རས་པ།
དེ་རིང་སླར་ཡང་ང་ཚོའི་སྒྲིག་འཛུགས་ཀྱི་གཏམ་རྒྱུད་བཤད། སྒྲིག་འཛུགས་ནི་ཕྱི་ལོ་1959 ལོར་ཡུལ་སྤོས་ཀྱིས་རྩོད་ལེན་ཅན་གྱི་ངོར་བཙུགས་ཤིང་། ཕྱི་ལོ་1960ལོར་ཏོང་ཧྲཱི་ལྷན་ཚོགས་ལྟ་བུའི་མི་མང་འཐུས་མི་འོས་འཛུགས་བྱས་ཏེ་ཆེས་མཐོའི་དབང་ཚད་ལྡན་པའི་ངང་སྒྲིག་ཁྲིམས་གཏན་འབེབས་དང་། ལོ་རེའི་བྱུང་སོང་རྩིས་རྒྱག ལས་སྣེར་ཐད་ཀར་འབྲེལ་བ་ཡོད་པའི་འཛིན་སྐྱོང་ལྷན་ཚོགས་ལ་ལས་ཀ་སྤྲོད་པ་དང་བལྟ་རྟོགས་བྱེད་ཀྱི་ཡོད། ཁྲིམས་བཟོ་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ཀྱི་བར་ལ་ཁྲིམས་ཡིག་གི་གོ་བ་ལེན་ཚུལ་ལྟ་བུའི་རྩོད་གླེང་གི་རིགས་ཐག་གཅོད་བྱེད་མཁན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད། འདི་གསུམ་ནི་རྒྱལ་ཁབ་གཅིག་ལ་ཆ་བཞག་ཚེ་མང་གཙོའི་ཀ་བ་གསུམ་ཞེས་པ་དང་འདྲ། དེ་ལས་གཞན་གྱི་རང་དབང་ཅན་གྱི་ལྷན་ཁང་ཡང་ཡོད་ཀྱང་སྐབས་འདིར་དེ་དག་འགྲེལ་བཤད་མི་བྱེད།
ང་ཚོའི་མི་མང་འཐུས་མིའི་ལྷན་ཚོགས་དང་ཆེས་མཐོའི་འཛིན་སྐྱོང་བྱེད་མཁན་མི་སྣ་རྣམས་ལོ་ལྔ་རེའི་མཚམས་སུ་སླར་ཡང་འོས་འདེམས་བྱེད་དགོས། མི་མང་འཐུས་མིའི་ལྷན་ཚོགས་ཀྱི་དུས་ཡུན་ལ་རྒྱས་བཅད་མེད་ཀྱང་ཆེས་མཐོའི་འཛིན་སྐྱོང་གནང་མཁན་བསྟུན་མར་ཐེངས་གཉིས་ལས་ཡོང་མི་ཆོག གཏན་འབེབས་འདི་ལ་གོ་བ་ལེན་རྒྱུ་ནི་ཧ་ཅང་ལས་སླ་བོ་ཞིག་ཡིན་ཏེ། ཨ་རིའི་རྩོམ་པ་བོ་མར་ཁུ་ཊོན་གྱིས་ “ཆབ་སྲིད་པ་དང་ཆབ་གདན་གཉིས་ཀྱི་གནས་ལུགས་མཚུངས་པས་ངེས་པར་དུ་ཡང་ཡང་བརྗེ་དགོས། ”* ཞེས་བཤད་པ་དང་ཤིན་ཏུ་མཚུངས། འོན་ཀྱང་། ང་ཚོའི་སྒྲིག་འཛུགས་ཀྱི་ནང་དུ་སྒྲིག་ཁྲིམས་བཟོ་མཁན་རྣམས་ནི་མི་མང་གི་འོས་ཤོག་ཉུང་རུ་མ་སོང་བར་དུ་ཚེ་ཡི་ལྕོགས་ཚད་ལ་བཞུགས་ཆོག
