འཆམ་ར་དྲི་མེད་རྒྱལ་མཚན།
དེའང་ཉེ་བའི་ཆར་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ “ སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཙན་བྱོལ་བོད་གཞུང་མཚན་སྒྱུར་གནང་བ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།”ཅེས་པའི་དྲིས་ལན་ནང་དུ། ཕྱོགས་མང་ཞིག་ནས་གནད་སྨིན་གྱི་ལན་གནང་འདུག་པ་ནི་སྤྱི་ཟུར་ཞིག་གི་ཉམས་འགྱུར་འདི་འདྲ་ཞིག་ལོས་ཡིན་དྲན་པའི་དགའ་ཚོར་རེར་བྱུང་ལ་གུས་བཀུར་ཡང་ཡོད། ད་དུང་དྲི་བ་རྣམས་ཀྱི་ལན་མང་ཤོས་ཐད་བརྗོད་ཅི་ཐུབ་ཞིག་བྱས་ཡོད་པའི་མཐོང་སྣང་འདིས་དེ་བས་ཀློག་སྤྲོ་བ་ཞིག་དང་། ལྟ་རྒྱུ་ཉན་རྒྱུ་མང་ས་ཞིག་བྱུང་སོང་། རེད་དེ། ཕྱོགས་འགའ་རེའི་ཐད་ནས་གསལ་ཁ་དང་གཏན་ཚིགས་མེད་པའི་ཁར་སྤྱི་ཟུར་ཞིག་གི་ངོས་ནས་ཀྱང་བཤད་ཐལ་ཅན་རེ་མཐོང་སོང་ལ། དེ་ཚོའི་སྐོར་ནས་གསར་འགོད་པས་ཀྱང་སྐྱར་འདྲི་བྱས་མེད་པ་ནི། གསར་འགོད་པ་ཞིག་གི་ངོས་ནས་གནས་ཚུལ་ཆ་ཚང་རྒྱུས་ལོན་ཡོང་བའི་གོ་སྐབས་གལ་ཆེན་འགའ་བརླག་འདུག་དྲན་སོང་། (ཡིག་ཐོག་དྲི་བ་ཡིན་ན་དམིགས་བསལ་རེད།) དེའི་ནང་གི་བསམ་ཚུལ་མ་མཐུན་སའི་དོན་གནད་གསུམ་ཟུར་འདོན་བྱས་ཏེ་བཤད་ན།
དང་པོ། དྲིས་ལན་དུ (རྒྱལ་བ་རིན་པོ་ཆེ་འདི་བས་གཞུང་འདི་དང་མི་དམངས་འདི་གསོས་གསོས་ནས། བསྐྱངས་བསྐྱངས་ནས་མཐའ་མཇུག་ཇག་རྐུན་དང་ཁྲམ་པ་ཁ་ཤས་ཀྱིས་ཤགས་འགྱེད་བྱེད་ཡུལ་ལྟ་བུར་གྱུར་པའི་ངང་བགྲེས་ཡོལ་གནང་བ་དེ་བོད་མི་ས་ཡ་དྲུག་གི་ངོས་ནས་སྐྱོན་མ་གཏོགས་དགེ་ནམ་ཡང་ཡོད་པ་མ་རེད།) ཅེས་པའི་སྐད་ཆ་འདིར་རྒྱབ་ལྗོངས་དང་གནས་ལུགས་ག་ཚོད་ཅིག་ཡོད་དམ། གལ་སྲིད་གནས་ལུགས་ཤིག་ཡོད་པ་ཡིན་ན། འདིར་རྐུན་ཇག་དང་ཁྲམ་པ་ཁ་ཤས་ཀྱིས་ཤགས་འགྱེད་བྱས་པའི་ལོ་རྒྱུས་ཀྱི་མཚན་གཞིར་བཀར་ནས་བཤད་མེད་པ་འདི་གང་ཡིན་ནམ། འདི་ནི་སྐད་ཆ་སྤྱིར་བཏང་བ་མིན་པས་བཤད་འདོད་ན་ཁུངས་ཤིག་ཡོད་དགོས་ལ། ཁུངས་ཤིག་ཡོད་པ་དེའང་ད་ལྟའི་བོད་མི་མང་ཚོགས་ཀྱི་མགོར་བཞག་ན་མི་འགྲིག་པ། ཁ་ཤས་ཤིག་དེ་སུ་ཡིན་ངོས་བཟུང་ནས་མི་རིགས་འདིའི་ལོ་རྒྱུས་འགྱུར་ལྡོག་གི་སོ་མཚམས་འདི་དང་། བླ་སློབ་བར་གྱི་དད་དམ་གྱི་འབྲེལ་བ་འདི་ཚོར་འགན་ཁྱེར་དགོས་པ་ཞིག་ལོས་ཡིན་དྲན། ཡང་སྙིང་བཤད་སྟངས་འདི་ཚོས་ད་ལྟའི་བོད་རྒྱ་ཆེའི་མང་ཚོགས་ལོ་རྒྱུས་ཀྱི་ཉེས་ཅན་པ་དང་། ཏཱ་ལའི་བླ་མའི་ཁ་གཏད་ཅིག་བཟོ་ཡོང་གིན་འདུག
