སྒྲེན་པོ། (འདྲེན་བཀོད་པ་ཀླུ་སྨྱོན།)
དུས་ཚོད་ནི་ཚེ་སྲོག་ཡིན་ལ། དུས་ཚོད་ནི་དཀོན་ཅོག་ཡིན། དུས་ཚོད་ནི་གཡང་ལས་འགྲིལ་བའི་རྦབ་རྒོད་ཡིན། དུས་ཚོད་ནི་ལྷོག་ལྷོག་ལྡིང་བའི་འཕར་སྒྲ་ཡིན། དུས་ཚོད་ནི་ཤང་ཤང་བགྲོད་པའི་གཙང་བོ་ཡིན། དུས་ཚོད་ནི་ཕྱིར་ཡོང་མེད་པའི་ལོ་ཟླ་ཡིན།
ཉི་ཟེར་མཁའ་ནས་བུད་དེ་ནུབ་རིའི་ཚང་དུ་བྲོས་འགྲོ་བ་དེའང་དུས་ཚོད་བཞུར་བའི་གོམ་འགྲོས་རེད། ཚེ་སྲོག་འཛད་ཀྱིན་པའི་ངང་ཚུལ་རེད། མིའི་ཐོབ་ཤོར་དང་རྒྱལ་ཕམ་ཡོད་རྒུའི་འབྱུང་རྐྱེན་ཆེ་ས་ནས་བཤད་ན་དུས་ཚོད་དབང་དུ་བཀོལ་ཤེས་མིན་དང་དུས་ཚོད་བརྩོན་ལེན་བྱ་ཤེས་མིན་དང་ཐད་ཀར་འབྲེལ་ཡོད་ཅིང་། སུས་དལ་མེད་ཐག་ཐག་འཁོར་གྱིན་པའི་རྩིབས་མ་འདི་ནི་སྐྱེ་འཆི་གཉིས་དུས་མཉམ་དུ་གྲུབ་པར་གསལ་འདེབས་གནང་མཁན་དང་། མི་ཚང་མ་འཆི་བའི་གོམ་སྒྲ་དང་ཐག་ཇེ་ཉེར་ཇེ་ཉེར་འགྲོ་བཞིན་པར་ཉེན་བརྡ་བར་མེད་དུ་གཏོང་མཁན་ཞིག དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་སེམས་ཁམས་ལ་འགྱུར་བ་གཏོང་མཁན་གྱི་བྱེད་པོ་རྣལ་མ་དེ་ཡིན་པར་ངོས་ཟིན་རྙེད་ན། དེ་ལྟའི་མིས་ཚད་ཡོད་པའི་མི་ཚེ་དང་དུས་ཚོད་ནང་དུ་ཚད་མེད་པའི་ཚེ་སྲོག་གི་ཁམས་ཆེན་པོ་ཞིག་བསྐྲུན་རྒྱུར་མནོ་བསམ་གཏོང་ཁོ་ཐག་ཡིན་ཁར། བཞུར་གྱིན་པའི་དུས་ཚོད་ཀྱི་རྩིབས་མ་འདིའི་ཆོས་ཉིད་དང་སྟབས་བསྟུན་ངང་རང་གི་ཁམས་མོས་དང་མཐུན་པའི་དུས་ཚོད་ཀྱི་འཁོར་རྒྱུན་ཞིག་བསྐྱར་དུ་བཞེངས་སྐྲུན་བྱེད་པ་བསྙོན་དུ་མེད།
མི་ཚེ་ཟེར་ཡ་དེའང་ལོ་མ་རྐང་གཅིག་དུས་ཚོད་ཀྱི་གཙང་བོས་འདི་ཕྱོགས་ཀྱི་གཙང་འགྲམ་ནས་བཏུས་ཏེ་ཕ་རིའི་གཙང་འགྲམ་དེར་འཁྱེར་གྱིན་པའི་གོ་རིམ་ཞིག་རེད་ལ། ཚེ་སྲོག་ཟེར་ཡ་དེའང་དུས་ཀྱི་རྩིབས་སྟོང་བར་ན་ཕྱེ་མར་འཐག་གིན་པའི་རློན་ཤིག་ཤིག་གི་ལྗང་ལོ་དེ་རེད། དུས་ཚོད་ཀྱིས་མ་ཁེབས་པའི་འཇིག་རྟེན་མེད་ལ་ཚེ་སྲོག་གིས་མ་བསྐྲུན་པའི་སྐད་ཆ་གང་། མདོར་ན་དུས་ཚོད་ནི་འཇིག་རྟེན་བྱེད་པོ་ཡིན་ལ། ཁྱོད་དང་ངའི་རྣམ་ཤེས་ལ་ངར་ལྡུད་མཁན་གྱི་ཁྲོ་ཆུ་འཁོལ་མ་ཡིན། ཕུགས་བསམ་གྱི་གྲུ་བོ་ཆེ་རྒྱང་ལ་ཕུད་འདེད་གཏོང་མཁན་གྱི་ལག་པ་དེའང་ཡིན། ཀྱེ་ང་ཡི་ཀློག་པ་པོ། ཉིས་སྟོང་བཅོ་ལྔ་ལོའི་དུས་ཚོད་ཀྱི་རྟ་ཕོས་ཆགས་སྡང་གི་ཐུར་མདའ་འདོམ་གང་དྲུད་དེ་ང་ཚོ་དང་གྱེས་ཕྱག་འཚལ་རན་སོང་། ལོ་ཟླ་ཚེས་གྲངས་འདི་ང་ཚོ་དང་གཏན་དུ་དབང་མི་སྲིད་པ་ཁྱེད་ཀྱིས་ཤེས་ཡོད་དམ། ད་ནི་དབང་མི་སྲིད་པའི་ལོ་ཟླ་འདི་དྲན་པའི་རྟེན་དུ་ཉར་ཐབས་ཉག་གཅིག་པུ་དེ་འདས་པའི་ལོ་ངོ་གཅིག་རིང་གི་དོན་བྱ་དག་ཚིག་དང་ཐ་སྙད་ཀྱི་སྲད་བུར་བརྒྱུས་རྒྱུ་དེ་མ་ཡིན་གྲང་།
