལམ་མི་བཟང་བ་སོགས་འགྲུལ་བཞུད་དཀའ་ཙམ་བྱུང་ལ། རླངས་འཁོར་ནང་ཆུ་ཚོད་༣༠ ཙམ་ལ་རི་ལུང་ཐང་གསུམ་དང་། གྲོང་དང་གྲོང་རྡལ་མང་པོ་བརྒྱུད་མཐར་འབྲས་ལྗོངས་སེར་བྱེས་འགྲོ་ཕན་གླིང་ལ་སླེབས། དེ་གའི་ཕྱག་མཛོད་གཉིས་ཀྱིས་སྣེ་ལེན་གང་བཟང་དང་། ཡུལ་དང་དགོན་པའི་གནས་ཚུལ་སོགས་འགྲེལ་བཤད་མང་པོ་གནང་སོང་། གནས་འདི་ནི་བོད་ཡུལ་གྱི་གྲོ་མོ་ས་མཚམས་དང་སྤྱི་ལེ ་༥༢ ཙམ་གྱི་སར་ཡོད་པ་དང་། སྒང་ཏོག་གྲོང་ཁྱེར་ནི་ཤི་རིའི་ཀོ་རིའི་ནས་སྤྱི་ལེ་༡༡༣་ཙམ་ན་འདུག ཤིང་ནགས་ཧ་ཅང་སྟུག་པའི་ལུང་པ་ཕུ་ཐག་རིང་པོ་སྟོད་ཀྱི་ཁ་ཞེང་ཅུང་ཆེ་ས་ཞིག་གི་དཀྱིལ་སྙིང་ལྟ་བུའི་རི་ཟླུམ་པོ་ཞིག་གི་ཕྱོགས་ཡོངས་ལ་ཆགས་འདུག་པ་དང་། བོད་ལུགས་སྒོ་ཆེན་དང་དར་ལྕོགས་མང་ནའང་བོད་ཡིག་སྒོ་བྱང་ནི་འབྲས་ལྗོངས་ཆོས་རིག་དང་རིག་གཞུང་སྲུང་སྐྱོབ་ཁང་དང་། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ཞེས་པ་སོགས་ཁ་ཤས་ལས་མཐོང་དཀོན་པོ་རེད་འདུག བོད་ལྭ་གྱོན་པའི་འབྲས་ལྗོངས་པ་མང་ནའང་བོད་སྐད་ཤེས་མཁན་ཧ་ཅང་དཀོན་པར་མ་ཟད། དེར་གནས་པའི་ཁ་འཐོར་བོད་པ་ཚོས་ཀྱང་སྔོན་བལ་བོའི་སྐད་མ་གཏོགས་བཤད་ཀྱིན་མེད་ཀྱང་། དེང་སང་བོད་སྐད་བཤད་མཁན་མང་དུ་འགྲོ་བཞིན་ཡོད་ཚུལ་འདུག །
སེར་བྱེས་སྒང་ཏོག་འགྲོ་ཕན་གླིང་ནི་བྲག་རྡོ་ཆེན་པོ་མང་བའི་རི་ངོས་ཤིག་ལ་ཆགས་འདུག་པ་དང་། ས་གནས་དེ་ནི་གནའ་བོའི་བོད་ཀྱི་ཚོང་པ་རྣམས་ཡར་འགྲོ་མར་འགྲོ་སྐབས་ཚ་འབོག་བྱ་ས་ཡིན་ཚུལ་དང་། དེ་ལ་དབྱིན་སྐད་ནང་བོད་ཀྱི་ལམ་ཞེས་འབོད་སྲོལ་ད་ལྟ་ཡང་འདུག།འདུ་ཁང་གཡས་ཕྱོགས་ཀྱི་མར་གཤམ་ལམ་ཟུར་དུ་བྲག་ཆེན་པོ་ངོས་ལ་སངས་རྒྱས་འོད་དཔག་མེད་མགོན་གཙོ་སྐུ་དང་། གཡས་སུ་སྤྱན་རས་གཟིགས་སྐུ་བཞེངས་གནང་བ་དང་། གཡོན་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཅས་ཀྱི་རྡོ་བརྐོས་ཡོད་པ་ཞིག་འདུག དེང་སང་ཡུལ་མི་ཚོས་ལྔ་ལམ་དུ་གྱུར་བའི་མིའི་ཕུང་པོ་དེར་ཁྱེར་ནས་ཅུང་ཙམ་བཞག་རྗེས། ཁ་བཏགས་གཡོགས་ཏེ་དུར་ཁྲོད་དུ་འཁྱེར་སྲོལ་འདུག་པ་སོགས། གནས་དེ་ཡུལ་མི་ཚོས་རྩ་ཆེན་ཞིག་ལ་བརྩི་བཞིན་འདུག