ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ པའི་ཚེས་ ༤ ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲི་བྱུས་ཁག་ལ་ཞུ་འབོད་སླད་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེ་རུ་བསྒྲོན་ནས་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་བྱས་ནས་མཐར་འདས་གྲོངས་སུ་གྱུར་ཡོད་འདུག དེ་ཡང་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་པ། མིང་ལ་རྡོ་པོ། རང་ལོ་ ༢༣། ཕ་མིང་ལ་གཅོད་པ། མ་མིང་ལ་འཕྲིན་ལས་སྐྱིད་ཡིན་ཅིང་ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་འདུག དེང་སྐབས་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་ལ་གཏན་སྡོད་བྱས་ནས་ཡོད་འདུག ཁོང་འདས་གྲོངས་སུ་སོང་པའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་དང་ཤུལ་ལུས་ནང་མིའི་གནས་སྟངས་ཅི་ཡིན་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། བྱ་སྐོར་མ་སྡེ་བ་ནི་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་དང་། འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག འདི་ནི་ད་བར་ཤེས་རྟོགས་ཐུབ་པའི་ཨ་མདོ་རྔ་བའི་ནང་བྱུང་བའི་རང་ལུས་མེ་སྲེག་གནང་མཁན་༤༡ པ་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༨ ཟླ་༡༡ ཚེས་༨ ལ།