འོས་སྦྱོར་བ། རེ་མདོ་སེངྒེ།
༄༅།། ང་ད་ལོ་ལོ་བརྒྱད་ཅུ་གྱ་གཅིག་ཡིན། རྣམ་པ་ཚོའི་ནང་དུ་དགུང་ལོ་བརྒྱད་ཅུ་དང་བདུན་ཅུ་ནང་ཅན་མང་པོ་འདུག།ང་ཚོ་མང་ཆེ་བ་ན་མཉམ་ལྟ་བུ་ཡིན་དུས་ཁྱེད་ཚོ་དེ་རིང་ཆེད་དུ་ང་ལ་ཐུག་པར་ཡོང་བར་དགའ་བོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༦༢ ལོ་ནས་ཕྱི་ལོ་ ༡༩༦༤ ལོའི་བར་ང་ཌ་ལ་ཧོ་སི་ལ་བསྡད་པ་ཡིན་དུས་ང་ཚོ་ཕ་ཡུལ་གཅིག་པ་ལྟ་བུར་གྱུར་ཡོད། སྐབས་དེར་ཌ་ལ་ཧོ་སིར་གདན་ས་སེར་འབྲས་དགེ་གསུམ་གྱི་དགེ་བཤེས་མང་པོ་ཞིག་དང། རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་འདུན་པ་མང་པོ་བཞུགས་ཡོད། དེ་བཞིན་དུ་བཟོ་གྲྭ་དང་། རྒས་གསོ་ཁང། སློབ་གྲྭ་གཉིས་སོགས་བོད་མི་གང་འཚམས་མང་པོ་ཡོད་དུས། ཌ་ལ་ཧོ་སི་ཟེར་བའི་སྐབས་ས་གནས་གཞན་དག་དང་མ་འདྲ་བར་བོད་ཀྱི་ཆོས་སྡེ་ཆེན་པོ་ཡོད་ས་དང། བོད་པའི་མང་ཚོགས་ཤིན་ཏུ་མང་པོ་ཡོད་ས་ཞིག་ཏུ་གྱུར་ཡོད་ནའང་། ཕྱིས་སུ་རིམ་པས་བོད་མི་མང་པོ་ཞིག་ཡར་མར་དུ་གཞིས་སྤོས་བྱས་པ་རེད།
ཡིན་ནའང་ཁྱེད་ཚོ་རྒན་པ་རྣམས་ནི། ཐོག་མར་བོད་གཞུང་གིས་ཌ་ལ་ཧོ་སི་ལ་གཞིས་ཆགས་གོ་སྒྲིག་གནང་བ་ལྟར། བོད་གཞུང་གི་བཀའ་བརྩིས་ནས་ལོ་བདུན་ཅུ་བརྒྱད་ཅུ་ལོན་པའི་བར་དུ་ས་གནས་དེ་གར་བརྟན་པོ་བྱས་ནས་བཞུགས་པ་རེད། ད་ལྟའི་བར་དུ་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་བསྒྲུབས་ནས་ས་གནས་དེར་མི་ཚེ་བསྐྱེལ་བ་ཡིན་དུས་ཤིན་ཏུ་ནས་གཟི་བརྗིད་ཆེན་པོ་རེད་ལ། སོ་སོའི་མི་ཚེ་༸རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་པའི་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་དུས། རྣམ་པ་ཚོའི་མི་ཚེ་ཆོས་སྲིད་གང་གི་ཐད་ནས་ཡིན་ནའང་དགའ་བ་སྒོམ་འོས་པའི་མི་ཚེ་དོན་ལྡན་ཞིག་བྱུང་ཡོད་པ་རེད།
དེ་བཞིན་དུ་ཌ་ལ་ཧོ་སི་ནས་གཞོན་པ་སྐོར་ཞིག་ཀྱང་དེ་རིང་འདིར་ཕེབས་འདུག་པ་ཁྱེད་ཚོས། རྒན་པ་ཚོ་གནས་སྐོར་ལ་ཕེབས་རྒྱུའི་གྲ་སྒྲིག་བྱས་པ་ཡིན་ཞེས་གོང་དུ་ངོ་སྤྲོད་གནང་བྱུང། གཞོན་པ་རྣམས་ཀྱིས་ཡ་རབས་སྤྱོད་བཟང་གི་ཐོག་ནས་རྒན་པ་ལ་བརྩི་བཀུར་དང་ཞབས་ཕྱི་ཞུས་པ་ནི་ཤིན་ཏུ་ཡག་པོ་རེད། ཡ་རབས་སྤྱོད་བཟང་ནི་བོད་པ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གཞན་ལ་ངོམ་ཆོག་པའི་རིན་ཐང་ཅན་ཞིག་ཏུ་གྱུར་ཡོད།