དེའི་ཉེ་འཁྲིས་སུ་ཆུ་མིག་གཉིས་ཙམ་ད་ལྟ་ཡང་མཐོང་རྒྱུ་འདུག་ལ། ཡུལ་མི་ཚོས་ཅན་མ་རི་རྡ་ར་པ་ནི་(རྡ་ར་པ་ནི་ཞེས་པ་ནི་ཆུ་མིག་ཞེས་པའི་དོན་ཡིན་ཚུལ་འདུག)ཞེས་འབོད་ཀྱིན་འདུག ས་འདི་ན་བོད་ཡུལ་གྱི་རི་ཆུ་ལུང་གསུམ་གྱི་མིང་འདོགས་སྲོལ་ལྟར་ལ་ཆེན་དང་། ལ་ཆུང་། མཚོ། མཚོ་སྨད། ཨ་རིའི་ཐང་སོགས་ཀྱི་འབོད་སྲོལ་ད་ལྟ་ཡང་སྤྱོད་ཀྱི་འདུག སྨྱུག་མའི་ནགས་ཚལ་ཧ་ཅང་མང་བ་དང་། རྒྱ་གར་གྱི་ས་ཆ་གང་སར་མཐོང་རྒྱུ་ཡོད་པའི་སྨྱུག་མ་ཅུང་སྦོམ་པའི་རིགས་གཅིག་དང་། ཕྲ་བོའི་རིགས་གཉིས་ཡོད་པ་ལས་ཕྲ་བོའི་རིགས་དེ་འབྲས་ལྗོངས་རྒྱལ་བོས་བོད་ནས་ཁྱེར་ཡོང་སྟེ་བཏབ་པ་ཡིན་པར་བཤད་སྲོལ་འདུག
ས་འདི་ན་གྲོ་མོ་དང་། རྒྱང་རྩེ། གཞིས་ཀ་རྩེ་སོགས་ནས་ཐོན་པའི་སྦྲང་དཀར་རྩམ་པ་དང་མར་ཆུར་བ་སོགས་ཡོད་ཀྱང་གོང་ཚོད་ཆེ་ཙམ་འདུག སེར་བྱེས་འགྲོ་ཕན་གླིང་གི་ལས་ཁུངས་ཀྱི་མདུན་ཐང་དུ་ཤིང་གི་རྐུབ་སྟེགས་རིང་པོ་ཞིག་ཡོད་པ་དེར་བསྡད་ན། མཐོང་རྒྱ་ཡངས་པོར་ལྟ་ཐུབ་པ་མ་ཟད། བྱ་བྱེའུ་སྣ་ཚོགས་གྲག་པའི་གྲེ་འགྱུར་ལྷང་ལྷང་ཐོས་པ་དང་། ལྷག་པར་དུ་ལྷ་བྱ་ཁུ་བྱུག་གི་སྐད་སྙན་ཉིན་རྒྱུན་ཐོས་ཐུབ་པས་ལུས་སེམས་བག་ལྷོད་ངང་ཁུ་བྱུག་གི་གསུང་སྐད་ལ་ཚིམ་མེད་དུ་མྱོང་རོལ་བྱས་ཤིང་། མཚམས་རེར་སེམས་ཀྱི་འགྱུ་ཕྱོགས་རང་དབང་མེད་པར་རང་ཉིད་ཆུང་དུས་ཀྱི་ལང་ཚོ་དར་སའི་ཕ་ཡུལ་ལ་ཤོར་བ་ཞིག་འདུག། རང་ཉིད་ན་ཆུང་དུས་ཀྱི་དཔྱིད་མཇུག་དང་དབྱར་གཞུང་གི་དུས་སྐབས་དག་ཀྱང་། གནས་འདི་དང་འདྲ་བར་ཁུ་བྱུག་གི་གསུང་སྐད་སྙན་ལ། སྤང་ལྗོངས་ལ་མེ་ཏོག་བཞད། སྒོ་ཕྱུགས་ཀྱི་ཕྱྭ་གཡང་དར་ཞིང་། འོ་ཞོའི་རྒྱ་མཚོ་འཕྱུར་ཏེ། མི་རྣམས་གདོང་ལ་འཛུམ་མདངས་དང་། མིག་ལ་སྐྱིད་པའི་འོད་མདངས་བཞད་པའི་ངང་རང་ཉིད་ནར་སོན་པ་མིན་ནམ།