ང་ནི་རྩོམ་རིག་ལ་དགའ་བའི་སོ་སྐྱེས་ཞིག་ཡིན་པས། ང་མི་སྒེར་ངོས་ཀྱི་འདོད་པ་དབང་བཙན་པར་བྱས་ནས་འདས་པའི་ལོ་ངོ་གཅིག་རིང་གི་བོད་ཀྱི་རྩོམ་རིག་སྣང་ཚུལ་ལ་འཁྱུག་ཙམ་བལྟ་རྒྱུ་ཡིན། འདི་ཡང་བོད་རྩོམ་འཕེལ་བའི་ལོ་རྒྱུས་རྟ་ཟམ་རིང་མོའི་ཁྲོད་ཀྱི་དྲན་པ་ཉག་གཅིག་ལ་བརྩིས་ན་མི་ཆོག་པ་ཅི་ཡང་མེད།
གཅིག རྩོམ་རིག་དཔེ་ཚོགས་ཆེ་གྲས་འགྲེམས་སྤེལ་གྱི་སྐོར།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཀྲ་བྷས་བརྩམས་པའི”ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ”དང་བཙུན་པོ་དོན་གྲུབ་ཀྱིས་བརྩམས་པའི”ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ”དང་། བན་དེ་མཁར་གྱིས་བརྩམས་པའི”ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག”གསུམ་པར་སྐྲུན་འགྲེལ་སྤེལ་བྱས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བློ་ཞིབ་མོས་ཇུས་འགོད་བྱས་པའི་རྒྱལ་ཁབ་ཀྱི་དཔེ་དེབ་པར་སྐྲུན་ལས་གཞི་སྟེ་བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས།
ཐེངས་འདིའི་སྒྲུང་རིང་དཔེ་ཚོགས་ནང་དུ་མིང་དུ་གྲགས་པའི་རྩོམ་མཁན་ཚེ་རིང་དོན་གྲུབ་ཀྱི”ང་ཡི་ཨ་ཕ་གཉིས”དང་། བསྟན་པ་ཡར་རྒྱས་ཀྱི”ཁ་སང་གི་ཚོ་བ”ན་གཞོན་རྩོམ་མཁན་མིང་གྲགས་ཅན་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི”མར་ངོའི་ཟླ་བ”བུ་ཚེ་རིང་རྒན་པའི”ཆུ་མིག་དགུ་སྒྲིལ”བོད་ཀྱི་རྩོམ་སྟེགས་སུ་གྲགས་འགུལ་ཆེ་བའི་གཞོན་སྐྱེས་རྩོམ་པ་པོ་གངས་སྨྱོན་གྱི”དྲེལ་ལུང”བཅས་བོད་ཡིག་གི་ལམ་ནས་གསར་དུ་བརྩམས་པའི་སྒྲུང་རིང་ལྔ་ཀློག་མཁན་རྣམས་ཀྱི་གཟིགས་མོར་བཀྲམས་ཡོད།
རྨ་ལྷོ་བོད་ཡིག་ཚགས་པར་ཁང་གིས་གཉེར་གྱིན་པའི་བོད་ཀྱི་ཉིང་བཏུས་རྩོམ་རིག་ལོ་དེབ”རང་གྲོལ”དེབ་སྔ་ཕྱི་གཉིས་སྒོར་དཔར་ནས་བཀྲམ། 2014ལོའི་སྒྲུང་འབྲིང་དེབ་དང2015ལོའི་ལྷུག་རྩོམ་དེབ་གཉིས་ཀ་ད་ལོར་དུས་གཅིག་ཏུ་དཔར་ཡོད་ལ།སྒྲུང་འབྲིང་གི་གཙོ་སྒྲིག་པ་བདུད་ལྷ་རྒྱལ་དང་རེ་རྐང་གླིང་གཉིས་དང་།ལྷུག་རྩོམ་གྱི་གཙོ་སྒྲིག་པ་བདེ་སྐྱིད་སྒྲོལ་མ་དང་རེ་རྐང་གླིང་གཉིས། ལྷག་ཏུ་སྤྱི་ཨང་དྲུག་པ་ནས་སྣ་ཚོགས་དེབ་ཏུ་གཏང་གིན་ཡོད།
བུད་མེད་རྩོམ་པ་པོའི་དཔེ་ཚོགས་པར་དུ་བསྐྲུན་པ། བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་དབྱངས་སྐྱིད་ཀྱི”མི་ཚེའི་འགྲུལ་བཞུད”དང་། ཁ་བ་ལྷ་མོའི”ཁ་བའི་རྣ་ཆ”། མཚོ་ལགས་ཀྱི “སེམས་པ་བཞུད་པའི་དབྱངས”། རྟོགས་སད་ལྷ་མོ་ལགས་ཀྱི”བོད་པའི་བུ་མོ”། དཔལ་མོ་ལགས་ཀྱི”དཔྱིད་ཀྱི་དཔལ་མོ”བཅས་ཀློག་མཁན་རྣམས་ཀྱི་་གཟིགས་མོར་བཀྲམས་ཡོད།