གཉིས་པ། དྲིས་ལན་དུ། (ད་ལྟའི་ཆར་དགོན་སྡེ་ཆེན་པོ་ཁག་ཅིག་ནི་ལངས་ཤོར་དུ་གྱུར་ཟིན་པའི་ཆབ་སྲིད་པ་རིགས་ཤིག་བསྐྱེད་སྲིང་བྱེད་ས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དོན་དག་དེར་འགྱུར་བ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད་འདོད།) ཅེས་པའི་སྐད་ཆ་འདིས། ནམ་རྒྱུན་ཁ་གཏད་ཀྱི་ཕྱོགས་ནས་བོད་ཀྱི་དགོན་པ་རྣམས་ནི་དམག་སྒར་དང་། གྲྭ་བ་ཚོ་ནི་ཏཱ་ལའི་བླ་མའི་དམག་མི་རེད་ཟེར་བ་དེར་རམ་འདེགས་བླ་ན་མེད་པ་ཞིག་བྱས་འདུག་དྲན། སྐད་ཆ་འདིར་གནས་ལུགས་ཤིག་ཡོད་ན། དགོན་སྡེ་གང་དུ། (རྒྱ་གར་ན་ཡོངས་གྲགས་ཀྱི་དགོན་སྡེ་ཆེན་པོ་ནི། སེ་འབྲས་དགའ་གསུམ་རྣམ་གྲོལ་གླིང་དང་བཞི་ཡིན།) ཚུལ་ཇི་ལྟར་ཆབ་སྲིད་པ་བསྐྱེད་སྲིང་བྱེད་ས་ལྟ་བུ་ཆགས་པ་དང་། བསྐྱེད་སྲིང་བྱེད་མཁན་དེ་སུ་ཞིག་ཡིན་པ། བསྐྱེད་སྲིང་བྱེད་སྟངས་གང་འདྲ་ཡིན་པ་ལྟ་བུའང་གསུངས་དགོས། སྤྱི་ཟུར་ཞིག་གི་ངོས་ནས་སྐད་ཆ་འདི་ཚོ་བཤད་པའི་གོ་རྟོགས་ཡོད་དུས། དེ་ཉིད་ཀྱི་གོ་རིམ་དང་བསྐྱེད་སྲིང་ལྟ་བུ་བྱས་ཚུལ་སོགས་ནས་ཀྱང་ཆ་རྒྱུས་ཡོད་ཤག་རེད། ཅི་སྟེ་གནས་ལུགས་འདི་དག་གི་དཔུང་རོགས་མེད་ན། འགན་ཁུར་མེད་པའི་སྐད་ཆ་ཞིག་ལས་ཅིའང་མིན་ལ། དེའི་ཉེས་དམིགས་ཀྱི་ཕྱོགས་ནས་ཀྱང་བསམ་རྣོ་གཏོང་དགོས་དྲན་པ་ཙམ་དུ་མ་ཟད། སྐད་ཆ་འདི་ཚོ་སུ་ཞིག་གི་ལག་ཆ་འགྱུར་ཉེན་ལའང་བློ་གྲོས་ཡོད་དགོས།
གསུམ་པ། དྲིས་ལན་དུ། (ཕྱི་རྒྱལ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་གི་བོད་ཀྱི་ཆོས་རྒྱུད་འཛིན་མཁན་ཁག་གིས་ས་དགེ་བཀའ་རྙིང་གི་ཆོས་རྒྱུད་ཕན་ཚུན་དགྲ་ཁ་གཏད་ལྟ་བུར་རྩི་བཞིན་འདུག)ཞེས་པ་དང་། ཡང་(དེ་བཞིན་ཆོལ་ཁ་དང་ལུང་ཚན་མི་གཅིག་པའི་བར་མཐུན་ལམ་གཏིང་ཟབ་མེད་པའང་དངོས་ཡོད་གནས་ཚུལ་རེད། ཆུང་ས་ནས་བཤད་ན། ཆོལ་ཁ་མི་འདྲ་བ་གཉིས་ཀྱི་ཁྱོ་ཤུག་གཉིས་བཟའ་ཚང་བྱ་རྒྱུར་རྒྱབ་ལོགས་ཀྱི་ཆོལ་ཁའི་དཔུང་ཚོགས་ཀྱིས་གནོན་ཤུགས་སྤྲོད་མཁན་ཉུང་ཉུང་མ་རེད། འདི་ཚང་མའི་སེམས་ལ་གསལ་གསལ་ཐིང་ཐིང་རེད།)ཅེས་བཤད་འདུག