སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།
བདུན། རྡོ་རྗེ་གླིང་།
ཀ་ལི་སྦུག་ནས་རླངས་འཁོར་གྱིས་རི་གཤམ་དུ་ཆུ་ཚོད་ཕྱེད་ཙམ་བབས་རྗེས་བཀྲ་ཤིས་གྲགས་ཟེར་བའི་ཟམ་པ་བརྒལ་རྗེས་རི་སྒང་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་འདུག ལམ་བར་དུ་ཤིང་ཨ་གར་དང་། ཤུག་པའི་ཤིང་སྡོང་རྩེ་མཐོ་ལ་ཡལ་འདབ་རྒྱས་པ་ཧ་ཅང་མང་བ་དང་། ཇ་ཤིང་སོགས་ཤིང་རིགས་སྣ་ཚོགས་ཀྱིས་རི་དེའི་ཁོར་ཡུག་ཡོངས་རྫོགས་བཀླུབས་འདུག རི་གཟར་བོ་ཞིག་ལ་གྱེན་གསེག་ཏུ་རླངས་འཁོར་གྱིས་ཆུ་ཚོད་གཉིས་ལྷག་བགྲོད་ན་རྡོ་རྗེ་གླིང་ལ་སླེབས་ཀྱི་འདུག རི་མགོ་འདི་ཧ་ཅང་མཐོ་བས་དགུན་དུས་སུ་མཚམས་རེར་ཁ་བ་འབབ་ཀྱིན་ཡོད་པ་དང་། ང་ཚོ་དེར་སླེབས་སྐབས་ཀྱང་གནམ་གཤིས་གྲང་བསིལ་བསིལ་ངང། སྨུག་པ་འཐིབ་པའི་མུར་ཆར་བ་བབས་ཤིང་ཡང་གློ་བུར་དུ་ཉི་མ་ཤར་བ་བཅས་གནམ་གཤིས་བརྟན་པོ་རྩ་ནས་མི་འདུག ཡུལ་འདི་ན་ཇ་རིགས་མང་པོ་ཡོད་པ་དང་། ཇ་རིགས་ཁ་ཤས་སྤྱི་རྒྱ་གཅིག་ལ་རྒྱ་གར་སྒོར་༥༠༠༠ ཙམ་ཡིན་པ་དང་། ཡུལ་མིའི་འཚོ་ཐབས་གཙོ་བོ་ཞིག་ཡིན་ཚོད་འདུག། ཡུལ་སྐོར་སྤྲོ་འཆམ་པ་ཡང་ཧ་ཅང་མང་ས་ཞིག་དང་། ཡུལ་འདི་དང་ཀ་ལི་སྦུག་གཉིས་ན་དབྱིན་ཇིའི་སློབ་གྲྭ་སྐད་གྲགས་ཅན་ཁ་ཤས་དང་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་དང་བོད་མིིའི་བཟོ་གྲྭ་ཡང་སྣ་ཚོགས་ཤིག་འདུག་སྐད་དེ་ཞིབ་ཚགས་མ་ཤེས། ས་བབས་མཐོ་ཚད་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ལས་ཅུང་མཐོ་བ་ཡིན་ནམ་སྙམ་པ་ཞིག་འདུག