5.བོད་ཀྱི་བྱིས་སྒྲུང་དེབ་ཚོགས་ཐོག་མ་པར་དུ་བསྐྲུན་པ། བཙན་པོ་གསེར་བ་ལགས་ཀྱི “གཉའ་ཁྲི་བཙན་པོ”དང་། ཁ་བ་སྙིང་ལྕགས་ལགས་ཀྱི “འབུ་མེ་ལྕེབས” སྒར་གསར་ཀི་རྟི་སྐྱབས་ལགས་ཀྱི “དགེ་འདུན་ཆོས་འཕེལ”བཅས་རྒྱ་ཆེ་བའི་བོད་རིགས་བྱིས་པ་རྣམས་ཀྱི་གཟིགས་མོར་བཀྲམ།
གཉིས། རྩོམ་རིག་བྱ་དགའ་ཆེ་གྲས་ཀྱི་སྐོར།
སྤྱི་ཟླ8པའི་ཚེས11ཉིན། ཧི་མ་ལ་ཡ་རྟགས་ཅན་གྱི་སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྤེལ་བའི་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས། སྦྲང་ཆར་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང”སྦྲང་ཆར”རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་གནང་བཞིན་པའི་བོད་ཀྱི་རྩོམ་རིག་བྱ་དགའ་ཆེས་མཐོ་ཤོས་དེ་ཡིན། ལོ་གསུམ་རེར་ཐེངས་གཅིག་སྤེལ་བཞིན་ཡོད་ལ། ད་ལྟའི་བར་དུ་སྐབས་བདུན་ལ་སྤེལ་ཟིན།
ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན་དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱི་མགོ་ཁྲིད་དང་། ” སྦྲང་ཆར “རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་སྔོན་མ་ཨ་ཁུ་འགྱུར་མེད་དང་གཉའ་བློ་གྲོས་རྒྱལ་མཚན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུང་རིན་ཆེན། པེ་ཅིང་ཧི་མ་ལ་ཡ་བཟོ་སྐྲུན་རྒྱན་སྤྲས་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་གཉེར་བ་གངས་ཞུན་བཅས་གདན་ཞུ་བྱས་འདུག
རྒྱུས་ལོན་པ་ལྟར་ན། སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ནི2012-2014ལོའི་བར་གྱི”སྦྲང་ཆར”དུས་དེབ་འདོན་ཐེངས་བཅུ་གཉིས་ལས་དཔྱད་འདེམས་བྱས་ཤིང་། ཐེངས་འདིར་སྦྲང་ཆར་རྩོམ་རིག་བྱ་དགའ3དང་། སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ1། སྦྲང་ཆར་སྨྱུག་གསར་བྱ་དགའ2བཅས་བདམས་ཏེ། བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དག་ལ་བྱ་དགའི་རྟགས་མ་དང་། དཔང་ཡིག བྱ་དགའི་དངུལ་བཅས་གནང་བར་མ་ཟད། གཞན་ཡང”སྦྲང་ཆར”རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མཁའ་འགྲོ་ཚེ་རིང་དང་། ཆོས་སྐྱོང་། ཚེ་རིང་མཁར། པདྨ་དབང་ཆེན་བཅས་ལ་སྦྲང་ཆར་རྩོམ་སྒྲིག་པའི་བྱ་དགའ་གནང་།
སྦྲང་ཆར་རྩོམ་རིག་བྱ་དགའ།
ལྷ་བྱམས་རྒྱལ། “ལོ་དེ་ལ” ༼སྒྲུང་འབྲིང་།-2014ལོའི་དེབ་དང་པོ༽
ཨ་སྨྱོན་བཀྲ་ཤིས་དོན་གྲུབ། “ཨ་མ•ཙིག་མ”༼སྒྲུང་ཐུང་།-2014ལོའི་དེབ་བཞི་བ༽
སྒྲེན་པོ། “འཆམ་མཐུན་ལ་སྨོན་པ” ༼སྙན་རྩོམ།-2013ལོའི་དེབ་དང་པོ༽
