གཡུ་སྒང་དགེ་འདུན།
བོད་ཀྱི་མེ་མོ་བྱའི་ལོ་གསར་བ་ཐོན་ལ་ཉེ། ཁ་ཆོས་དྲི་དང་ལག་པ་སྤོས་དྲི་ཐུལ་མཁན་ཚོས། རི་སྤྱང་བཞིན་ཤ་དྲི་བསྣུམ་ནས་འདུར་རྒྱུག་བྱེད་ལ་ཉེ།
ལས་ངན་ར་ལུག་རེ་ཟུང་གི་ཟུངས་ཁྲག་ཐང་དུ་བཞུར་ལ་ཉེ། དངུལ་ཁུག་ཏུ་སྒོར་ཡོད་མེད་ལ་མ་ལྟོས་པར་ཡོད་ཚད་ཉིན་གསུམ་གྱི་རིང་བེད་སྤྱོད་གཏོང་ལ་ཉེ། ནང་མི་ཡོད་ཚད་ལྷན་དུ་འཛོམས་ཡོད་མེད་གང་ལྟར་ཡང་། རྒྱ་གར་ཤ་འཚོང་དང་། ཟས་འཚོང་ཚོའི་ལག་ཁུག་བརྒྱངས་རན་ལ་ཉེ། རླངས་འཁོར་དང་འཕྲུལ་རྟ་ཡོད་མཁན་ཚོ་ཨ་ཅང་ཅང་། མེད་ཀྱང་གླ་གཏོང་རླངས་འཁོར་གླས་ཏེ་ཤའི་ཆེད་དུ་ལ་རྒྱུག་ལུང་རྒྱུག་བྱེད་ལ་ཉེ། ལུག་ཤ་དང་ར་ཤའི་ཡག་ཉེས་དབྱེ་བར་ཤན་པ་ཚོར་ཁ་པར་གཏོང་ལ་ཉེ། ཉེ་བ་བདུན་ལྡན་གྱི་སྐབས་འདིར་རྡ་སའི་ཉེ་འདབས་སུ་ཡོད་པའི་ར་ལུག་དང་། བོད་མི་ཡོད་སའི་ཡུལ་ལུང་ཁག་ཅིག་གི་ར་ལུག་འགའ་ཡིས་ལག་གཉིས་གྲུ་མོ་ས་ལ་བཙུགས་ཏེ། མགོ་བོ་ཡར་བཏེགས་ཏེ་ཞུ་སྙིང་།
ཀྱེ། བྱམས་པ་དང་སྙིང་རྗེ་ཁ་ནས་ཆུ་བོ་བཞིན་བཞུར་ཞིང་། ལག་ཏུ་ཕྲེང་བ་བགྲང་བཞིན་ཁ་ནས་མ་ཎི་འདོན་མཁན། ངག་ནས་འགྲོ་བ་སེམས་ཅན་ཟེར་མཁན་གྱི་བོད་མི་ཚོས་ཐུགས་རྗེ་གཟིགས། ང་ཚོའི་ཤ་ཁྲག་ལ་མི་རྔམས་པར་སྲོག་སྐྱབས་རོགས་གནང་། ཁོར་ཡུག་ལ་འབག་བཙོག་དང་ཡུལ་ལུང་གི་ཁྲིམས་དང་འགལ་བ་མ་བཟོ་རོགས། ཁྱེད་ཚོ་ཟ་འཐུང་ལ་དགའ་བ་ནང་བཞིན་ང་ཚོ་ཡང་ཡུལ་ལུང་གང་དུ་བསྡད་ཡོད་ཀྱང་རང་ཉིད་ལ་ཐོབ་པའི་རྩྭ་ཆུ་དེ་ཞི་བདེ་དང་ལྷིང་འཇགས་ཀྱིས་ཅི་དགར་རོལ་ན་འདོད། ཁྱེད་ཚོ་བཞིན་ང་ཚོ་ཡང་གསོན་ན་འདོད། ཐུགས་རྗེ་གཟིགས་སྲོག་སྐྱབས་རོགས་གནང་། རང་རང་སོ་སོ་སྡོད་སའི་འཁོར་ཡུག་ལ་སྲུང་སྐྱོབ་དང་ཡུལ་ཁྲིམས་ལ་བརྩི་བཀུར་གནང་རོགས། ཁྱོད་ཚོ་ལའང་ཁག་མེད་སྤྲོ་སྐྱིད་གཏོང་འདོད་ཡོད་རེད། འོན་ཀྱང་། གཞན་གྱི་ཚེ་སྲོག་ལ་གནོད་པ་མེད་པའི་སྤྲོ་སྐྱིད་གཏོང་རོགས། དཀར་གསུམ་མངར་གསུམ་གཙོས་ཟས་སྣ་མང་པོས་ལོ་གསར་གཟབ་རྒྱས་སུ་རོལ་རྒྱུ་མཁྱེན། རྐང་ལག་གིས་ཟས་རིགས་གཡོས་སྦྱོར་མི་ཐུབ་ཅིང་། སེམས་ལ་ཤར་བ་ཁ་ནས་བཤད་མི་ཤེས་པ། རང་བྱུང་གི་རྩྭ་ཆུ་ལ་ལོངས་སྤྱོད་པའི་ཉམ་ཆུང་ར་ལུག་ང་ཚོའི་གཙོས་དུད་འགྲོ་དང་སྲོག་ལྡན་སེམས་ཅན་དག་ལ་སྙིང་རྗེ་དང་། བྱམས་བརྩེའི་གཟིགས་ཏེ་སྡིག་ཅན་ཤན་པ་ཚོ་དང་འབྲེལ་བ་མ་བྱེད་རོགས་གནང་། ང་ཚོ་ཚེ་ཐར་ལ་གཏོང་རོགས།
གཡུ་སྒང་དགེ་འདུན་གྱིས། ༢༠༡༧ ཟླ་ ༠༢ ཚེས་ ༡༤ ཉིན།
མི་གི་དུད་འགྲོའི་ཤ་ཟ་རྒྱུའི་ལམ་ལུགས་དེ་སུའི་གཏོད་པ་དང་དུས་རབས་ག་དུས་ནས་དར་བ་ཡིན་དེའི་སྐོར་ལ་ཁུངས་ལྡན་གྱི་འབྲེལ་བཤད་གནང་མཁན་ཡོད་ན་དགའ་བསུ་ཡོད་།
ཧཧཧཧཧ ད་ག་རེ་ལབ་ཀྱི་ཡོད་རེད། ལོ་སར་ཆེ་ཆུང་གཉིས་ཀྱི་སྐབས་སུ་ར་ལུག་བཤས་ན་ཤ་དེ་མི་ཕར་ཞོག ཁྱི་ཡི་ཟ་ཁག་པོ་རེད། བོད་ནང་དཔྱིད་ཟླ་དང་པོའི་ར་ལུག་བཤའ་མཁན་སུ་གང་ཡོད་མ་རེད། ད་སྨྱོ་ལབ་མ་བྱེད་རོགས།