ས་དགེ་བཀའ་རྙིང་ཕན་ཚུན་དགྲ་ཁ་གཏད་ལ་རྩི་བཞིན་འདུག་ཟེར་བ་འདིས་དགྲ་ཁ་གཏད་ཅེས་པའི་ཚད་གཞི་དེ་ཅི་འདྲའི་ལས་སླ་མོ་ཞིག་ལ་བཞག་པ་རེད་ཨང་། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་དང་དེ་བཞིན་ད་ལྟའི་བོད་ཀྱི་ཆོས་བརྒྱུད་ཁག་ལ་བསམ་ན། ཤ་དང་སྐྱི་མོའི་བར་དུ་མི་དགའ་ས་འདྲ་ཡོད་སྲིད་པ་ཙམ་ལས། ཁྲག་དང་རུས་པའི་སྟེང་དུ་གཅིག་ཕན་གཅིག་གྲོགས་ཀྱི་བརྩེ་དུང་དང་དད་དམ་གྱི་འབྲེལ་ལམ་ཡོད་པ་ལས། དེ་མིན་ཁྱོད་ཤི་ང་གསོན་གྱི་དགྲ་ཁ་གཏད་ཅིག་གཏན་ནས་མིན། ད་དུང་བོད་བླ་མའི་དུས་རབས་དབུ་བརྙེས་པའི་རྗེས་ཀྱི་ལོ་རྒྱུས་དང་བསྡུར་ན་མཛའ་མཐུན་གྱི་འབྲེལ་བ་ཧ་ཅང་ཚད་མཐོན་པོར་སླེབས་ཟིན་ཡོད།
དེ་ནས་ཆོལ་ཁ་དང་ལུང་ཚན་བར་ན་མཐུན་ལམ་གཏིང་ཟབ་མེད་པ་དངོས་ཡོད་རེད་ལབ་འདུག དེ་ནི་ལྡོག་ཕྱོགས་ནས་བཤད་པའི་སྐད་ཆ་ཞིག་སྟེ། ཆོལ་ཁ་དང་ལུང་ཚན་བར་ན་མཐུན་ལམ་གཏིང་ཟབ་ཡོད་པ་དངོས་ཡོད་རེད། དཔེར་ན་དགྲ་ཁར་མཉམ་ལངས་དང་། སྐྱབས་བཅོལ་མཉམ་གནས་ཀྱིས་འཚོ་ཡོད། ད་དུང་བོད་ཅེས་པའི་མིང་དོན་འདིའི་འོག་ན་མཐུན་ལམ་གཏིང་ཟབ་ཡོད་ལ། དགྲ་བོས་བཙན་གནོན་མཉམ་གཏོང་བྱས་པའི་ལོ་རྒྱུས་འདི་ཚོའི་འོག་ནའང་མཐུན་ལམ་གཏིང་ཟབ་ཡོད། ཁྱོ་ཤུག་གཉིས་ཀྱི་དཔེ་ཞིག་དྲངས་ནས་བཤད་འདུག་མོད། གནས་ཚུལ་འདི་འདྲ་ནི། འཇིག་རྟེན་པའི་ནང་དུ་ནམ་རྒྱུན་གྱི་གནས་ཚུལ་ཙམ་ལས་ཆོལ་ཁ་དང་ལུང་ཚན་གཅིག་པུར་ཡོད་མ་ཞིག་མིན། དཔེར་ན་གྲོང་ཚོ་གཅིག་གི་ནང་དུའང་དུད་ཚང་སོ་སོའི་ལ་རྒྱ་བཟུང་སྟངས་སོགས་ཀྱིས་འདི་འདྲ་ཡོང་གིན་ཡོད། ད་དུང་བཤད་སྟངས་གཞན་ཞིག་བྱས་ན། ཉོན་མོངས་མ་སྤང་པའི་སྐྱེ་བོ་ཚོས་རང་ཕྱོགས་ལ་ཞེན་པ་དང་། གཞན་ཕྱོགས་ལ་སྡང་པ་ལྟོས་འཇོག་ཀྱིས་ཡོད་པ་ལྟར། མཐར་བཏུག་ན། རང་ཉིད་གཅིག་པུ་ལ་ཐུག་གིན་པ་འདིའང་མཐུན་ལམ་གཏིང་ཟབ་མེད་པ་ལ་འབྲེལ་དགོས་སམ། དེ་འདྲ་ཞིག་ཡིན་ན་ནི། གནམ་འོག་ཏུ་མཐུན་ལམ་གཏིང་ཟབ་ཞིག་ཡོད་པའི་ལུང་ཚན་སོགས་ཀྱི་མཚན་གཞི་ཞིག་རག་གི་མ་རེད་དོ།