སྦྲང་ཆར་དཔྱད་བརྗོད་བྱ་དགའ།
བསོད་ནམས་རྒྱལ། “གཟུགས་འདས་ཀྱི་མཐོ་ཚད་ནས་སྒྲུང་གཏམ་གྱི་ཟབ་ཚད་སྐོར་གླེང་བ” ༼དཔྱད་རྩོམ།-2014ལོའི་དེབ་གསུམ་པ༽
སྦྲང་ཆར་སྨྱུག་གསར་བྱ་དགའ།
ཨེ་ཉི་མ་ཚེ་རིང་། “དགོན་འདབས་ཀྱི་འཚོ་བ” ༼སྒྲུང་ཐུང་།-2014ལོའི་དེབ་གསུམ་པ༽
གངས་སྨྱོན། “མཁར་གྲོང་གི་རྨི་ལམ་སྐྱ་བོ” ༼སྒྲུང་ཐུང་།-2012ལོའི་དེབ་བཞི་བ༽
སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ནི་དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན། པེ་ཅིང་ཧི་མ་ལ་ཡ་བཟོ་སྐྲུན་རྒྱན་སྤྲས་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་གཉེར་བ་གངས་ཞུན་ལགས་ཀྱིས་སྦྱིན་བདག་མཛད།
སྐབས་བཞི་བའི”གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཟླ་འདིའི་ཚེས་༢༧ནས་ཚེས་༣༠བར་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གཏེར་ལེན་ཁ་ནས་བསྡུས།ཐེངས་འདིར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དང་སྙན་ངག་པ་ཤ་བོ་ཚེ་བརྟན་ནམ་ན་རོའི་སྙན་ངག”དྲན་པ་ཉེར་བཞག”ཅེས་པ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་བུད་མེད་སྙན་ངག་པ་མེ་ཏོག་སྐྱིད་དམ་ཁ་བ་ལྷ་མོའི་སྙན་ངག”ཆར་བ་ཤག་ཤག་འབབ་དོན”ཞེས་པ།ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་སྙན་ངག་པ་ལྷ་ཆེན་རྒྱལ་ལམ་འབྲོང་ཕྲུག་གི་སྙན་ངག”མང་རྫོང་གི་རབ་བྱེད”ཅེས་པ། “ཟླ་ཟེར”རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་སྙན་ངག་པ་དགའ་བདེ་ཚེ་རིང་ངམ་ནག་པོའི་སྙན་ངག་རིང་མོ”ཝུ་བ་སོབ་སོབ”ཅེས་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པ། སྙན་ངག་པ་ཨ་རྡོར་གྱི་དཔྱད་རྩོམ”བོད་ཀྱི་སྙན་ངག་གསར་བའི་བསམ་བློའི་ཐད་ཀྱི་བསམ་གཞིག་ཁ་ཤས”ཞེས་པ་བཅས་བརྩམས་ཆོས་ལྔ་ལ”གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་ཐོབ་པ་དང་། མི་རེར་བྱ་དགའི་གཟེངས་དངུལ་དམངས་སྒོར་༥༠༠༠རེ་སྤྲད། ཐེངས་འདིའི་དཔྱད་འདེམས་པ་ནི་བདུད་ལྷ་རྒྱལ་དང་། མཚོ་སྐྱེས། བྱ་གཞུང་དབྱངས་བྷ། ཆོས་སྐྱོང་། སྐྱབས་ཆེན་བདེ་གྲོལ་བཅས་ཡིན།
གསུམ། བོད་རྩོམ་སྟེགས་བུའི་སྟེང་གི་གྱོང་།
བོད་ཀྱི་བྱིས་སྒྲུང་རྩོམ་པ་པོ་དང་གཞོན་ནུ་སྙན་ངག་པ་ཁ་བ་སྙིང་ལྕགས་མཆོག་མཚོ་སྔོན་པོའི་ནང་གི་གསེར་ཉ་བསྲུང་ཕྱིར་སྟབས་མ་ལེགས་པར་སྐུ་གཤེགས་ཤིང་། དགུང་གྲངས་ཉེར་དྲུག་ལས་ཡོལ་མི་འདུག