ལྷག་པར་དུ་རྒན་པ་རྣམས་ཀྱི་ནང་ནས་འཚོ་བ་དང་དཔལ་འབྱོར་གྱི་དཀའ་ངལ་ཡོད་ས་རྣམས་ལ་ཡང་རྣམ་པ་ཚོས་རོགས་རམ་བྱེད་ཀྱི་ཡོད་པ་ནི་ཤིན་ཏུ་ཡག་པོ་རེད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡ་རབས་སྤྱོད་བཟང་ཁྱེད་རྣམས་ཀྱིས་དངོས་སུ་ལག་ལེན་དངོས་ཀྱི་ཐོག་ནས་རྒྱུན་འཛིན་གནང་བ་ནི་ཤིན་ཏུ་ནས་ཡག་པོ་རེད། རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།
འདིར་ཕེབས་པའི་རྒན་པ་རྣམས་ཀྱི་གྲས་ནས་རང་རང་གི་ཕ་ཡུལ་དུ་ལོག་ཐུབ་མཁན་མང་པོ་ཡོད་རྒྱུ་རེད། ང་ཚོའི་ཕ་ཡུལ་གཅིག་པའི་རྒན་རྒོན་འགའ་ཤས་ལ་བོད་ནས་རང་རང་གི་ཚ་བུ་ཚ་མོ་རྣམས་ཀྱིས། ད་ལོ་ཆེན་པོ་ཡིན་དུས་ས་མཐར་མ་བཞུགས་པར་ཕྱིར་བོད་ལ་ལོག་ཕེབས་རོགས་ཟེར་ནས་བསུ་བར་ཡོང་བའི་སྐབས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་མ་ཕེབས་པའི་བར་དུ་རྒྱ་གར་དུ་༸རྒྱལ་བ་རིན་པོ་ཆེ་དང་སྐྱིད་སྡུག་མཉམ་གཤིབ་བྱས་ནས་སྡོད་རྒྱུ་ཡིན། བོད་ལ་འགྲོ་ཡི་མིན་ཞེས་བོད་ལ་འགྲོ་རོགས་བྱེད་ཀྱི་མེད། ཁྱེད་ཚོ་མང་ཆེ་བ་ཡང་གནས་སྟངས་དེ་དང་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་བོད་ལ་མ་ཕེབས་པའི་བར་དུ་བོད་མི་མང་དང་སྐྱིད་སྡུག་མཉམ་གཤིབ་བྱས་ནས་སྡོད་ཀྱི་ཡིན་ཟེར་ནས། ད་ལྟའི་བར་དུ་ས་ཆ་གཅིག་ཏུ་བརྟན་པོ་བྱས་ནས་བཞུགས་མཁན་ཤ་སྟག་རེད། མི་ཚེ་གཅིག་གི་རིང་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་བསྒྲུབས་ནས་བསྡད་པ་ཡིན་དུས། འདི་ལས་ལྷག་པའི་ཆོས་དགེ་བ་དང་ཚོགས་བསགས་ཀྱི་བྱ་བ་གང་ཡང་མེད། གནང་སྟངས་འདི་ཆོས་ཕྱོགས་ནས་བཤད་ན་དགེ་སྒྲུབ་ཡིན་པ་ཙམ་དུ་མ་ཟད། ཁྱེད་རང་རང་ཚོ་སོ་སོའི་མི་ཚེའི་གཟི་བརྗིད་དང་རིན་ཐང་ཆེ་ཤོས་ཀྱང་དེ་རེད། ངའི་ངོས་ནས་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
མ་འོངས་པར་ཡང་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཅི་གསུང་བཀའ་སྒྲུབ་ཞུ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་སྒྲུབ་པ་ལ་ངེས་པར་དུ་ལོ་ཆུང་ཆུང་དང་གཟུགས་གཞི་ཐང་པོ། གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཤིག་གི་ནང་ལ་ལས་ཀ་བྱས་ནས་སྡོད་མཁན་ཞིག་ཡིན་དགོས་པའི་ངེས་པ་གང་ཡང་མེད།