སྐད་ཆ་འདིའི་ནང་ནས་ཧོར་གཙང་ལགས་ཁྱེད་རང་གི་ཁོག་པའི་རི་མོ་རྣམས་གསལ་གསལ་ཐིང་ཐིང་ཞིག་ཡོང་གིན་པ་ལས། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ནས་སྡོམ་རྒྱག་སྟངས་ལྟར་སྣང་དུ་གྱུར་འདུག་པ་ནི་གསལ་གསལ་ཐིང་ཐིང་རེད། སྤྱིར་ན་ཤེས་ཡོན་པ་ཞིག་དང་། དེ་ལས་ཀྱང་ལོ་རྒྱུས་སྨྲ་བ་ཞིག དེ་དེ་ལས་ཀྱང་གཞོན་རབས་སྤྱི་ཟུར་གྱི་མིང་ཐོགས་པ་ཞིག་ལ་འདི་འདྲའི་བསམ་བློ་དང་ལྟ་བ། དེ་བཞིན་ལངས་ཕྱོགས་རེ་ཡོད་པ་ནི་ང་རང་མི་རབས་གཞོན་པ་ཞིག་ལ་མཚོན་ན་ཧ་ཅང་ཡ་མཚན་སོང་། གང་ལྟར་དེ་ཚོ་ནི་བསམ་ཚུལ་མ་མཐུན་ས་བཤད་པ་ཙམ་ཡིན།
ᩚ᪱ ᨵ ᨵ ᨕ ᪥ᨑ ᩹ᨵ ᩏ ᩏ ᩶ ᨵ ᩏ ᪕ᨑ ᫍᨑᨵ ᨵᨑ ᨵ᪄ ᨳᨑ᩶ ᪱ᨓ᩶
ᨑ ᨨ᩶ ᩚ ᩶ᨓ ᩼ ᪠᩶ ᩹ᨵ ᪠᪱ ᪄ ᫄᪄ ᪄ ᨕ᩶
ཡག་པོ་བྲིས་འདུག ང་རང་ལ་ཡང་ཚོར་སྣང་དེ་རང་བྱུང། ཧོར་གཙང་གཅིག་པུ་མ་རེད། སྤྱི་འཐུས་ལས་ཐོག་གངས་ལྷ་མོས་བང་ཆེན་ཟིན་བྲིས་ནང་ཨ་རིར་གནས་སྡོད་རྩོམ་པ་པོ་ཝང་ཕྲིང་ཟེར་བ་ཞིག་གི་རྩོམ་ཡིག་༼བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས།༽ཟེར་བ་ཞིག་སྤེལ་འདུག ཕལ་ཆེར་མོ་རང་གིས་བསྒྱུར་པ་ཡིན་ས་རེད། འོན་ཀྱང་རྩོམ་ཡིག་དེའི་ནང་གི་དོན་ཚན་འགའ་ཤས་ད་ལྟའི་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་གཅིག་མཚུངས་རེད་འདུག་པས། རྕོམ་ཡིག་དེ་འདྲ་ཅིའི་ཕྱིར་བསྒྱུར་དང་། ཅིའི་ཕྱིར་སྤེལ་བ། ཅིའི་ཕྱིར་སྤྱི་འཐུས་ཤིག་གི་མིང་ཡོད་བཞིན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་ནས་རྒྱ་གུང་ཁྲན་གྱི་ལངས་ཕྱོགས་ཟིན་པ་་ཡིན་ནམ་སྙམ་ནས་ངོ་མ་སེམས་པ་སྐྱོ་སོང།།
ཧོར་གཙང་ཞེས་པའི་མིང་འདི་དེ་སྔོན་ཤོག་ལྷེ་འགའི་སྟེང་ནས་མཐོང་མྱོང་ལ་ཁོས་བྲིས་པ་ལྟ་བུའི་སྙན་ངག་བཟོ་འདྲ་བོ་ཁ་ཤས་ཀྱང་བཀླགས་མྱོང་བ་དྲན་གྱི་འདུག ཡིན་ཡང་ཁོང་ཆབ་སྲིད་པ་ཞིག་དང་ལྷག་པར་ལ་ཁོ་ལ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས།་མ་ཟད་ལ་རྒྱ་དང་ལྷག་བསམ་སོགས་ཅི་ལྟར་ཡོད་མིན་རྒྱུས་མེད་ལ། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་པ་གོ་བ་དེའང་གོང་གི་འཆའ་ར་དྲ་མེད་རྒྱལ་མཚན་ལགས་ཀྱི་གསལ་བྱེད་ཀྱི་རྩོམ་ནང་བྲིས་པ་ཙམ་རེད། དོན་དུ་ཁོས་དེ་ལྟར་སྐད་ཆ་རྫོབ་ཆེ་འགན་ཁུར་མེད་པའི་དཀྲོག་གཏམ། ཁུངས་ལུང་མེད་པའི་ཉོག་བཤད། ད་དུང་ཅི་ཞིག་གི་ན་ཚ་ཡོད་པ་ལྟ་བུའི་སྐད་ཆ་དེ་ཚོ་མཐོང་ཡོང་དུས་མི་འདི་དག་ལ་ཅུང་ཟད་བྲོ་བ་བརླག་ཅིང་མི་དེ་ནི་འདི་ལྟ་བུ་ཞིག་གོ་སྙམ་པ་ཡང་བྱུང་། འོན་ཏེ་དེ་ཡང་རང་གི་བསམ་ཚུལ་ཡིན་པ་ལས་