གཏམ་རྒྱུད་གཞན་ཞིག་བཤད་ན། རང་བྱུང་རང་ལུགས་ཀྱི་རྣམ་པར་སླེབས་པའི་གདོད་མའི་གྲོས་ཀྱི་ལམ་སྲོལ་འགྲེལ་བརྗོད་དུ་གསལ་བ་ལྟར་ན། ས་སྟོང་དུ་ལྷག་པའི་ཡུལ་གྲུ་ཞིག་ཏུ་གདོད་མའི་རིགས་བརྒྱུད་ཀྱི་མཆེད་ངུ་མང་པོ་མཉམ་དུ་འཛོམས་ཤིང་། ཐུན་མོང་གི་ཁེ་ཕན་ཆེད་མཉམ་གྲོས་བྱེད་དུས་དེང་གི་ང་ཚོའི་གྲོང་གསེབ་ཀྱི་སྡེ་བ་ཞིག་གིས་སྡེ་དོན་ཐག་གཅོད་བྱེད་པ་དང་འདྲ་བར་ཁྱིམ་བདག་གམ་སྡེ་མི་ཡོངས་ལ་དབང་ཚད་དང་ཆེ་མཐོང་གཅིག་མཚུངས་སུ་གནས། མི་གྲངས་འཕེལ་བ་དང་ལས་ཀའང་མང་དུ་ཕྱིན་པས་མི་རྣམས་ཀྱིས་རང་གི་ཁེ་ཕན་དང་གཅིག་མཚུངས་སུ་འགྲོ་བསྐྱོད་བྱེད་པའི་ངོ་ཚབ་གདམས་ཏེ་གྲོས་ལ་དབང་བར་བྱས། དེ་ནི་འཐུས་མི་ཡིན། འཐུས་མི་དེ་དག་ནི་བརྒྱ་ཡི་ནང་ནས་གདམས་ཤིང་། བརྒྱད་ཀྱི་ནང་ནས་བསལ་བ་ཡིན་པས་མི་བྱིངས་ལས་མཐོང་དང་ཆ་འཇོག་ཀྱང་འོས་འཚམ་ཡར་འཕགས། མི་ཆེན་དུ་ཆ་འཇོག་སླེབས་པ་དང་རང་གི་ཁེ་ཕན་མི་མང་གི་ཁེ་ཕན་ལ་རྗེས་སུ་འགྲོ་ལྡོག་མི་བྱེད་པར་གཞན་ལས་རྒྱས་སྤྲོས་ཆེ་བ་དང་། དཔོན་ཉམས་བཏོད་པའི་སྐབས་ཤར་བ་ན་འཐུས་མི་གདམས་དགོས་པའི་དོན་དངོས་ཀྱི་གནས་ལུགས་དང་རྦད་དེ་རྒྱབ་འགལ་དུ་ཕྱིན། དེ་ཡི་སྐབས་སུ་མི་མང་གི་བསམ་བློའིི་ནང་དུ་འཐུས་མི་རྣམས་ང་ཚོས་ཡར་བཞག་པ་ཡིན་པས་ཕྱིར་ང་ཚོའི་ནང་དུའང་འཇོག་འོས་ཞེས་ཁོ་ཚོར་དྲན་སྐུལ་བྱས། རྗེས་ནས་བཟུང་འཐུས་མིས་མི་མང་གི་ཁེ་ཕན་ཆེད་མི་མང་གི་ངོ་ཚབ་བྱེད་པ་ནི་ཕན་ཚུན་གྱི་ཁེ་ཕན་ལ་རྗེས་སུ་འགྲོ་ལྡོག་བྱེད་པའི་གནས་ལུགས་ཅན་གྱི་རྐུབ་སྟེགས་ཤིག་ཏུ་གྱུར། གྱུར་དགོས་པའང་ཡིན།