འོན་ཀྱང་། ལས་དབང་ངམ་སྟེས་དབང་། ཡང་ན། ཅི་བྱ་གཏོལ་མེད་ཀྱི་གདམ་གའི་འོག་རང་ཉིད་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་འདི་སྙེད་ཀྱི་རིང་ལ། ལྷ་བྱ་བྱུག་སྔོན་མོའི་གསུང་སྐད་ལ་འདི་ལྟར་རོལ་མྱོང་བྱས་པ་ཐོག་མ་ཡིན། སྤྱིར་ན་བོད་མིའི་བཤད་རྒྱུན་དང་དམངས་གླུ་སོགས་ཀྱི་ནང་ཁུ་བྱུག་ལ་བསྟོད་པའི་རྣམ་པ་ཤིན་ཏུ་མང་ལ། དངོས་གནས་ཁུ་བྱུག་གི་གསུང་སྐད་ནི་བོད་ལ་མཚོན་ན་ཆེས་བཀྲ་ཤིས་པ་ཞིག་ཀྱང་ཡིན་ཏེ། སྤྱིའི་ཆ་ནས་བོད་ཡུལ་ལ་དུས་བཞིའི་དབྱེ་བ་ཧ་ཅང་གསལ་ཞིང་། ཁྱད་པར་དུ་དབྱར་དགུན་གྱི་ཁྱད་པར་གནམ་སའི་ཚོད་དུ་ཡོད་པས། དགུན་ཁའི་གྲང་ངར་དང་གདུག་རྩུབ་ཡལ་བའི་རྗེས་སུ་གཞི་ནས་དྲོད་འཇམ་གྱི་རེག་བྱ་མྱོང་ཐུབ་ལ། དེའི་མུ་ལ་ལྷ་བྱ་ཁུ་བྱུག་གྲག་སྟེ་དབྱར་མགོ་འཛིན་པ་ཡིན་པས་ཁུ་བྱུག་ནི་བོད་མི་རྣམས་ཀྱིས་བཀྲ་ཤིས་ཤིང་བདེ་ལེགས་འབྱུང་བའི་ལྷ་བྱ་ལ་བརྩི་བ་དང་། དེ་རིང་ཁོ་བོ་ཡང་ལྷོད་འཇགས་ངང་ཁུ་བྱུག་གི་གསུང་སྐད་ལ་རོལ་མྱོང་བྱེད་བཞིན་ཆུང་དུས་འཚར་ལོང་བྱུང་སའི་ཕ་ས་ཕ་ཡུལ་དང་། གཉེན་བཤེས་མཛའ་བོ་རྣམས་ཕྱིར་དྲན་ཐེངས་ཤིག་གི་གོ་སྐབས་ཐོབ་པའང་དྲིན་དུ་ཆེ་བའི་ཚོར་བ་ཞིག་བྱུང་།
སྤྱི་ཟླ་ ༤ ཚེས་ ༡༤ ཉིན་ལས་གྲོགས་ཕྱག་མཛོད་བློ་བཟང་སྒྲ་དབྱངས་དང་ངེད་གཉིས་སྒེར་ངོས་ནས་རླངས་འཁོར་གླས་ཤིང་། བོད་མི་འབྲས་ལྗོངས་མི་སེར་ཆགས་པ་བོད་ཀྱི་ས་གནས་གཞོན་ནུའི་དྲུང་ཆེ་དང་<<བོད་རྒྱལ་ལོའི>>་ས་གནས་གསར་འགོད་པ་བསོད་ནམས་ལགས་མཉམ་དུ་ཁྲིད་དེ་བྲག་དཀར་བཀྲ་ཤིས་སྡིངས་ལ་གནས་མཇལ་དུ་འགྲོ་བའི་ལམ་དུ་ཆས། སྒང་ཏོག་ནས་ཆུ་ཚོད་༣ ལྷག་བགྲོད་མཐར་ར་བང་ལ་ཟེར་བའི་རི་མཐོ་བ་ཞིག་གི་ཐེམ་ན་གྲོང་ཚོ་ཆེ་ཙམ་འདུག་པ་དང་། དེ་གར་ཀུན་ཕན་གླིང་གཞིས་ཆགས་གྲོང་ཚོ་བདུན་ཙམ་ཡོད་འདུག དེ་གར་ངལ་གསོ་ཙམ་བྱས་རྗེས་རིའི་ཕར་ཕྱོགས་ལ་གཟར་བོ་ཞིག་ནས་མར་བབས་ན་བྲག་དཀར་བཀྲ་ཤིས་སྡིངས་དང་། གསང་ཆེན་པདྨ་ཡང་རྩེ་དགོན་སོགས་དགོན་མང་པོ་མཐོང་གི་འདུག་ལ། རི་འདིའི་གཡས་གཡོན་གྱི་རི་རྩེ་མང་ཆེ་བ་ན་དགོན་པ་རེ་འདུག་མོད། དགོན་པ་ཐམས་ཅད་རི་མགོར་ཡོད་པས་དགོན་པ་གཅིག་ནས་གཞན་གཅིག་ཏུ་འགྲོ་བར་རི་གཤམ་དུ་བབས་ནས་སླར་ཡང་རི་རྩེར་འཛེགས་དགོས་པས་བལྟས་ཚོད་ཀྱིས་ཐག་ཉེ་བའི་དགོན་པ་རེར་འགྲོ་བར་རླངས་འཁོར་ནང་ཆུ་ཚོད་འགའ་རེ་དགོས་ཤིང་། དགོན་པ་རེ་འགར་རྐང་ལམ་ཙམ་ལས་རླངས་འཁོར་ལམ་ཡོད་ཚོད་མི་འདུག།རི་གཤམ་དུ་བབས་ཏེ་ཀ་བ་མེད་པའི་ལྕགས་ཟམ་མཐོ་བ་ཞིག་བརྒྱུད་ཆུའི་ཕ་རོལ་དུ་སླེབས་མཚམས་གནས་རི་འདིའི་དབུ་རྩེར་འཛེགས་དགོས་འདུག།གནས་དེའི་གཡས་གཡོན་གཉིས་ཀྱི་ཆུ་ཕྲན་མདུན་གྱི་ཆུ་ཆེན་ལ་འདྲེས་ཤིང་། བྲག་རི་ཤིང་ནགས་ཀྱིས་བརྒྱན་པ་སྙིང་གི་དབྱིབས་ཅན་ཧ་ཅང་མཐོ་ལ་གཟར་བ། རྒྱབ་ཀྱི་རི་རྒྱུད་མ་གཏོགས་ཕྱོགས་ཡོངས་ཆུས་བསྐོར་ཡོད་པ་དང་། རྒྱབ་རིའི་རི་ཟུར་གྱི་ཉག་ལྟག་ཅུང་དམའ་བས་གནས་རི་འདི་གཡས་གཡོན་མདུན་རྒྱབ་ཀྱི་རི་གང་དང་ཡང་མ་འབྲེལ་བ་ལྟ་བུར་མཐོང་གི་འདུག རི་འབུར་གཉིས་ཀྱི་མཚམས་ནས་གནས་རིའི་དབུ་རྩེ་ལ་འགྲོ་བར་གང་འཚམ་བར་འཁོར་ལམ་འདུག་ཀྱང་། རི་རྩེར་མ་སླེབས་ཙམ་ནས་རྐང་ཐང་ལ་འགྲོ་དགོས་ཀྱི་འདུག གནས་འདི་དང་འབྲས་ལྗོངས་རྒྱལ་སའི་བར་དུ་རླངས་འཁོར་ནང་ཆུ་ཚོད་ལྔ་ཙམ་གྱི་ལམ་ཐག་རེད།
གནས་རི་དེའི་ཡང་རྩེ་ན་མཐོང་བ་རང་གྲོལ་ཟེར་བའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དང་། གཡས་གཡོན་ན་མཆོད་རྟེན་གྲངས་སུམ་བཅུ་སོ་བརྒྱད་ཡོད་པ་ལས་གཅིག་མ་གཏོགས་ཐམས་ཅད་རྩི་དཀར་བོ་ཡིན་པ་དང་། སེར་པོ་གཅིག་ཡོད་པ་ནི་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གདུང་རྟེན་ཡིན་ཞེས་འཁོད་འདུག མཐོང་བ་རང་གྲོལ་ནི་༸རྒྱལ་དབང་ལྔ་བ་ཆེན་པོས་ཐུགས་བཀོད་དང་ནང་རྟེན་གནང་ཚུལ་འདུག།དེ་མིན་བྲག་དཀར་བཀྲ་ཤིས་སྡིངས་ཁྲི། ཕུན་ཚོགས་རིག་འཛིན་དགའ་ཚལ་ཞེས་འཁོད་པའི་སྒོ་ཆེན་ཞིག་དང་འདུ་ཁང་ཆུང་བ་གསུམ་ཙམ་ཡོད་པ་དང་། འདུ་ཁང་གཙོ་བོའི་ནང་ཆ་ལུགས་ཡ་མ་ཟུང་ཅན་གྱི་སྐྱ་སེར་བཅུ་ཙམ་ཞིག་གིས་ཞལ་འདོན་གསུང་བཞིན་འདུག