རྡོ་རྗེ་གླིང་དུ་འགྲོ་བའི་ལམ་ནི་ཧ་ཅང་གཟར་བས་རི་མགོ་དང་རི་གཤམ་དུ་འགྲོ་རྒྱུ་ཅུང་དཀའ་ངལ་ཅན་ཞིག་རེད། རི་རྩེ་ན་ནང་པ་དང་ཧུན་རྡི་གཉིས་ཀྱི་ལྷ་གསོལ་བྱ་ས་དང་དེ་ལ་སྐོར་ལམ་ཞིག་ཀྱང་འདུག རི་རྩེ་ནས་གཤམ་དུ་སྤྱི་ལེ་ཕྱེད་ཙམ་གྱི་ཉག་ལྟག་རྒྱ་ཆེ་ཙམ་ན། དབྱིན་ཡིག་གི་དཔེ་མཛོད་ཆེན་པོ་ཞིག་འདུག་ལ། ནང་དུ་༸གོང་ས་ཡིད་བཞིན་ནོར་བུའི་བཀའ་སློབ་གསུང་རྩོམ་དབྱིན་ཡིག་ཐོག་བཞུགས་པ་ཧ་ཅང་མང་པོ་འདུག ཡུལ་འདིར་ཆུའི་དཀའ་ངལ་ཆེ་ཙམ་ཡོད་པས། གཟུགས་པོ་འཁྲུ་བྱེད་ཀྱི་ཆུ་བསགས་ནས་སྣོད་སྤྱད་བཀྲུ་བ་དང་། དེ་བསགས་ནས་གསང་སྤྱོད་ནང་བེད་སྤྱོད་གཏོང་བཞིན་ཡོད་འདུག།གང་མགྱོགས་ཀ་ལི་སྦུག་ལ་ཕྱིར་ལོག་དགོས་པས་རྡོར་གླིང་གི་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་སྐལ་མ་ལྡན།
ཕྱི་ཉིན་དགེ་བཤེས་བློ་བཟང་ཡོན་ཏན་གྱིས་ཕྱག་རོགས་ཞུས་འོག་ཤི་རིའི་ཀོ་རི་ལ་འགྲོ་བའི་ལམ་བར་དུ་ཨོ་ལ་བྷ་རེའི་ཞེས་པར་སོང་སྟེ། སེར་བྱེས་གྲྭ་ཚང་གི་འབྲེལ་ཡོད་མི་ཞིག་དང་མཉམ་དུ་དོན་དག་སྐོར་ཞིག་ལ་རྒྱུས་ལོན་ཙམ་བྱས་རྗེས། ཤི་རིའི་ཀོ་རིའི་ཉེ་འདབས་ཀྱི་ས་ལི་སྒར་དུ་ཡང་ས་ཆ་ཞིག་རྒྱུས་ལོན་ཙམ་བྱས་ཤིང་མགྲོན་ཁང་དུ་ངལ་གསོས།
ཕྱི་ཉིན་ཏེ་སྤྱི་ཚེས་༢༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཙམ་ནས་ལས་གྲོགས་ཕྱག་མཛོད་སྒྲ་དབྱངས་དང་ངེད་གཉིས་སྦང་ལོར་ལ་འགྲོ་བའི་མེ་འཁོར་ལ་ཞུགས། ཚེས་ཉེར་གསུམ་གྱི་ཉིན་གུང་ཙམ་ལ་སྦང་ལོར་ལ་འབྱོར་ཞིང་། བསྐྱར་དུ་མེ་འཁོར་གཞན་ལ་བསྡད་དེ་མེ་སོར་ལ་སོང་། མུ་མཐུད་སྤྱི་སྤྱོད་རླངས་འཁོར་ནང་ཆུ་ཚོད་གཉིས་ལྷག་ཙམ་གྱིས་ཀུ་ཤལ་ན་གར་ལ་སླེབ་སོང་ཡང་། ཉིན་དེར་རྐང་གསུམ་ཁ་ལོ་བ་ཚང་མས་གཞུང་ལ་ངོ་རྒོལ་གྱིས་འགྲུལ་སྐྱོད་མཚམས་འཇོག་བྱས་འདུག་པས། གྲྭ་ཚང་གི་རླངས་