སྒྲུང་འདི་ལྟར་བཤད་དུས་ལམ་ལུགས་ཀྱི་ངོས་ནས་ཧ་ཅང་སྙིང་རྗེ་བོ་མི་འདུག་གམ། འོན་ཀྱང་། རྙོག་འཛིང་ཆེ་བའི་དོན་དངོས་ནི་མི་མང་ཁ་བསྒྱུར་གྱི་རིགས་ལམ་ལ་བརྟེན་ནས་སྔར་བཞིན་རྒྱས་སྤྲོས་ཆེ་བའི་དཔོན་ཉམས་རིང་ལུགས་པར་གནས་རྒྱུར་ཞེད་སྣང་སྐྱེས་དགོས་པ་དེ་ཡིན། ཀྲུང་གོའི་སྲིད་འཛིན་དང་པོ་མའོ་ཙེ་ཏུང་མཆོག་ནི་ཀྲུང་གོ་བ་(རྒྱ་ནག་པ)དབུལ་བོ་ཁྲི་སྟོང་མང་པོ་དང་དཔུང་བ་མཉམ་ཞིབ་ཀྱིས་བགྲོད་པའི་དབུ་ཁྲིད་བཟང་པོ་དང་། འབྱོར་མེད་གྲལ་རིམ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འགོ་ཁྲིད་བཟང་པོ་ཡིན་པའི་ངོས་འཛིན་དང་འགྲེལ་བཤད་ཡོད་ཀྱང་། ཁོང་གི་སྐོར་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཁག་གཅིག་གི་ནང་དུ་ཁོང་ནི་ཀྲུང་གོ་གསར་བ་རྒྱལ་ཁའི་ངང་བཙུགས་རྗེས་ཀྱི་མུ་གེ་ཆེན་མོའི་སྤྱི་ཚོགས་ནང་། ཆེས་འབྱོར་ལྡན་དང་འཛམ་གླིང་གི་ཕྱུགས་བདག་གྲས་སུ་ཡོད་པར་བཤད། དེ་ཡི་རྒྱུ་མཚན་གཅིག་ནི་འདི་ལྟ་སྟེ། སྐབས་དེའི་རྒྱ་ནག་དང་གྲངས་ཉུང་མི་རིགས་སུ་ཞིག་ཡིིན་ཡང་མའོ་ཙེ་ཏུང་གི་གསུང་རྩོམ་དང་གསུང་བཤད་ཀྱི་དེབ་ཉོ་དགོས་ཤིང་། ཉོས་པའི་དེབ་རིན་ཡོད་ཚད་མའོ་སྐུ་ཞབས་སྒེར་གྱི་སྒོར་ཁུག་ཏུ་བཅུག་ཡོད་པ་ལས་གཞན་གང་ལའང་སོང་མེད། དེ་བཞིན་དུ་ཁོང་གིས་བསྟེན་པའི་ཟུར་བསྟེན་མའི་གྲངས་ཀའང་ཉུང་ཉུང་ཞིག་མིན་ཚོད། རྒྱས་སྤྲོས་འདི་དག་གི་ཟུར་ཕྲ་མོ་རེ་ནི་དངོས་སུ་སྐྱོན་པའི་པར་གྱིས་འགྲེལ་བཤད་བྱས་ཡོང་། ཁོང་ད་དུང་ཡང་འགོ་ཁྲིད་བཟང་པོ་ཞིག་ཡིན་ལ་ང་ཚོས་ཁོང་གི་སྐུ་པར་ཡང་སྒྲིག་བཤོམས་བྱེད་དགོས། ད་ཡིད་ཆེས་རུང་ངམ།