མཚོ་རྒན་མ་ཞེས་པའི་སྐད་འཕྲིན་གྱི་འཕྲིན་སྟེགས་སུ། སྤྱི་ཟླ6པའི་ཚེས26ཉིན་གྱི་མཚན་མོའི་ཆུ་ཚོད20:00ཡས་མས་ཤིག་གི་སྟེང་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་གུང་ཧོ་རྫོང་མཚོ་སྔོན་པོ་ཅང་སི་སྟེ་ཁོང་གི་ཕ་ཡུལ་ནས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་དེ་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་བ་རེད། ཅེས་གནས་ཚུལ་བཀོད་འདུག
ཁོང་ནི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་དང་དྲ་བའི་སྒང་དུ་སྐད་གྲགས་ཆེ་བའི་གཞོན་ནུ་རྩོམ་པ་པོ་ཞིག་ཡིན་ལ། བརྩམས་དེབ་ལ་དེ་སྔ<>ཞེས་པའི་ལྷུག་རྩོམ་གྱི་དེབ་ཅིག་པར་དུ་བསྐྲུན་ཅིང་། ད་ལོར<>ཞེས་པའི་བྱིས་སྒྲུང་ཞིག་པར་དུ་བསྐྲུན་པ་ལ་ཀློག་མཁན་གྱིས་དགའ་གུས་ཆེན་པོ་བྱེད་ཀྱིན་ཡོད།
བཞི། རྩོམ་རིག་མཐའ་དཔྱོད་སྐོར་གྱི་སྒེར་དེབ།
རྒྱ་ཡེ་བཀྲ་བྷོའི«རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བརྩམས་གནང་བའི”རང་དབང་གི་བསམ་བློ་དང་ཐོད་བརྒལ་གྱི་རྩོམ་རྩལ། དེང་རྩོམ་མཁན་པོ་དོན་གྲུབ་རྒྱལ་གྱི་མི་ཚེ་དང་གསར་རྩོམ་སྐོར་གླེང་བ”ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱས་འདུག
དགོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི༼སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག༽ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ན་བཀྲམ།
ལྔ། དབུས་ཀྱི་རྩོམ་རིག་བྱེད་སྒོ་ཆེན་པོ་གཉིས།
༢༠༡༥ལོའི་ཟླ་༡༡ཚེས་༢༧ཉིན་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཁང་གིས་སྣེ་ཁྲིད་དང་”ལྷོ་ཁའི་རྩོམ་རིག་སྒྱུལ་རྩལ”རྩོམ་སྒྲིག་ཁང་གིས་རྒྱབ་སྐྱོར་འོག་ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དང་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་ཞེས་པ་ཁག་སོ་སོར་བོད་མིའི་རིག་འབྱུང་གི་ས་སྐྱིད་གནས་སྐྱིད་རྩེད་ཐང་གྲོང་གི་ལྷོ་ཁའི་རིག་གནས་ཅུད་དང་ཨེ་པ་ཚང་དཔེ་ཁྱིམ་དུ་བསྐངས།
གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས”ཇོ་མ་གླང་མ”ཞེས་པའི་དུས་དེབ་བསྐྱར་འགྲེམས་བྱས་པ།
དྲུག སྒེར་དེབ་འགྲེམ་ཚོགས།
ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་བོང་སྟག་རི་ལུ་ཡི་སྙན་ངག་བགྲོ་གླེང་དང་རྒྱ་འགྱུར་སྙན་དེབ”ནུབ་རླུང་ལ་སྒུག་པ”ཞེས་པའི་འགྲེམ་སྤེལ་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།
མང་རྫོང་གི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འབྲུག་ལྗང་གི “མི་ཚེ་གྲུབ་པའི་གླུ”ཞེས་པའི་འགྲེམ་སྤེལ་མཛད་སྒོ་མང་རྫོང་ནས་བསྡུས།
