འཇམ་གཅེས།
ཉིན་བྱེད་དབང་པོ་ནམ་མཁའི་དཀྱིལ་དུ་སླེབས་པར་ཉེ་བའི་དུས་ཚོད་དེ་རུ།།
བྱ་དང་བྱེའུའི་སྐད་གསེང་མ་གཏོགས་མི་སྐད་ཁྱི་སྐད་དབེན་པའི་སྐབས་དེར།།
སེམས་ཀྱི་ལྷ་མོའི་གསུང་སྐད་འདྲ་ཞིག་ཐོས་འཛིན་བུ་གའི་སྒོ་ནས་འཛུལ་སོང་།།
གང་ཡིན་སྙམ་བཞིན་བྲེལ་སྟབས་དང་བཅས་མལ་སའི་ནང་ནས་ལྡང་མ་ཐག་ཏུ།།
སྒེའུ་ཁུང་ནང་ནས་མར་ལ་ལྟ་དུས་ཏག་ཏག་ཏིག་ཏིག་ཡར་ལ་གཟིགས་འདུག །
མིག་བརྡ་ཐེངས་ཤིག་བྱས་མ་ཐག་ཏུ་བཞད་མོ་བཞད་བཞིན་ཧེ་ལོ་གསུངས་བྱུང་།།
འཚབ་འཚུབ་ངང་ནས་ཁམས་བདེ་དྲིས་དུས་བདེ་མོ་ཡིན་ཚུལ་གསུང་ལན་གནང་སོང་།།
ད་ལྟ་གང་དུ་ཕེབས་མིན་དྲིས་དུས་སྤྲོ་གསེང་ཕྱིར་དུ་ཡོང་ཡིན་གསུངས་སོང་།།
ཡར་ལ་ཕེབས་ཤོག་ཞུས་མ་ཐག་ཏུ་གཡས་གཡོན་གཟིགས་བཞིན་གོམ་ཁ་བསྒྱུར་སོང་།།
ཞབས་སྟེགས་ཐོག་ཏུ་བཞུགས་མ་ཐག་ཏུ་དེ་རིང་ཚ་བ་ཆེ་འདུག་གསུངས་སོང་།།
ངས་ཀྱང་དེ་ལྟར་འདུག་ཞེས་ཞུས་ནས་མངར་ཆུ་གྲང་མོ་ཕོར་གང་བཀྱགས་རྗེས།།
ཅུང་ཟད་བར་དུ་གནད་སྨིན་གཏམ་གླེང་གང་ནས་མགོ་འཛུགས་དགོས་མིན་མ་མ་ཤེས།།
གང་འཚམ་རྗེས་ནས་ཁ་གཏིང་གསལ་བའི་གསང་གཏམ་ངོ་མ་དངོས་སུ་བཤད་བཞག །
དཀའ་ཚེགས་མེད་པར་གོ་བརྡ་འཕྲོད་དུས་གཏམ་རྒྱུད་སྙན་མོ་གླིང་འདིར་བཞག་སོང་།།
མི་ཁ་རླུང་ཤུགས་འདི་ལ་འཇིགས་རུང་ལས་དབང་རྒྱལ་མོ་དེ་ལས་བཙན་འདུག །
ལྟས་ངན་མ་ཟེར་གནས་ལུགས་གསོན་པོར་གུས་བཀུར་བྱོས་ཤིག་སྙིང་གི་གྲོགས་ཚོ།།
འགན་ཁུར་བྲལ་བའི་ཚོར་བས་བཟི་བའི་སྙན་ངག་པ་ཡི་རང་གཤིས་འདི་དང་།།
རྣམ་རྟོག་དབེན་པའི་མི་ལ་རས་པའི་མཛད་སྤྱོད་རེ་འགའ་མཚུངས་པའི་ཆོས་སུ།།
མི་འགྲོ་ཟེར་ན་དེ་ཡང་གནས་ལུགས་ངོ་ལོག་མིན་ན་ཅི་ཞིག་ཡིན་ནམ།།
འདི་ལ་ནོངས་པ་གང་ཞིག་ཡོད་ན་གྱོད་དང་ཁ་མཆུར་བདག་པོ་མེད་དོ།།
རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་བདག་གིས་བསམ་སྤྱོད་རང་དབང་ཐོག་ནས།།
རང་སྣང་གང་ཤར་ཡིག་ཐོག་བཀོད་དུས་རང་སེམས་ངལ་གསོའི་བདེ་བ་ལོས་ཡིན།།
སེམས་པར་སྒ་སྲབ་དབེན་པའི་མི་ལ་ཚོར་འདུར་ཁ་ལོར་བསྒྱུར་མཁན་མེད་པས།།
རང་དབང་ལོངས་སུ་སྤྱོད་པར་ནུས་ཚེ་རང་བཙན་ཟེར་ན་དེ་འདྲ་ལོས་ཡིན།།
རྒྱ་གར་རང་བཙན་གྱི་ཉིན་མོར་གྲོགས་དག་ལ་ལེགས་འབུལ་གྱི་ཚུལ་དུ་བསམ་སྤྱོད་ཡ་མ་བརླ་ཅན་གྱི་མི་བུ་འཇམ་གཅེས་མིང་ཅན་པ་ཞིག་གིས་སུག་ལས་སུ་བགྱིས་པའོ།།
དིང་སྐད་དང་མཐུན་པའི་ཚིགས་བཅད་སྙན་པོ་ཞིག་འདུག
ད་ལྟ་གང་དུ་ཕེབས་མིན་དྲིས་དུས་སྤྲོ་གསེང་ཕྱིར་དུ་ཡོང་ཡིན་གསུངས་སོང་།།
འདི།
ད་ལྟ་གང་དུ་ཕེབས་མིན་དྲིས་དུས་སྤྲོ་གསེང་ཕྱིར་དུ་ཡོང་ཡིན་གསུངས་བྱུང་།།
སོང་ལས་བྱུང་འདི་ལེགས་སྙམ་ལགས།