འོ་ན། ང་ཚོས་གཞན་པ་གང་ཞིག་ལ་ཡིད་ཆེས་བྱེད་དགོས་སམ། ང་ཚོས་ཡིད་ཆེས་བྱེད་ས་གཞན་གང་ཡང་མེད་པར་རང་ཉིད་ཡིན་པ་དང་། དེ་ཡང་ང་ཚོ་མང་པོ་གཞི་གཅིག་ཏུ་མཐུན་པའི་སྟོབས་ཤུགས་དེ་ཡིན་པ་ལས་སྒེར་མི་ཞིག་ཡིན་མི་སྲིད། ང་ཚོ་གཞི་གཅིག་ཏུ་མཐུན་པའི་སྟོབས་ཤུགས་དེ་ནི་སྒྲིག་འཛུགས་ཤིག་བརྒྱུད་ནས་ཁྱབ་བསྒྱུར་དང་། ལག་ལེན་བྱེད་ཅིང་། ཁྱབ་བསྒྱུར་མཁན་ནི་འཐུས་མི་དང་། འཐུས་མི་ནི་མི་མང་གི་ངོ་ཚབ་ཡིན་དགོས། ལག་ལེན་མཁན་ནི་འཛིན་སྐྱོང་དང་འཛིན་སྐྱོང་ནི་མི་མང་གི་ཞབས་ཞུ་བ་ཡིན་དགོས།
སྐབས་འདི་ལ་སླར་ཡང་མིག་མདུན་དུ་ཤར་ནས་ཡོང་བཞིན་པའི་འཐུས་མི་འོས་འདེམས་ཀྱི་འུར་སྒྲ་ལ་རྣ་བ་གཏད་ཅིང་། ཤུགས་ཆེ་བའི་རླུང་འཚུབ་དེའི་ཁྲོད་ནས་ངའི་ཀླད་པར་དྲི་བ་ཞིག་འཁོར། ངས་འཐུས་མི་གདམས་དགོས་པ་རེད་དམ། ང་དང་འཐུས་མིའི་ཐུན་མོང་གི་ཁེ་ཕན་ཅི་ཞིག་རེད་དམ། དོན་དངོས་སུ་འཐུས་མི་རྣམས་ནི་གདོང་པ་འཛུམ་གྱིས་ཁེངས་ཤིང་། གོན་པ་གྲལ་དག་གོན་པ་ལ་ཧ་ཅང་གཟབ་ནན་ཡིན་པ་མ་ཟད། འཐུས་མིར་གདམས་པ་ནས་ཁོང་རྣམ་པར་མངོན་གསལ་གྱི་འགྱུར་བ་རབ་ཅིག་ཡོང་བའི་མཐོང་ཚུལ་འདུག དེ་ནི་ངས་འཐུས་མི་གདམས་དོན་ཡིན་ནམ། འཐབ་རྩོད་ཀྱི་ལས་འགན་འཁྱེར་མཁན་གྱི་མི་རྣམས་ལ་འདི་ལྟ་བུའི་དགའ་སྤྲོ་གནོན་དཀའ་བ་ཞིག་ཇི་ལྟར་ཡོང་གི་ཡོད་པ་རེད་དམ། འདི་ནི་བྱིན་རླབས་རེད་དམ། ངས་འོས་འདེམས་རེ་རེའི་སྐབས་སུ་འོས་མིའི་གྲངས་འབོར་མང་རུ་འགྲོ་བཞིན་པའི་རྒྱུ་མཚན་བརྗོད་མི་ཤེས། དེ་བཞིན་ཁག་གཅིག་གིས་མི་སྒེར་ལ་མཐོང་ཆུང་བྱེད་ཅིང་། མི་མང་ཚོགས་སར་གཉའ་བཀུག་མགོ་སྒུར་བའི་སྤྱོད་ཚུལ་གྱི་གསང་བ་དེ་ལའང་གོ་བ་ལེན་མི་ཤེས། འོན་ཀྱང་། རྐུབ་སྟེགས་འདི་ལ་འདུག་རྒྱུའི་འདུན་པ་ཅན་མང་པོ་སྐབས་རེ་ལས་སྐབས་རེར་མང་བ་ཡོད་པ་ནི་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཡིན་པའི་སྐྱབས་འཇུག་ཅིས་ཀྱང་ཞུ་དགོས་པ་མ་རེད་དམ།