རྨ་ལྷོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་གྲྭ་བཙུན་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་དེབ”གླེགས་བམ་དཀར་པོ”འགྲེམ་ཚོགས་དང་ཁོའི་སྙན་ངག་སྐོར་གྱི་བགྲོ་གླེང་རེབ་གོང་ཁུལ་ཐོག་ནས་བསྡུས།
འབའ་སེང་སྨྱོན་གྱི་སྙན་དེབ”ཉི་ནུབ”ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
འོད་འབར་གྱིས་བརྩམས་པའི་སྒྲུང་རིང”ལྷམ་སྒྲོག་ཞིག་པ”ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
མཁའ་མོ་རྒྱལ་ལགས་ཀྱིས་བརྩམས་པའི་སྒྲུང་རིང”ཕྱུར་བ”དངོས་སུ་བཀྲམ།
ཁང་གསར་ཚེ་དབང་རིག་འཛིན་གྱི་སྒྲུང་ཐུང་དེབ”སྤྱང་ཀིའི་རྣ་ཚར”པར་དུ་བསྐྲུན།
དྲུག ས་གནས་ཚགས་པར་ཁང་སོ་སོའི་ཡར་ཟླ།
རྨ་ལྷོ་ཚགས་པར་སྟེང་ཆེད་བསྒྲིགས་ལེ་ཚན་རྩོམ་པ་པོ་གསོ་སྐྱོང་གི་ལམ་གསར་བ་བཏོད་དེ། གཅན་མེ་སྟག་དང་དཔའ་རྩེ། རིག་ལྡན་རྒྱ་མཚོ།
ཚངས་དབང་དགེ་འདུན་བསྟན་པ།རོང་བོ་དགེ་འདུན་ལྷུན་གྲུབ།ཁ་བ་སྙིང་ལྕགས་སོགས་ད་སྔ་ཡན་ཆད་དུ་རྩོམ་པ་པོ་ཉེར་གསུམ་ལ་མུ་འགོད་ལས་ཚན་བཟོས་ཚར་ཞིང་།༼ཁ་ནེ་ཆིའི་མི་གཤིས་ཀྱི་ཞན་ཆ༽དང༼སའོ་ཧྥེ་ཡི་འཇིག་རྟེན༽སོགས་འཛམ་གླིང་གི་དཔེ་དེབ་གྲགས་ཅན་འགའ་རེ་བོད་སྐད་དུ་ལོ་ཙཱ་བྱས་ཏེ་མུ་འགོད་བྱེད་ཀྱིན་ཡོད། དེ་བཞིན་མཚོ་ལྷོའི་ཚགས་པར་སོགས་ཁུལ་རིམ་པའི་ཚགས་པར་སོགས་ཀྱིས་ཀྱང་རྩོམ་པ་པོ་བསྐྱེད་སྲིང་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་ངེས་གཏན་ཡིན་ནའང་། འདིའི་སྐོར་གྱི་རྒྱུ་ཆ་འདོན་སྤྲོད་བྱེད་མཁན་ཉུང་བས་ས་བཅད་མ་སྟོང་ཙམ་ཞིག་བྲིས་པ་ཡིན།
བདུན། བོད་རྩོམ་སྡིངས་ཆའི་ངོས་ཀྱི་སྐྱོན་ཆ་སུན་ཕྱུང་བ།
1.དེང་གི་ཆར་བོད་རྩོམ་ལ་འཇུག་མཁན་རེ་ཟུང་གིས་ནི་རང་གི་བརྩམས་ཆོས་ལ་ཤན་སྟོབས་རྨང་ནས་ཟད་པ་ལ་རྐྱེན་བྱས་ཏེ། བརྩམས་ཆོས་ཀྱིས་ཀློག་པོར་ཁ་གྲགས་མ་ཐུབ་ནའང་། རྩོམ་པོ་རང་དང་ཡང་ན་དེ་ལས་ཀྱང་མང་པོ་ཞིག་དཔུང་སྡེབ་ནས་བཙན་གྱིས་བརྩམས་ཆོས་ལ་ཁ་གྲགས་སུ་འཇུག་པ་ནི་ཉེན་འོབས་ཤིག་དང་རྩོམ་སྟེགས་རུལ་སུངས་ལ་འགྱུར་འགོ་ཚུགས་པའི་རྟགས་དང་མཚན་མ་ཡིན། འདི་ལྟའི་བསམ་སྦྱོར་ནི་སྒྱུ་རྩལ་ལས་དོན་ལ་གྱོང་བསྐུར་བ་ལས་ཅང་མེད། དེ་ནི་བེམ་རོ་ཞིག་ལ་དབུགས་བརྒྱབ་ནས་མི་བསྐྱར་གསོན་ཡོང་བར་རེ་བ་རང་རེད།