དམངས་གཙོའི་ལུང་པར་མི་བུ་སུས་ཀྱང་རང་ཉིད་ཀྱི་བསམ་ཚུལ་ཡང་དག་མིན་ལ་མ་ལྟོས་པར་བརྒྱུད་ལམ་ཁག་ཏུ་བཤད་པ་དང་སྤེལ་བའི་ཐོབ་ཐང་ཡོད་པ་དངོས་ཡོད་ཡིན་པས་ཅི་ཁག་ཀྱང་སྙམ། གང་ལྟར་ཁོས་ཀྱང་བོད་དོན་དང་འབྲེལ་བའི་སྐད་ཆ་ཞིག་གི་སྐོར་ལ་གསུང་པ་ཡིན་པས་ཁོས་དགོངས་ཚུལ་དེ་ལ་འཆམ་ར་ལགས་ཀྱིས་དག་བཤེར་གནང་འདུག་པར་སྤྲོ་བ་འཕེལ།།
འཆམ་ར་ལགས་ཀྱི་གསུང་པ་ལ་རྒྱུ་མཚན་འདུག བཀྲིས་བདེ་ལེགས་ཡོད།
༧གོང་ས་མཆོག་ནས་བཀའ་འོན་པ་ཡིན་ཡང་གོ་ཚོད་ཅིག་གནང་སོང་། ད་དུང་ཁ་ཅིག་གིས་གོང་ས་མཆོག་གི་སྐུ་དབང་མར་གནང་ཕྱོགས་ཐད་རྫུན་བཤད་བྱེད་པ་ནི་དམིགས་ཡུལ་གཞན་ཡོད་སྲིད། ༧གོང་ས་མཆོག་ནས་ད་རེས་ཨ་རིར་གནང་བའི་གསུང་བཤད་ལན་གཅིག་ཉན་ནས་གཞི་ནས་ཁ་བདེ་མདོག་བྱེད་རོགས།
བཀླགས་ཟིན།
རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག ང་ཚོའི་མང་ཚོགས་ནང་ལ་འདི་ལྟར་བསམ་ཚུལ་རྣམས་ཁ་ཐུག་བཤད་མཁན་དང་འབྲི་མཁན་ཡོད་ན། ཡར་རྒྱས་དང་མདུན་སྐྱོད་ཡོང་བར་ཏན་ཏན་ཕན་གྱི་རེད། དེ་མིན་ངོ་བསྟོད་དང་སྤྲེལ་ལད། གཡོ་སྒྱུ་རྐྱང་པས་མི་ཚེ་ཕུད་ན་ང་ཚོ་ག་དུས་ཀྱང་རྗེས་ལུས་རེད། གོང་དུ་འཆམ་ར་ལགས་ཀྱི་བསམ་ཚུལ་མི་མང་པོ་ཞིག་གིས་ཤོོད་ཀྱིན་འདུག དེས་མ་ཚད་པའི་ཧོར་འཇིགས་སྤྱི་འཐུས་ཟུར་པ་ཞིག་ཡིན་པ་འདིས་སྐད་ཆ་འདི་འདྲ་བཤད་པར་ཁྱད་མཚར་རེད་དྲན་སོང་།
རྩོམ་འདི་ཐད་ཀར་གནད་ལ་སྨིན་པ་ཞིག་བྲིས་འདུག ཧོར་གཙང་འཇིགས་མེད་ནི་ས་ཁུལ་ཆུང་ཆུང་རིང་ལུགས་པ་ཞིག་ཡིན་པ་ཙམ་ལས་ལོ་རྒྱུས་པ་དང་ཆབ་སྲིད་པ་ཚད་ལྡན་ཅང་མིན་པ་ཁོའི་བཙན་བྱོལ་ནང་དུ་ཅི་བྱས་ལྟོས་དང་ཤེས་ཐུབ།
འཆམ་ར་ལགས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།
འཁྲུལ་ཅིག་འཁྲུལ་ན་མཁས་པ་འཁྲུལ། ཞེས་པའི་ཁ་རྒྱུན་ལྟར་མཁས་པས་མཁས་མདོག་སྟོན་ན་དེ་འདྲ་རེད། གནད་དོན་དབྱེ་ཞིབས་བྱས་ནས་གསལ་ཁ་བཟོ་དགོས་པའི་དོན་གནད་ཞིག་རེད་འདུག། འཆམ་ར་ལགས་ཀྱིས་དེའི་ཐོག་ཤུགས་རྒྱགས་རོགས་གནང་།
བཀྲ་ཤིས་ཤོག །
ཁྱི་རྒན་ཀུ་ཅོ་འདོན་པ་ན། གཞན་དག་རྒྱུ་མཚན་མེད་པར་རྒྱུགས། ཟེར་བ་ད་འདི་རེད། སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་སྐད་ཆ་ཅི་ཞིག་བཤད་ཀྱང་། དོལ་རྒྱལ་ཁོག་ལ་ཞུགས་འདྲའི་མི་རེ་ཟུང་གིས་ནམ་ཡིན་ཡང་སྐྱོན་ཞིག་ལ་བཙལ་བཙལ་ལ་ཡོད་པ་འདིས་ཀྱང་གནས་ཚུལ་མང་པོ་ཞིག་ལ་གསལ་བཤད་བྱེད་ཀྱིན་འདུག