གཅིག་བྱས་ན་ཁྱོད་ཀྱིས་འོས་འདེམས་རྗེས་སུ་རང་ཉིད་གཏོགས་པའི་གྲོགས་པོ་དང་གཉེན་ཉེ། ཐུན་མོང་གི་ཁ་གཡང་ཅན་མང་པོ་ཞིག་གི་མགོ་གནོན་པའི་དཔོན་པོ་ཞིག་ཡར་འཐེན་བྱས་ཡོད་ཀྱང་སྲིད། ཁྱོད་རང་མང་གཙོའི་སྤྱི་ཚོགས་ནང་གོ་མེད་ཚོར་མེད་ངང་གཡོག་པོར་འགྱུར་མི་འདོད་ཚེ་ཁྱོད་ཀྱིས་ཡར་བཞག་ཆོག་པ་མར་འཕེན་ཡང་ཐུབ་དགོས་མོད། ང་ཚོར་དེ་ལྟ་བུའི་ནུས་ཤུགས་མེད་ལ། བློ་རྒྱའང་མེད། འོན་ཀྱང་གདོང་ལེན་བྱེད་དགོས། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་སྒྲིག་འགལ་དང་མ་རབས། ལྐོག་བཟའ་སོགས་ཀྱི་གནས་ཚུལ་ཅི་ཞིག་བྱུང་ཡང་དེ་ལ་ཁྲིམས་ཀྱི་ཚ་གཅུན་མི་ཐུབ། མདོར་ན་དེ་ལ་ཁྲིམས་བཟོས་མེད་པས་རྒྱུན་དུ་དེ་ལྟ་བུའི་ལས་བྱེད་མཁན་རྣམས་སྤྱི་ཚོགས་ལ་ངོ་སྤྲོད་བྱ་རྒྱུ་ཙམ་རེད། ང་ཚོའི་བཅའ་སྒྲིག་གི་ནང་དུ་ལས་དོན་ཇི་ལྟར་བྱེད་ཕྱོགས་ཡོད་ཀྱང་། གལ་སྲིད་དེ་ལས་འགལ་ཚེ་ཞེས་པའི་བརྗོད་པ་མེད།(འོས་འཕེན་རྒྱུ་དང་འོས་མིར་ལངས་རྒྱུའི་ཐོབ་ཐང་མེད་པ་བཟོ་རྒྱུ་གསལ་བཤད་བྱས་ཡོད།) ཁྱོད་ཀྱིས་ཉེན་འཚུབ་ཆེ་བའི་རྒྱན་འཇོག་འདིའི་མདུན་ནས་མ་མཐའ་ཡང་རང་གི་ངོ་ཚབ་ཁག་གཅིག་ལ་ “ཁྱོད་ཀྱི་སྣང་བ་བདེ་བ་ཅན་གྱི་ལྡུམ་རྭར་མ་འཁྱམས་རོགས་” ཞེས་དྲན་སྐུལ་ཞུ་འོས།
བསམ་ཚུལ་དང་མཐོང་ཚུལ་ལྷུག་པར་བརྗོད་པའི་བྲིས་རྩོམ་ཡག་པོ་འདུག
ཡག་པོ་བྲིས་འདུག་་་་ཐུགས་རྗེ་ཆེ་ཞུ།
འཐུས་མིར་ལང་མཁན་དང་འཐུས་མིར་འདེམ་མཁན་གཉིས་ཀར་སེམས་པ་དམར་པོའི་སྐད་ཆ་བྱིན་འདུག ལྷག་ཏུ་གཏམ་རྒྱུད་ཅིག་ལ་སྦྱར་བ་དེ་དང་། མཱོ་ཡི་དཔེ། ད་དུང་གཤམ་གྱི་ཉིད་ཀྱི་བསམ་ཚུལ་དེ་ཚོར་བལྟས་དུས། བློ་འབྱེད་ཀྱི་གཏམ་ཞིག་ལས་ཆབ་སྲིད་སྐད་ཆ་ཞིག་མིན་པའི་ངོས་འཛིན་བྱུང་། “རིགས་བརྒྱུད་ཀྱི་(མཆེད་)ཆེད་དུ་མིན་ནམ།”