2.རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་རྩོམ་གཞུང་ལ་བསྙོན་བཏིངས། ཤེས་བྱའི་སྒྲིག་གཞི་མཁོ་མེད་དུ་སྨྲས།རྩོམ་མཁན་ཅུང་རྩེར་སོན་རྣམས་ཀྱི་བླ་བཙགས། དཔྱི་བརྡུངས། བརྩམས་ཆོས་བཤམས་རྒྱུ་མེད་པར་སྔོ་ལོའི་རྒྱལ་མཚན་ཕྱོགས་སུ་འཕྱར། རྩོམ་པོ་ཞིག་ལ་མཚོན་ན་གསར་རྩོམ་ལས་བསྐྱེད་པའི་བརྩམས་ཆོས་མེད་ན། སྔོ་ལོ་འཕྱར་དབང་ལར་ནས་མེད། བརྩམས་ཆོས་ནི་ཁྱོད་རང་རྩོམ་པོ་ཡིན་མིན་ལ་ཁྲུན་ཐག་གཅོད་གཞི་ཉག་གཅིག་པུ་ཡིན། དེ་ནི་གླ་བོ་བྲག་ཐེམ་ན་ཡོད་ཀྱང་། གླ་རྩིའི་གོང་ཚོད་ཁྲོམ་ནས་གཏམ་པའི་དཔེ་རང་རེད།
3.ང་འདྲའི་རྩོམ་རིག་གི་འཁོས་ཀ་ཞན་པ་དག་ལ་མཛུབ་མོའི་རི་སྟོན་བྱེད་ནུས་པའི་རུ་འདྲེན་རྩོམ་པོ་ཉུང་བ། བོད་ཀྱི་གསར་རྩོམ་ཧྲིལ་གྱིས་ཁེབས་ཐུབ་པའི་དཔྱད་བརྗོད་པ་ཉུང་བ། བོད་ཀྱི་སྐད་ཆའི་གདངས་མ་ནོར་བ་དང་རྩོམ་རིག་གི་རྣམ་པ་ཁོང་དུ་ཆུད་པ་སོར་བཞག་གི་སྟེང་། མི་རིགས་གཞན་གྱི་རྩོམ་རིག་ལག་ཆ་རང་རྒྱུད་ལ་ལེན་ཐུབ་མཁན་ཉུང་བ་བཅས་ཀྱི་རྐྱེན་གྱིས། ལུག་སྤང་འདོད་ཀྱི་སྤང་དང་ར་བྲག་འདོད་ཀྱི་བྲག་ལྟར་རང་གི་ཚོར་བ་ཉི་ཚེ་བ་ཙམ་ལ་སྐྱབས་བཅོལ་ནས་རྩོམ་རིག་གི་འདུན་མ་རྒྱང་དུ་བསྲིང་དགོས་པར་གྱུར། བླ་མ་མེད་པའི་སློབ་མ་དང་བདག་པོ་མེད་པའི་ལུག་ཁྱུ་རང་རེད།
བརྒྱད། དུས་དེབ་ཁང་སོ་སོའི་གནས་སྟངས།
1.གངས་རྒྱན་མེ་ཏོག་ནི་བོད་ཀྱི་སྙན་ངག་གི་ཞིང་ས་གཤིན་པོ་དེ་ཡིན་པར་སུས་ཀྱང་བསྙོན་འདིང་མི་ནུས་ནའང་། ཉེ་བའི་ལོ་ངོ་འདི་གཉིས་ཀྱི་རིང་ལ་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་གསར་སྐྱེས་རྩོམ་པ་པོ་བསྐྱེད་བསྲིང་ལ་བློ་ཁ་ཕྱེས་ནས་དུས་དེབ་ཀྱི་རྩོམ་སྤུས་ཅུང་འཁོས་ཞན་དུ་གཏོང་སྣང་སྟེར། བོད་ཀྱི་སྙན་ངག་གི་ཆུ་ཚད་ལ་བལྟ་སའི་མེ་ལོང་ཞིག་ཡིན་པའི་ཆ་ནས། སྙན་ངག་གི་སྤུས་ཀ་དང་དུས་དེབ་ཀྱི་སྣང་བརྙན་ལ་ཅིས་ཀྱང་བདག་གཅེས་གནང་དགོས་པར་སེམས། འདིར་དཔེར་མཚོན་ཙམ་བགྲངས་ནས་གླེང་ན། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་སྙན་ངག་པ་ཞི་བདེ་ཉི་མའི་སྙན་ངག་རིང་མོ༼གངས་ལྗོངས་སྨོན་ལམ་ཆེན་མོ༽ཞེས་པ་དུས་དེབ་སྟེང་བཀོད་ནས། དེར་བོད་ཁུལ་གྱི་སྙན་ངག་པ་འགའ་བསྡུ་འགུགས་བྱས་ཏེ་དཔྱད་བརྗོད་སྤེལ་ནས་ས་སྤུར་གནམ་སྤུར་བྱས། ཞི་བདེ་ཉི་མ་ལགས་ཀྱི་སྙན་ངག་རིང་མོ་དེ་ནི་དངོས་འབྲེལ་ཤན་སྟོབས་ཅན་གྱི་བརྩམས་ཆོས་ཤིག་ཡིན་ན་བྱེད་ཕྱོགས་དེ་འདྲ་ནི་དགོས་གལ་ཆེ་ནའང་།ང་རང་གི་གོ་བབ་ལྟར་ན་བརྩམས་ཆོས་དེ་ནི་ཆེད་དུ་རྩོམ་པ་པོ་དང་དཔྱད་བརྗོད་པ་བསྡུ་འགུགས་བྱས་ཏེ། ཆེད་སྒྲིག་བཟོས་ནས་ཡར་འགྱོགས་དགོས་པའི་སྙན་ངག་རིན་ཐང་ཅན་ཞིག་ཏུ་མ་མཐོང་། སྙན་ངག་དེ་ནི་ལོ་རྒན་དུ་མར་བྲིས་རབས་བཤད་ཡོད་མོད། དུས་ཚོད་གྲོན་པའི་ཚོད་དང་སྙན་ངག་པ་རྒན་པ་ཡིན་པའི་ཚོད་ཀྱིས་བརྩམས་ཆོས་ཡག་པོ་ཞིག་ཏུ་གཏན་ནས་མ་མཐོང་ལ། སྣང་ཚུལ་དེས་བོད་རྩོམ་སྡིངས་ཆའི་རུལ་སུངས་ཀྱི་རྣམ་པ་ཞིག་དང་དཔུང་སྡེབ་ནས་འགྱོགས་རེ་བྱེད་པའི་རྣམ་པ་ཞིག་ཀྱང་མངོན་འདུག