དཔེར་ན། ང་སྔོན་མ་ཕྱི་ལོ་ ༡༩༨༤ ལོར་བོད་ལ་ལྟར་སྐོར་དུ་འགྲོ་བའི་སྐབས། ས་ཁུག་ཀྱོག་རྣམས་སུ་རྒན་རྒོན་མང་པོ་ང་ལ་ཐུག་པར་ཡོང་གི་འདུག།ཁོང་ཚོས་ངའི་གདོང་ལ་བལྟས་ནས། “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།བོད་རང་དབང་རང་བཙན་མགྱོགས་ནས་མྱུར་དུ་ཐོབ་པར་ཤོག” ཅེས་སྨོན་ལམ་བརྒྱག་གི་འདུག།ཁྱེད་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་དང། བོད་རང་དབང་རང་བཙན་མགྱོགས་ནས་མྱུར་དུ་ཐོབ་པར་ཤོག་ཅེས་སྨོན་ལམ་བརྒྱབ་ནས་སེམས་ཤུགས་ལ་རྒྱབ་སྐྱོར་བྱས་ན་དེ་ལས་ལྷག་པའི་བོད་གཞུང་གི་ཞབས་ཕྱི་ཞུ་རྒྱུ་མེད། རྣམ་པ་ཚོ་དགུང་ལོ་བགྲེས་པོ་ཡིན་དུས་སྐུ་གཟུགས་གནས་སྟངས་ཀྱིས་ལྕོགས་ཀྱི་མེད་ནའང་སྨོན་ལམ་བརྒྱག་པ་ལ་སེམས་ཤུགས་ཀྱི་ནུས་པས་མ་འདང་བ་ཞིག་ཡོད་པ་མ་རེད། དེ་ཡིན་དུས་རྣམ་པ་ཚོས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་སེམས་ཤུགས་མ་ཆག་པའི་ཐོག་ནས་སྨོན་ལམ་ཚུན་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།
ད་ནངས་ཞོག་པར་རྣམ་པ་ཚོས་༸རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེར་མཇལ་ཁ་ཞུས་པ་རེད། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་སེམས་ལ་ཉར་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུ་རྒྱུ་ཙམ་གཙོ་བོ་མ་རེད། གཙོ་བོ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་གནང་བ་དེ་སེམས་ལ་བཟུང་ནས་ཉིན་རེ་བཞིན་ལག་ལེན་དུ་བསྟར་གང་ཐུབ་ཞུ་དགོས་པ་འདི་གལ་ཆེ་ཤོས་རེད། དེ་བཞིན་དུ་ས་སྐྱ་གོང་མ་རིན་པོ་ཆེས་བཀའ་སློབ་གནང་ཡོད་ངེས་པས་བཀའ་སློབ་གང་གནང་བ་དེ་དག་སེམས་ལ་ངེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།
བོད་པ་རྒན་རྒོན་ཚོ་ནི་འཛམ་གླིང་ནང་གི་རྒན་རྒོན་གཞན་དག་དང་མ་འདྲ་བར་ཚེ་མཇུག་སྐྱིད་པོ་དང་སྤྲོ་སྣང་ལྡན་པ་བྱེད་ཐུབ་པའི་ཐབས་ལམ་དམིགས་བསལ་བ་ཞིག་ཡོད། ཕྱིའི་རྒྱལ་ཁབ་ཀྱི་རྒན་རྒོན་རྣམས་རྒས་འཁོགས་ཆགས་པའི་སྐབས་སུ་རྒྱུན་དུ་ཉི་མ་མ་འཁྱོལ་བའི་དཀའ་ངལ་ཆེན་པོ་ཞིག་ཡོང་གི་ཡོད། བོད་པ་རྒས་འཁོགས་རྣམས་འཚོ་བ་དང་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཞིག་ཡོད་མེད་ལ་མ་ལྟོས་པར། སེམས་པ་སྐྱིད་པོ་བྱས་ནས་སྡོད་ཐུབ་པའི་བསམ་བློ་གཏོང་སྟངས་དམིགས་བསལ་བ་ཞིག་ཡོད། ཉིན་རེ་བཞིན་ཁ་འདོན་དགེ་སྦྱོར་བྱས་ཏེ་ཉི་མས་མ་འདང་བའི་དཀའ་ངལ་ཞིག་མ་གཏོགས། རྒྱུན་དུ་ཉི་མ་འཁྱོལ་བའི་དཀའ་ངལ་གཏན་ནས་མེད། རྣམ་པ་ཚོ་ཡོངས་རྫོགས་ཀྱི་སྐེད་ལ་ཕྲེང་བ་བཏགས་འདུག་པ་ལྟར། རྒྱུན་དུ་མཎི་ཡིག་དྲུག་བགྲངས་པ་དང། གཟུངས་སྔགས་འདྲ་མིན་བསགས་ནས་དགེ་སྒྲུབ་བྱ་བ་ནི་ཚེ་མཇུག་གི་ལས་ཀ་གཙོ་བོ་དེ་ཡིན། ཚེ་མཇུག་ལ་དགེ་སྒྲུབ་ཡག་པོ་བྱེད་ཐུབ་པ་ཡིན་ན་སྐྱེ་བ་ཕྱི་མར་མི་ལུས་བཟང་པོ་ཐོབ་པའི་རེ་བ་ཆེན་པོ་ཡོད་པ་རེད།