འཁོར་ལེན་དུ་ཡོང་བས་དགེ་འདུན་པ་སྟོང་ཕྲག་ལྔའི་བསྟི་གནས་སེར་མོ་བའི་གྲོང་ཁྱེར་ཆེན་པོ་སེ་ར་ཐེག་ཆེན་གླིང་ལ་མཚན་མོ་ཆུ་ཚོད་བརྒྱད་པ་ཙམ་ལ་སླེབས་ཤིང་། ཐེངས་འདིར་ཕྱོགས་སྐྱོད་ཀྱི་ལས་དོན་ཀྱང་ལེགས་པར་གྲུབ་ལ། ལུས་སེམས་ལ་ཡང་བག་ཡངས་དང་ལེགས་འགྲུབ་ཀྱི་ཚོར་སྣང་ཞིག་ལྷོད་ཀྱིས་ཆགས་ཡོང་བ་དང་། ཉིན་དུ་མའི་རིང་གི་འགྲུལ་བཞུད་ཀྱིས་ངལ་བའང་མང་ཙམ་མྱངས་སོང་བས་ལུས་སེམས་ལྷོད་པོའི་ངང་ངལ་གསོ་ཡིད་ཚིམ་པ་ཞིག་བྱེད་རྒྱུ་ནི་ད་ལྟའི་དགོས་མཁོ་ཉག་གཅིག་དེ་རེད་འདུག།ངལ་གསོ་འདི་དང་ལྷན་དུ་ཐེངས་འདིའི་སྐོར་སྐྱོད་དང་འབྲེལ་བའི་ཉིན་ཐོའང་གནས་སྐབས་ངལ་གསོ་བར་བྱ།།
སྤྱི་ལོ་༢༠༡༤ ལོའི་སྤྱི་ཟླ་༦ པའི་ནང་བསྐྱར་བཅོས་རྫོགས།
དགེ་བཤེས་བློ་བཟང་དཔལ་ལྡན་ལགས་ཀྱི་ཉིན་ཐོ་ཡོངས་རྫོགས་བཀླགས་ཟིན། དངོས་གནས་ཡག་པོ་བྲིས་འདུག་པས་རྗེས་སུ་ཡི་རང་ཡོད། ཕྲན་ཀྱང་མ་འོང་པར་ས་ཆ་དེ་དག་ལ་བསྐྱོད་ནས་མཚམས་ལ་འདུག་རྒྱུ་རེ་བ་ཞིག་ནམ་རྒྱུན་ཡོད། ས་ཆ་འདི་དག་ཚང་མའི་ནང་ནས་ཉམས་ལེན་བྱེད་ས་ཆ་རྐྱེན་ཡག་པོ་གང་རེད་འདུག དགེ་བཤེས་ལགས་ཀྱིས་གཟིགས་ན་ས་ཆ་གང་ཞིག་ལེགས་པར་སྙམ། ལན་ཞིག་གསུངས་རོགས་ཞུ། ཐུགས་རྗེ་ཆེ། །
བཀའ་དྲིན་ཆེ། ཚང་མ་བཀླགས་ཡིན།
ཞིབ་འཇུག་རང་གི་ཆེད་དུ་གནས་དེ་ཚོ་ལ་ཕེབས་ནས། ཡིག་ངག་དང་པར་ལམ་ཟུང་སྦྲེལ་གྱིས། རྒྱ་ཞིང་རྒྱས་བ་རེ་འབྲི་ཁོམ་བྱུང་ཡོད་ན་ཅི་མ་རུང་བསམ་པ་ཤིག་ཡིད་ལ་ངང་གིས་འཁོར། རང་གིས་ནི་ཡི་གེ་དང་འབྱོར་བ་གང་གིས་ཀྱང་ཤོང་དཀའ་བའི་མྱི་ལུས་ཞིག་ལངས་ཡོད་དུས། ཤེས་འདོད་ནི་ཤེས་འདོད་ཙམ་ལ་འཇོག་པ་ལས། ཐབས་ཟད་དོ། གང་ལྟར་ཁྱོད་ལྟ་བའི་དགེ་གོས་ཅན་ལ་ནི། ཕྱག་འཚལ་ལོ། ཁ་བྲོ།