འཚོ་བ་གཞན་བརྟེན་གྱི་ཁོར་ཡུག་ལས་མེད་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་འདིར། བསམ་གཞིགས་ལྟོ་བས་གཏོང་དགོས་སའི་ཁོར་ཡུག་བསྐྲུན་ཅི་ཐུབ་བྱེད་མཁན་གྱི་ཆབ་སྲིད་པ་མང་བ་དང་། བསམ་གཞིགས་ལྟོ་བས་གཏོང་མཁན་མང་དྲགས་པས་ད་གཟོད་གནས་ལུགས་དང་དངོས་ཡོད་ཀྱི་གནས་ཚུལ་ལ་མིག་མི་བཙུམ་རང་བཙུམ་ཆགས་སོང་བ་རེད། ངོ་མ་བསམ་ན་སྙིང་རྗེ་ཞིང་ཡིད་མུག་པ་ཞིག་རེད།
བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་ལ་བྱུང་བའི་ཆོལ་གསུམ་མཉམ་འདུས་ཀྱི་མངར་སྐྱུར་འདྲེས་མའི་ལོ་རྒྱུས་ལ་ད་ལྟའི་དབར་དུ་དབྱེ་ཞིབ་དང་དཀར་ནག་དབྱེ་འབྱེད་ཅིག་བྱས་མེད་པ་ནི་ད་ལྟའི་གནས་སྟངས་འདི་དག་ཡོད་ཚད་ཀྱི་འབྱུང་རྐྱེན་རེད། “ས་ཁུལ་ཆུང་ཆུང་རིང་ལུགས་པ་ཞིག་”དང་བསམ་གཞིགས་ཡོད་ཚད་དང་སྐད་ཆ་ཡོད་ཚད་གྲོད་པར་བལྟོས་ནས་མ་བཤད་པར་གནས་ལུགས་དང་དྲང་བདེན་གཙིགས་སུ་འཛིན་ཐུབ་མཁན་ཞིག་ཡིན་ན་ཁྱོད་ཚོས་འདི་ལ་དབྱེ་ཞིབ་ཅིག་བྱོས་དང་གསལ་གསལ་ཐིང་ཐིང་ཤེས་ངེས་རེད།
བཙན་བྱོལ་གྱི་མི་ལོ་ངོ་ལྔ་བཅུའི་རིང་ལ་ཆོལ་ཁ་ཕན་ཚུན་དབར་གྱི་ཕྱོགས་ཞེན་དོར་ཐུབ་མེད་པའི་དོན་དངོས་འདི་བཀའ་ཁྲིའི་འོས་མི་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསལ་གསལ་ཐིང་ཐིང་གསུངས་སོང་བ་དེ་ལྟར་རེད་ལ། འདི་ཉིད་ད་དུང་འདི་མུར་ལྷག་ངེས་པའང་ང་ཚོ་མི་རེ་རེའི་སེམས་ནང་གསལ་གསལ་ཐིང་ཐིང་རེད། རྒྱུ་མཚན་ནི་ང་ཚོར་སྐད་ཆ་ངོ་མ་བཤད་མཁན་ཞིག་དཀོན་སོང་བས་རེད། སྐད་ཆ་ངོ་མ་ཉན་ཤེས་མཁན་ཞིག་མེད་སོང་བས་རེད། བཀྲ་ཤིས་བདེ་ལེགས་མ་གཏོགས་མི་གོ་བས་རེད་དོ།
སྤྱི་ཟུར་ཞིག་གིས། མཁས་པ་ཡིན་ཟེར་མཁནཞིག་གིས། ལོ་རྒྱུས་ཉམས་ཞིབ་པ་ཡིག་ཟེར་མཁན་ཞིག་གིས་འདི་འདྲ་ཞིག་བསམ་སྟངས་དང་བཤད་སྟངས་འདི་ཁྱད་མཚར་རེད། རྒྱལ་བ་རིན་པོ་ཆེར་སྐོར་ནས་མཚན་སྨད་ཞུ་སྟངས་ཤིག་ཏུ་མཐོང་། ཡིན་ངོ་མ་ནི། ཁོ་རང་རྒྱལ་ཡོངས་ཚོགས་ཆེན་ལ་དུས་ཐོག་ཏུ་སྐད་བཏང་མ་སོང་ཟེར་བའི་ནད་མ་ཁྱོག་པ་དེ་རེད།