རྒས་འཁོགས་རྣམས་ཀྱིས་རང་རང་གི་ཚེ་མཇུག་ལ་ཁ་འདོན་སྒྲིབ་སྦྱོང་བྱས་པ་དང་མཉམ་དུ། རང་གི་བུ་ཕྲུག་དང་ཚ་བུ་ཚ་མོ་རྣམས་ལ་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་བསླབ་བྱ་བརྒྱག་རྒྱུ་དང། རང་རང་གི་ཁྱིམ་ཚང་དང་བོད་སྤྱི་པའི་ལས་དོན་ལམ་ལྷོང་ཡོང་བར་སྨོན་ལམ་བརྒྱག་དགོས་པའི་འགན་དང་ནུས་པ་གཉིས་ཀ་རྒན་པ་རྣམས་ལ་ཡོད་པ་རེད། འདི་ལྟར་རྒན་པ་རྣམས་ཀྱིས་རང་རང་གི་མི་ཚེ་ལྷག་མ་གང་ཡོད་པ་དེ་དོན་དང་ལྡན་པར་སྐྱེལ་དགོས་པ་རེད་ཅེས་ཞུ་འདོད་བྱུང།
ང་ཚོ་ཡོངས་རྫོགས་རྒན་པར་ཆགས་ཟིན་པ་ཡིན་དུས་ང་ཚོའི་མི་ཚེ་ལྷག་མ་དེ་དོན་དང་ལྡན་པར་བསྐྱེལ་དགོས་དུས། རྒན་པ་སོ་སོའི་ངོས་ནས་ག་རེ་བྱེད་ཐུབ་ཀྱི་འདུག།འདིའི་ཐོག་ལ་ངེས་པར་བསམ་བློ་གཏོང་དགོས་པ་རེད། ལོ་ནའི་བབས་དང་གང་ཅིའི་ཆ་ནས་འཆི་ལ་ཉེ་བ་ཡིན་པ་དངོས་ཡོད་གནས་ཚུལ་ཡིན་དུས། གསོན་པའི་རིང་ལ་སོ་སོའི་ངོས་ནས་དགེ་སྒྲུབ་སྡིག་སྤོང་བྱ་དགོས་པ་ནི་གལ་ཆེན་པོ་རེད་ལ། ནང་མི་ཚོའི་ངོས་ནས་ཡིན་ནའང་རྒས་འཁོགས་རྣམས་གྲོངས་པའི་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་མིག་གི་མཐོང་སར་བཞག་སྟེ། གསོལ་འདེབས་ཞུ་འཇུག་རྒྱུས་མཚོན་པའི་དགེ་སེམས་དང་ལྡན་པའི་ངང་ནས་འཆི་ཐུབ་པའི་ཐབས་ཤེས་བྱ་དགོས། དགེ་སེམས་དང་ལྡན་པའི་ངང་ནས་ཤི་བ་ཡིན་ན་ཚེ་ཕྱི་མ་ཕན་ཆད་ལ་ངན་སོང་དུ་མི་སྐྱེ་བར་ཕན་ཐོགས་ཆེན་པོ་ཡོད། དེ་ལྟར་མ་ཡིན་པར་ནད་པའི་འཁྲིས་སུ་ངུ་བ་དང་ཟ་ངེ་ཟིང་ངེ་བྱས་ཚེ་ནད་པའི་སེམས་ལ་དགེ་སེམས་སྐྱེ་རྒྱུའི་ཚབ་ཏུ་དངངས་སྐྲག་ཡོང་གི་རེད། མཆོད་གཤོམ་ནང་དུ་ཡོད་པའི་ཐུབ་དབང་གི་སྐུ་དང་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་བལྟས་ནས་སྨོན་ལམ་རྒྱག་བཞིན་འཆི་ཐུབ་པ་ཡིན་ན། སྐྱེ་བ་ཕྱི་མ་རྣམས་སུ་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་དང། ༸རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་གི་སློབ་མ་ཞིག་ཏུ་སྐྱེ་བའི་རེ་བ་དང་སྨོན་ལམ་དམིགས་བསལ་བ་ཞིག་ཐེབས་རྒྱུ་ཡིན།