བཤད་སྲོལ་ལ་འདི་གའི་གྲྭ་ཆས་གྱོན་མཁན་ཚོ་ལ་ཆུང་མ་ཡོད་ཚུལ་དང་ཕ་བུ་ཚང་མ་ཚོགས་འཚོགས་སར་ཡོང་ནས་ཕྱིར་རང་ཁྱིམ་དུ་ལོག་འགྲོ་ཚུལ་ཐོས། ༸གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་བ་མཆོག་གནས་འདི་ནས་སྐུ་མཚམས་སུ་བཞུགས་སའི་མཚམས་ཁང་ཞིག་ཀྱང་འདུག གནས་འདི་ལ་གནས་མཐིལ་བྲག་དཀར་བཀྲ་ཤིས་སྡིངས་ཟེར་ཞིང་ཤར་ཕྱོགས་གནས་སྦུག་ཅེས་པའི་བྲག་ཕུག་དང་། བྱང་ལྷ་རིའི་སྙིང་པོའི་བྲག་ཕུག ། ལྷོར་མཁའ་འགྲོ་བཟང་མོ་ཞེས་པའི་བྲག་ཕུག ནུབ་བདེ་ཆེན་སྦུག་ཟེར་བའི་བྲག་ཕུག་བཅས་ཕྱོགས་བཞིའི་གནས་ཡོད་ཚུལ་འདུག་ཀྱང་གནས་འདི་ལས་ཐག་རིང་སར་ཡོད་པས་མཇལ་མ་ཐུབ།
བྲག་དཀར་བཀྲ་ཤིས་སྡིངས་སུ་ལོ་ལྟར་བོད་ཟླ་ ༡ ཚེས་༡ ནས་མགོ་བརྩམས་ཏེ་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་སྒོ་ནས་དགོན་པའི་བླ་གྲྭ་རྣམས་ཀྱིས་བུམ་སྒྲུབ་གནང་སྲོད་ཡོད་པ་དང་། བུམ་པར་མཇལ་བ་དང་བུམ་ཆུ་བྱིན་ཅན་མྱོང་བ་རྣམས་འགལ་རྐྱེན་བར་ཆད་སེལ་བ་དང་། ཚེ་བསོད་དབང་ཐང་རྒྱས་པ། རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་འགྲོ་ཚུལ་གྱི་སྐད་གྲགས་ཡོད་པས་རྒྱ་བལ་འབྲུག་གསུམ་ནས་སྐབས་དེའི་ཚེས་བཅོ་ལྔ་ཉིན་མཇལ་བཅར་བ་ཧ་ཅང་མང་པོ་ཡོད་ཚུལ་འདུག
སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཆོས་སྲིད་དང་འབྲེལ་བའི་རྒྱལ་རབས་ལོ་རྒྱུས་བདེན་དོན་ཀུན་གསལ་མེ་ལོང་ཞེས་པ་ལས། བུམ་པ་དེ་ནི་གཏེར་སྟོན་རིག་འཛིན་ཞིག་པོ་གླིང་པས་གཏེར་ནས་བཞེས་ཏེ་མཐར་ཡུལ་འདི་ཡི་བགོ་སྐལ་དུ་མངའ་བདག་སེམས་དཔའ་ཆེན་པོ་ཕུན་ཚོགས་རིག་འཛིན་གྱིས་གདན་དྲངས་ནས་བྲག་དཀར་བཀྲ་ཤིས་སྡིངས་སུ་བཞུགས་སུ་གསོལ་བ་ཞིག་དང་། མངའ་བདག་སེམས་དཔའ་ཆེན་པོ་དབུ་བཞུགས་ཐོག་རྩ་གསུམ་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་མ་ཎི་དུང་ཕྱུར་བཅུ་གསུམ་གྱི་སྒྲུབ་ཆེན་བཙུགས་ཏེ་ཡུལ་ཕྱོགས་འདི་དགེ་བར་མཛད་ཡོད། བུམ་པ་བྱིན་ཅན་འདིའི་རྒྱུ་ནི་ས་མ་ལི་ལས་དམ་ཆེན་རྡོ་རྗེ་ལེགས་པས་གྲུབ་པར་བགྱིས་ཏེ། ཉ་ཕྱིས་ལ་དུང་སོ་དཀར་པོས་བརྒྱན་པ་སོགས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཞིག་ཡིན་འདུག