འདི་འདྲ་བསམ་མཁནབཤད་མཁན ཚོར་དམིགས་ནས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས། ཟླ་བ་དྲུག་པའི་ཚེས་ཉེར་དགུ་ཉིན་གྲོས་ཚོགས་ར་བ་ནས་བཀའ་ཤག་གི་གསལ་བཤད་གནང་སྐབས།
༼གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་རྣམས་ཟུར་ཙམ་ཡང་མ་རྟོགས་པར། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཕྱི་ནང་གི་གནོན་ཤུགས་འོག་ཕེབས་མཁན་ཡིན་པར་ངོས་འཛིན་གནང་བ་དེར་ཚད་ལས་འདས་པའི་བློ་ཕམ་ཆེན་པོ་བྱུང་། ཞལ་ནས་རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་རེད། ཡས་བྱེད་དགོས་ཀྱི་རེད། མས་བྱེད་དགོས་ཀྱི་རེད་གསུང་གིན་གསུང་གིན་དོན་ངོ་མ༸རྒྱལ་བ་རིན་པོ་ཆེ་ངོས་འཛིན་སྟངས་དེ་མིས་གནོན་ཤུགས་གང་སྤྲད་དང་། སུས་ག་རེ་ཞུས་ཞུས་ཡིན་པ་དེ་འདྲ་ཞིག་ལ་ངོས་འཛིན་གནང་བ་དེ་ཧ་ཅང་ཁྱད་མཚར་པོ་རེད། ངས་༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མེད་ཀྱི་སྐད་ཆ་ཤོད་ཀྱི་མེད། དད་པ་མེད་མཁན་གྱི་མི་ཞིག་ཡིན་ནའང་༸གོང་ས་མཆོག་གི་སྐྱོན་དང་ཡོན་ཏན་ཚོད་དཔག་གནང་སྟངས་དེ་དངོས་དོན་དང་མཐུན་པ་དང་། དྲང་པོ་དྲང་བཞག་གི་ཐོག་ནས་གནད་དགོས་ཀྱི་རེད། ༽ཅེས་གསུངས་དགོས་བྱུང་ཡོད།
ད་བཤད་མི་ཤེས་པ་ཞིག་རེད། མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་བཀླགས་པ་ནས། ཡིད་ཐང་ཆད་བསྡད་ཡོད། ད་ནི་གང་ཞིག་བཤད་ཅིང་བྲིས་པ་ཡིན་ནའང་། གདེང་འཇོག་བྱེད་དགོས་ཟེར་ན་ཁག་པོ་ཆགས་ཀྱི་འདུག ཧོར་གཙང་འཇིགས་མེད་ལ་མ་དགའ་བ་མིན། ཁོང་སྙན་ངག་ཡག་པོ་འབྲི་མཁན་ཞིག་ཡིན་པར་གདེང་འཇོག་ཡོད། དགའ་ནའང་དེ་ཡིན། མ་དགའ་ནའང་དེ་ཡིན། ཧོར་གཙང་འཇིིགས་མེད་ལ་གུས་བཀུར་ངེས་པར་བྱེད་དགོས་རེད་ལབ་ན་དེར་ངོས་ལེན་མེད།
ངས་ཧོར་གཙང་ལགས་ཀྱིས་བྲིས་པའི་སྙན་ངག་ཚིག་བཅད་གཅིག་དྲན་སོང་།
ས་གསུམ་བླ་མ་བསྟན་འཛིན་རྒྱ་མཚོ་ལ།
ས་ལ་སྤུད་མོ་བཙུགས་ཏེ་ཞུས་བྱས་ཀྱང་།
ས་འོག་དར་ཐག་འཐེན་པའི་དཔོན་པོ་འགས།
ས་ཟན་འབུ་ཡི་ཐོབ་སྟངས་བདག་ལ་སྤྲད།
གང་སར་ལྟར་ཡང་ཁོང་ལ་གཞུང་ནས་ཐོབ་སྟངས་ཡག་པོ་ཞིག་ནི་ཕུལ་མེད་པ་འདྲ།