གཞོན་པ་ཚོར་སྤྱིར་བཏང་གི་མི་ཚེའི་འགྲོ་སྟངས་བྱས་ན་ད་དུང་ཕྱག་ལས་གནང་རྒྱུའི་དུས་ཚོད་རིང་པོ་ཡོད་པ་ཡིན་དུས། བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་བྱ་དགོས་པ་དེ་བོད་མི་ཡོངས་རྫོགས་ལ་འགན་ཁུར་ཡོད་པ་ཞིག་ཡིན། བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་པའི་ལས་དོན་སྒྲུབ་དགོས་པ་ནི་ང་ཚོ་ཡོངས་རྫོགས་ལ་འགན་དུ་འཁྲི་བ་ཞིག་རེད། བོད་ཀྱི་རྩ་དོན་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་དོན་རེད་ལ། བོད་སྤྱི་པའི་ལས་དོན་བྱ་བ་ནི་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་དོན་དུ་རེད། སངས་རྒྱས་ཀྱི་བསྟན་པ་ཡུན་གནས་དང་དར་འཕེལ་ཡོང་བ་ལ། བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་ཡུན་གནས་དར་འཕེལ་ཡོང་དགོས་པ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད་དུས། སངས་རྒྱས་ཀྱི་བསྟན་པ་དར་བ་དང་འགྲོ་བ་ལ་བདེ་སྐྱིད་ཡོང་བའི་དོན་དུ་ད་ལྟའི་བར་དུ་རྣམ་པ་ཚོས་སྐུ་ལས་བསྐྱོན་པ་རེད་ལ། མ་འོངས་པར་ཡང་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཁུར་བའི་ཐོག་ནས་སངས་རྒྱས་ཀྱི་བསྟན་དོན་དང་བོད་སྤྱི་པའི་རྩ་དོན་ལ་ཤུགས་བརྒྱག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།
ད་ལྟའི་མི་རབས་འདིས་འགན་བླངས་ཏེ་མི་རབས་གཞོན་པ་ཚོ་ལ་བོད་སྐད་བཤད་རྒྱུ་ནས་བཟུང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་གི་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྐད་ཤེས་དགོས་པ་རེད། བཙན་བྱོལ་རང་དབང་ལུང་པའི་ནང་དུ་ཡོད་པའི་གཞོན་སྐྱེས་ཚོས་བོད་སྐད་དང་བོད་ཡིག་ལ་དོ་སྣང་མ་བྱས་པ་ཡིན་ན། བོད་ནང་དུ་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྲིད་བྱུས་བཟུང་སྟེ་བོད་སྐད་དང་བོད་ཡིག་རྩ་མེད་དུ་གཏོང་རྒྱུའི་ལས་འགུལ་སྣ་ཚོགས་བརྩམས་དང་རྩོམ་མུས་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་ཡང་རང་བཞིན་གྱིས་བོད་ཀྱི་སྐད་དང་ཡི་གེའི་གནས་ཚད་སྐྱོ་པོར་འགྲོ་བཞིན་ཡོད་དུས། རྒྱ་གར་ནང་དུ་ཡོད་པའི་བོད་པ་ཚོས་དམིགས་བསལ་གྱིས་ཤུགས་མ་བརྒྱབ་ན་བོད་ཀྱི་སྐད་དང་ཡི་གེ་རང་བཞིན་གྱིས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་ཡོད་པ་ཡིན་དུས། ཁྱེད་ཚོ་ལོ་ཆུང་བ་རྣམས་ཀྱིས་སོ་སོའི་ནང་མི་བུ་ཕྲུག་ཚོ་ལ་བོད་ཡིག་དང་བོད་སྐད་ཐོག་ཤུགས་བརྒྱག་ཏུ་འཇུག་དགོས་པ་གལ་ཆེན་པོ་རེད་ཅེས་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང།
ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་ཡིག་ཐོག་དང་སྒྲ་ཐོག་གཉིས་ཀར་ཤིན་ཏུ་མང་པོ་ཡོད་དུས། བཀའ་སློབ་དེ་དག་སྐྱབས་སུ་མཆི་ཞེས་མགོ་ལ་བཞག་ཙམ་བྱས་ཏེ་མཆོད་གཤོམ་ནང་ལ་བསྒྲིགས་ནས་བཞག་པས་མི་འགྲིག། ངེས་པར་དུ་བཀའ་སློབ་དེ་དག་ལ་ཡང་ནས་ཡང་དུ་ལྟ་ཉན་དང་སློབ་སྦྱོང་བྱས་ཏེ། བཀའ་སློབ་དེ་དག་གི་ནང་ནས་རང་གི་མི་ཚེའི་ནང་ལག་བསྟར་བྱ་ཐུབ་པ་གང་དང་གང་འདུག།དཔེར་ན། ཁྱིམ་ཚང་ནང་གི་འཆམ་མཐུན་གྱི་སྐོར་དང། ཚོང་ལས་བྱེད་སྟངས་ཀྱི་སྐོར། རྒྱུན་དུ་འཚོ་བ་སྐྱེལ་སྟངས་ཀྱི་སྐོར་སོགས་༸རྒྱལ་བ་རིན་པོ་ཆེས་ཆོས་སྲིད་གང་གི་ཐད་ལ་བཀའ་སློབ་འདི་མ་གནང་བ་ཟེར་བ་མེད་པ་ཡིན་དུས། བཀའ་སློབ་གནང་བ་དེ་དག་རང་རང་གི་ངོས་ནས་ཅི་ཐུབ་གང་ཐུབ་ཀྱིས་ལག་བསྟར་བྱས་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་གསུང་བརྩིས་པ་རེད། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀྱི་ནང་དོན་ལག་ལེན་གང་ཡང་མ་བསྟར་བར་སྐྱབས་སུ་མཆི་ཞེས་བཞག་བཞག་པ་ཡིན་ན་ཕན་ཐོགས་གང་ཡང་མ་བྱུང་བ་ཡིན་དུས། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་གནང་བ་དེ་སེམས་ལ་ངེས་པར་བྱས་ཏེ། གང་ཐུབ་ཀྱིས་ལག་ལེན་ལ་འཁེལ་ཐུབ་ཐབས་བྱེད་རོགས་ཞེས་རྣམ་པ་ཚོ་ལ་རེ་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང།
རྒན་གཞོན་གཉིས་ཀའི་ངོས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་བོད་ལ་བདེ་སྐྱིད་ཡོང་བའི་དོན་དུ་སྨོན་ལམ་བརྒྱག་དགོས་པ་འདི་གལ་ཆེན་པོ་རེད། སྨོན་ལམ་ལ་ནུས་པ་ཆེན་པོ་ཡོད། རྒྱ་ནག་གུང་ཁྲན་གྱིས་ཆོས་ཁས་ལེན་གྱི་མེད་ཀྱང། “མའོ་ཙེ་ཏུང་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་ཁོ་ཚོས་སྨོན་ལམ་བརྒྱག་གི་ཡོད་པ་རེད། དེ་ལྟར་སྨོན་ལམ་བརྒྱག་པ་ལ་ནུས་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གུང་ཁྲན་གྱིས་ཀྱང་སྨོན་ལམ་བརྒྱབ་ཀྱི་ཡོད་པ་རེད། ལྷག་པར་དུ་ང་ཚོ་ཆོས་ཁས་ལེན་མཁན་ཞིག་གི་ངོས་ནས་སྨོན་ལམ་བརྒྱབ་པ་ཡིན་ན་ནུས་པ་དམིགས་བསལ་བ་ཞིག་ཡོང་རྒྱུ་ཐེ་ཚོམ་མེད་པ་ཡིན་དུས། རྣམ་པ་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང། བོད་མི་མང་ལ་བདེ་སྐྱིད་ཡོང་བའི་དོན་དུ་སྨོན་ལམ་བརྒྱག་དགོས་པ་ནི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།
མདོར་བསྡུས་ན། གཙོ་བོ་ད་ནངས་ཞོག་པ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གང་གནང་བ་དེ་མ་བརྗེད་པར་སེམས་ལ་ཉར་ནས་ལག་ལེན་དུ་འཁེལ་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།