དེ་སྔ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨས་བསམ་ཡས་སུ་རྩ་གསུམ་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་སྐབས་ཡི་དམ་བཅུ་གཅིག་ཞལ་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཞལ་གཟིགས་ཏེ་བུམ་པ་དང་དབྱེར་མེད་དུ་གྱུར་བའི་བུམ་པ་ནི་འདི་ཉིད་རང་ཡིན་པ་དུས་ད་ལྟའི་བར་བཞུགས་ཡོད་ཅེས་དང་། བུམ་ཆུ་དེ་ནི་ལོ་གཅིག་རིང་འཇོག་སྲོལ་ཡོད་པ་དང་། སླར་ཆུ་གཙང་གིས་གཏེར་བུམ་ནང་དགོན་པའི་རྡོར་སློབ། བླ་མ་སྐུ་བགྲེས་དང་འབྲས་གཞུང་སྐུ་ཚབ་དབུ་བཞུགས་ཀྱིས་བསྐང་བ་དང་། དམ་སྦྱར་ཞུས་ཏེ་ནང་རྟེན་དུ་བཞུགས་སུ་གསོལ། གང་ལྟར་ལོ་ལྟར་བུམ་སྒྲུབ་རྗེས་ཞལ་ཕྱེ་སྐབས་བུམ་ཆུ་དྭངས་གསལ་གཙང་བའི་རང་བཞིན་དང་ལྡན་ལ། ཕྱོགས་ཐམས་ཅད་དུ་དྲི་བཟང་གིས་ཁྱབ་པ་སོགས་རྟེན་འབྲེལ་བཟང་བའི་རྟགས་ངོ་མཚར་ཆེ་བ་དང་། བུམ་ཆུ་ལ་དྲི་བཟང་མེད་པ་དང་ཉུང་དུ་སོང་བ་རྙོག་པ་ཅན་ཡང་ཡོང་སྲིད་པས་མཚན་ལྟས་ངན་པ་སོགས་བཟང་ངན་སྣ་ཚོགས་འབྱུང་བའི་རྟགས་སུ་ངོས་འཛིན་བྱེད་ཅེས་སོགས་བུམ་པ་འདིའི་ཡོན་ཏན་དང་ཁྱད་ཆོས་སོགས་རྒྱས་པར་འཁོད་འདུག
གོང་གསལ་ལོ་རྒྱུས་དེར། མཁའ་སྤྱོད་དཔལ་གྱི་འབྲས་མོ་ལྗོངས་ཀྱི་རྒྱལ་བོ་ནི། མི་ཉག་རྒྱལ་བོ་རྒྱལ་ཐོག་ཉེར་ལྔ་བའི་བུ་རྒྱུད་ཡིན་ཚུལ་དང་། ཆོས་རྒྱལ་དང་པོ་ནས་བཅུ་གཉིས་བར་བྱུང་ཡོད་ཚུལ། འབྲས་ལྗོངས་ཀྱི་ཆོས་རྒྱལ་ཐོག་མ་དེ་༸གོང་ས་ལྔ་བ་ཆེན་པོ་སྲིད་དབང་བཟུང་བ་དང་དུས་མཉམ་པ་དང་། ༸གོང་ས་ལྔ་བས་གཟེངས་བསྟོད་བཀའ་ཤོག་གནང་ཚུལ། སྲིད་འབྱོར་རིག་གསུམ་བོད་ལ་བརྟེན་པ་མ་ཟད་ཕྱིའི་ཉེན་སྲུང་ཚུན་ཆད་བོད་ཀྱི་རོགས་རམ་འོག་ཡོད་ཚུལ་དང་། མཐར་༡༩༧༤ ལོ་བར་དུ་ཆོས་རྒྱལ་ཚོས་མངའ་དབང་བསྒྱུར་བ་དང་། ཕྱི་ནང་གི་རྐྱེན་སྣ་ཚོགས་པས་༡༩༧༥ལོ་ཙམ་ནས་རྒྱ་གར་གྱི་ཆ་ཤས་སུ་གྱུར་ཚུལ་སོགས་འཁོད་འདུག་ལ། གང་ལྟར་བོད་རིགས་གཙང་རྐྱང་གིས་བཙུགས་པའི་རྒྱལ་ཁབ་དེ་འདི་ལྟར་ཅི་ཡིན་འདི་ཡིན་མེད་པར་རྒྱ་གར་གྱི་མངའ་ཁོངས་སུ་ཤོར་བ་དང་། རྒྱུན་སྲོལ་དུ་ཡོད་པའི་བོད་ཡིག་གི་སློབ་གྲྭ་ཐམས་ཅད་སྒོ་བརྒྱབ་སྟེ། ད་ལྟ་ཐ་ན་བོད་ཡིག་གི་སྒོ་བྱང་ཙམ་ཡང་མཐོང་དཀའ་བའི་གནས་སུ་གྱུར་པ་མ་ཟད། འབྲས་ལྗོངས་པ་ཕལ་མོ་ཆེས་བལ་བོ་སྐད་ཁོ་ན་བཤད་ཅིང་། མིང་གི་མཐར་བྷོ་ཊི་ཡ་ཞེས་པ་འཁོད་པ་ཙམ་ནི་མི་རིགས་འདིའི་མཚོན་རྟགས་ཉག་གཅིག་ཏུ་གྱུར་ཞིང་། རྩ་ཡལ་དུ་འགྲོ་ལ་ཉེ་བའི་རང་སྐད་ལ་ཡང་བྷོ་ཊི་ཡ་ལེང་གྷེ་ཇི་(Bhutia language)ཟེར་ཞིང་། རྒྱ་གར་གྱིས་སྟངས་འཛིན་བདེ་ཆེད་བལ་བོའི་མི་སེར་ཕོན་ཆེ་གནས་འདིར་སྤོས་རྐྱེན། ད་ལྟ་ཡུལ་མི་ཕལ་མོ་ཆེས་བལ་བོའི་སྐད་སྤྱོད་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆ་ལྔ་བཅུ་ང་བདུན་ཙམ་ཧིན་རྡུའི་ཆོས་དད་པ་ཡིན་པར་འདུག།ནུབ་ལ་དྭགས་ནས་ཤར་མོན་བར་གྱི་མི་རིགས་འདི་ཚོའི་ཆོས་རིག་གི་སྲོག་རྩ་དེ་བོད་ཡུལ་ཡིན་པ་ལྟར། བོད་མི་ཚོས་རང་མགོ་མ་ཐོན་པའི་གནས་སྟངས་འོག་འདི་དག་ཀྱང་རིམ་པས་མི་རིགས་གཞན་འགྱུར་གྱི་ཉམ་ཉེན་འོག་ལྷུང་ཚབ་ཤིན་ཏུ་ཆེ་བས་དོན་འདི་ལ་བསམ་ན་སྙིང་མི་བདེ་བ་ཞིག་འདུག་ཀྱང་ཅི་བྱེད།
འབྲུ་རིགས་ཐོན་སྐྱེད་གཙོ་བོ་ནི། ཨ་ཤོམ་དང་། འབྲས། ཚ་ལུ་མ། ཀ་ལོ་ལ་ཆེ་ཆུང་གཉིས། ཨ་ལེ་ཅི་འམ་སུག་སྨེལ་དང་། ཚ་ལུ་མ། བ་ལི་བཅས་ནི་ཕྱིར་འཚོང་བྱ་རྒྱུ་གཙོ་དེ་ཡིན་འདུག འབྲས་ལྗོངས་ཀྱི་ཚ་ལུ་མའི་རིགས་གཅིག་དང་ཇ་རིགས་གཅིག་ནི་འཛམ་གླིང་ནང་སྤུས་ཚད་ཡག་ཤོས་སུ་བརྩི་བཞིན་ཡོད་ཚུལ་འདུག་ལ། རི་རྒྱུད་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི་གངས་ཅན་མཛོད་ལྔའི་རི་རྒྱུད་དེ་ཚེ་རིང་མཆེད་ལྔའི་གནས་སུ་གྲགས་པའི་གངས་རི་བརྗིད་ཆགས་ལ་རྩེ་མཐོ་བ་དེ་ཚོ་ཡིན་པར་འདུག།ཀློང་ཆེན་པའི་ཕུད་རབས་དང་དེའི་ཁ་སྐོང་སོགས་ན་གནས་འདིའི་ལུང་ལག་རི་ཕྲན་རེ་རེ་བཞིན་ངོས་འཛིན་ཡོད་ཚུལ་འདུག་ན་ཤེས་འདོད་པ་ཚོས་དེ་དག་ཏུ་བལྟ་བར་བྱ་ཞིང་། རི་སྐྱེས་སྲོག་ཆགས་སྟག་དང་། གངས་གཟིག་གམ་གསའ། དོམ་ནག།གླ་བ་སོགས་དང་། བྱ་རིགས་རི་བྱ་དང་། ཤང་ཤང་ཏེའུ། ལྷ་བྱ་གོང་མོ་སོགས་བྱ་རིགས་དྲུག་བརྒྱ་ལྷག་ཙམ་ཡོད་ཚུལ་འདུག།