2.མི་རིགས་རྩོམ་རིག་ཅེས་པའི་དུས་དེབ་དེ་ལོ་རེར་ཀློག་མཁན་སྤྱིའི་གཟིགས་མོར་འདོན་གྱིན་ཡོད་ཀྱང་། དེའང་དུས་དེབ་དེ་གའི་རྩོམ་སྒྲིག་པ་ལྕགས་རྡོར་རྒྱལ་ལགས་ཀྱི་ཕྱོགས་སུ་མཐུན་པ་རྐྱང་སྤུར་སྤྱད་ཅིག་ཏུ་གྱུར་ཚར་བ་ལས། བོད་ཁམས་སྤྱིའི་རྩོམ་རིག་གི་ཞིང་ས་གཤིན་པོ་ཞིག་ཏུ་འགྱུར་ཐུབ་ཀྱིན་མེད།
3.བོད་ཀྱི་རྩོམ་རིག་སྒྱུ་རྩལ་ནི་སྦྲང་ཆར་གྱི་དོ་ཟླ་འཕེར་བའི་དུས་དེབ་རྩེ་གྲ་ཞིག་ཡིན་ནའང་། རྒྱུ་རྐྱེན་དུ་མའི་དབང་གིས་རྩོམ་སྤུས་སོགས་རིམ་གྱིས་ཇེ་ཞན་དུ་སོང་། ལོ་གཉིས་ཀྱི་སྔོན་ནས་བཟུང་གྲོགས་འབའ་སྨད་པ་རྒྱ་ལོ་ཚེ་རིང་ལགས་དུས་དེབ་དེ་གའི་རྩོམ་སྒྲིག་ཁང་དུ་སོང་བ་ནས་བཟུང་། སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་སོགས་ཀྱི་རྒྱུ་སྤུས་ཇེ་བཟང་དང་གསར་སྐྱེས་རྩོམ་པ་པོའི་དཔུང་སྡེ་ཇེ་མཐུག་ཏུ་སོང་ཡོད་ཀྱང་། དུས་དེབ་སྟེང་དུ་རིག་གཞུང་ཞིབ་འཇུག་པ་གྲགས་ཅན་རྒན་རྨེ་རུ་ཡུལ་ལྷ་ཐར་སོགས་རྩོམ་རིག་སྒྱུ་རྩལ་དང་འབྲེལ་མེད་ཀྱི་འབུམ་རམས་པ་སྐོར་ཞིག་ལ་ས་མིག་བཟོས་ནས་གདན་ཐོབ་སྤྲོད་པའི་ལས་ཀ་དེ་ནི་ཡག་པོ་ཞིག་ཏུ་མ་མཐོང་། རྒྱུ་མཚན། དུས་དེབ་དེའི་གཉེར་བྱ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ཡིན་པས། དེ་ནི་ལས་ཀ་ལྷག་མ་ཞིག་ཏུ་མཐོང་སོང་།
མཇུག་བསྡུ་བ།
མདོར་ན་ཉིས་སྟོང་བཅོ་ལྔ་ལོ་ནི་བོད་ཀྱི་རྩོམ་སྟེགས་ཧྲིལ་བོར་བལྟས་ནས་བཤད་ན། རྩོམ་རིག་བརྩམས་ཆོས་དང་རྩོམ་རིག་མཐའ་དཔྱོད། རྩོམ་རིག་དང་འབྲེལ་བའི་བགྲོ་གླེང་། སྒེར་དེབ་འགྲེམ་ཚོགས། རྩོམ་རིག་བྱ་དགའ་སོགས་ཀྱི་ཡོ་ལང་རབ་ཏུ་རྒོད་པའི་ལོ་རབས་ཞིག་ཏུ་མཐོང་ནའང་། གྲངས་མང་པོའི་ཚོད་ཀྱིས་བོད་ཀྱི་ཀློག་པ་པོ་ཡོངས་ཀྱི་ཁ་ཆོད་ཐུབ་ལ་བོད་ཀྱི་རྩོམ་རིག་གི་རྣམ་པ་ཧྲིལ་བོ་ཁེབས་ཐུབ་པའི་བརྩམས་ཆོས་གྲགས་ཅན་གཅིག་ཀྱང་ངོམས་རྒྱུ་མེད་པ་ནི་ཕངས་པའི་རྒྱུ་ཙམ་ལས་མེད། མཐར་ཉིས་སྟོང་བཅོ་ལྔ་ལོའི་རྩོམ་རིག་གི་རྨང་རྐང་སྟེང་ནས་ཉིས་སྟོང་བཅུ་དྲུག་ལོར་རྩོམ་རིག་གི་རྒྱལ་མཚན་ཕྱོགས་ཕྱོགས་སུ་འཕྱར་ཐུབ་པར་སྨོན། མཐར་སྟོང་ལོ་གསར་བའི་ནང་དུ་བོད་མི་ཡོངས་ཀྱི་ཚེ་བསོད་རླུང་རྟ་དར་ཞིང་རྩོམ་རིག་གི་ཤ་འོད་དྲག་ཏུ་འཕྱུར་ཐུབ་པར་ཤོག
གསལ་བཤད། འདིའི་ཁྲོད་ཀྱི་རྒྱུ་ཆ་མང་ཆེ་བ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་བཏུས་པ་དང་། རྒྱུ་ཆ་ཁག་ཅིག་རྩོམ་པ་པོ་མེ་ལྕེ་དང་རེ་རྐང་གླིང་། བོད་གཞུག་སྐྱིད་བཅས་ཀྱིས་འདོན་སྤྲོད་བྱས་པ་ཡིན།