གནས་འདིའི་དགོན་པ་ཐམས་ཅད་ལས་གསང་ཆེན་པདྨ་ཡང་རྩེ་དགོན་ནི་ཆེ་ཤོས་དང་སྙན་གྲགས་མཐོ་ཤོས་ཡིན་ཞིང་། ཡོངས་གྲགས་སུ་གྲྭ་ཚང་ཞེས་འབོད་ལ་དམངས་ཁྲོད་དུ་མཐོང་འཇོག་ཧ་ཅང་ཆེ། གསང་སྔགས་ཆོས་འཁོར་གླིང་དགོན་པ་ནི་ཡུལ་འདིའི་དགོན་པ་རྙིང་ཤོས་དེ་ཡིན་པར་བཤད་འདུག པདྨ་ཡང་རྩེ་དགོན་རེད་ཅེས་རི་རྩེ་ཞིག་ན་མཐོང་གི་འདུག་ཀྱང་ཐག་རིང་བས་འགྲོ་མ་ནུས།
སྦས་ཡུལ་འབྲས་མོ་ལྗོངས་ལ་རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་འབྲས་གཤོངས་ཞེས་འཁོད་འདུག་པ་དང་། གཞན་མཁའ་སྤྱོད་འབྲས་མོ་ལྗོངས་དང་སྦས་ཡུལ་འབྲས་མོ་ལྗོངས་སོགས་འབོད་སྲོལ་སྣ་ཚོགས་འདུག།དེང་སྐབས་འཛམ་གླིང་ཡོངས་གྲགས་སུ་(Sikkim )སྟེ་སུ་ཁྱིམ་ཟེར་བ་དང་། བོད་པ་ཚོའི་འབྲས་ལྗོངས་དང་གྲོང་ཁྱེར་ཆེ་ཤོས་སྒང་ཏོག་ཡིན།
བཤད་ཚོད་ལ་འབྲས་ལྗོངས་འདི་སྟོད་མངའ་རིས་སྐོར་གསུམ་གྱི་ཆར་གཏོགས་ཡིན་པར་གྲགས་མོད། མངའ་རིས་སྐོར་གསུམ་གྱི་གང་གི་ནང་ཚན་ཡིན་པ་མ་ངེས། འོན་ཀྱང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ནི་བོད་ཀྱི་ཆེས་གནའ་རབས་ཀྱི་ཡུལ་ལུང་དགར་ཚུལ་ཞིག་ཡིན་པས་དེ་གསུམ་གང་རུང་དུ་མ་གཏོགས་ས་མི་འགྲོ་སྟེ། ཆེས་སྔ་བའི་དུས་བོད་ཀྱི་མངའ་ཁོངས་བསྙོན་མེད་ཡིན་པ་དང་། དེ་ཡང་བོད་མི་རང་གིས་བཙུགས་པའི་རྒྱལ་ཕྲན་ལྟ་བུ་ཞིག་དང་། སྟོད་མངའ་རིས་སྐོར་གསུམ་གྱི་ཆར་གཏོགས་ཤིག་ཅིས་ཀྱང་ཡིན་དགོས་པར་འདོད་མོད་ཞིབ་ཚགས་ལྟ་ལོང་མ་བྱུང་།
ཚེས་ ༡༧ ཉིན་སེར་བྱེས་དགེ་བཤེས་བློ་བཟང་འཇམ་དབྱངས་མཆོག་སྒང་ཏོག་འགྲོ་ཕན་གླིང་གི་མཁན་པོར་ཁྲི་འདོན་གྱི་མཛད་སྒོ་ཚུགས་ཤིང་། སྲོལ་རྒྱུན་གྱི་མཛད་སྒོའི་གོ་རིམ་རྣམས་ལེགས་པར་གྲུབ་འཕྲལ། དགེ་བཤེས་བློ་བཟང་ཡོན་ཏན་དང་མཉམ་དུ་ཕྱག་མཛོད་སྒྲ་དབྱངས་ངེད་གཉིས་ཀ་ལི་སྦུག་ཏུ་སོང་།