ཁྱེད་ཅག་ལ་མཁོ་བ་ནི་འདིས་འདི་བྱས་བཞག་རེད་ཅེས་པའི་གྲངས་འདྲེན་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མིན་ཁོང་གི་བཤད་པའི་སྐད་ཆ་དག་ཆ་འཇོག་མེད་པ་ཞིག་གཏན་ནས་མ་རེད། ཁྱེད་རང་གི་སྣང་བར་མ་སོང་བའི་གོང་གི་སྐད་ཆ་དེ་དག་ལ་བསམ་གཞིག་ཞིབ་མོ་ཞིག་བྱེད་དང་བློ་ངོར་ལྐོག་གྱུར་དང་ལྐོག་གྱུར་མ་ཡིན་པ་ཁ་ཤས་ཤིག་ཤར་ཡོང་དེ་ནི་བཅར་འདྲི་འདིས་བརྗོད་དོན་རེད། དེ་མིན་དྲ་གྲོགས་ཁ་མེད་སྣ་མེད་དག་གིས་རི་བོང་ཅལ་འདྲོགས་མ་བྱེད། མི་ཤེས་ན་ཁ་ཚུམས་དང་ཡག་ནི་རེད།
༸རྒྱལ་བ་རིན་ཆེ་བོད་མི་མང་གི་བཟོས་པ་རེད་དམ། བོད་མི་མང་རྒྱལ་བ་རིན་ཆེ་ཡིས་བཟོས་པ་རེད། དྲི་བ་ཞིག་འདི་ལྟར་བཏང་ཆོག་གི་ཡོད་ན། གསོས་མ་གསོས་ཀྱི་སྐད་ཆ་བཤད་དགོས་ན་སུ་སུས་གསོས་པ་རེད་བཤད་ཚོད་དཀའ་ལ། གཉིས་ནས་ཧོར་འཇིགས་ཀྱིས་བཤད་པ་ལྟར་༸རྒྱལ་བ་རིན་པོ་ཆེ་ཇག་རྐུན་སྐོར་ཞིག་གིས་ཤགས་འགྱེད་ནས་བགྲེས་ཡོད་ལ་ཕེབས་དགོས་པར་གྱུར་བ་ཡིན་མིན་གང་ལྟར། ༸རྒྱབ་རིན་པོ་ཆེ་བགྲེས་ཡོད་ལ་ཕེབས་པ་དེ་ཡིས། ཇག་རྐུན་ཉུང་ཉུང་ཞིག་གི་ཟ་ལམ་འགག་ཡོད་ཚོད་རེད་ལ། དེའི་ནང་ཧོར་འཇིགས་ཀྱང་ཚུད་ཡོད་པ་འདྲ། ཁོས་ད་བར་༸རྒྱལ་བ་རིན་པོ་ཆེ་ཟས་པ་ཉུང་ཉུང་མིན་རབས་ཡོད།
སྐད་ཆ་འདི་གང་དུ་ཁྲིད་ཆོག་ཆོག་ལའང་། འོན་ཏེ་གནམ་མཚོ་འམ་ཀླུ་མཁར་བྱམས་ཟེར་བས་གང་མིན་ཚད་བྱེད་ཀྱི་མི་འདུག་གམ།
དྲི་མེད་ལགས་ཀྱིས་དངོས་གནས་ཐུགས་ཁུར་གནང་འདུག
ངོ་མས་ཀློག་མི་འདོད་པའི་རྕོམ་དང་མཆན་ཇེ་མང་ནས་ཇེ་མང་རེད།
མིག་བཙུམ་ནས་ཕན་ཚུན་གྱི་གདོང་ལ་མུར་རྫོགས་གཞུ་རེས་བྱེད་མཁན་གྱི་ལོང་བ་གཏུམ་པོ་ཚོའི་བར་ལ་གནས་ལུགས་ཀྱི་མཛེས་མ་ཅི་ལྟར་འཛུལ། རྣ་བཀབ་ནས་ཁ་འཐབ་བྱེད་མཁན་གྱི་འོན་པ་འཇིགས་རུང་ཚོའི་བར་ལ་རྒྱུ་མཚན་གྱི་སྙན་གཞས་སུ་ཡིས་ལེན།
ཧོར་འཇིག་སྙན་ངག་པ་ཡག་པོ་ཞིག་རེད་ཟེར་ན་བདེན་པ་རེད། དེ་མིན་མི་འགའ་རེས་ཧོར་འཇིག་ལྟ་བུའི་མཁས་པ་ཞིག་བཙན་བྱོལ་ཁྲོད་མེད་པ་ལྟ་བུ་བཤད་པ་ནི། ཞི་མིའི་རང་རྟུག་གསེར་ལ་སྒོམ་པ་ལས་ཅང་མ་རེད།
འཆམ་རའི་སྐད་ཆ་ལ་དོན་སྙིང་འདུག ཧོར་འཇིག་གི་སྐད་ཆ་གཏན་མེད་བློ་བུར་བ་དང་། རང་ཡུས་བགྲང་བ་ཙམ་མིན་ན། འདི་དག་ལ་གསལ་བཤད་རེ་ཡོད་ན་དེས་ཆོག་པ་ལ། དེས་མི་ཚད་ཧོར་འཇིག་པས་ཕྱོགས་རེས་དམུ་གབ་ཀྱི་ཞྭ་མོ་དེ་མགོ་ནས་ཕུད། འཐེན་ཁྱེར་ཀ་ཤི་ཀའི་སེང་རས་དེ་གདོང་ནས་བཤུས་ཏེ། བོད་མི་ཤི་ཁྱི་ལུས་ཀྱི་གནས་སྟངས་ལ་མིག་ཟུང་གི་ཧྲིག་ཧྲིག་དང། རྣ་བས་ཀྲོག་ཀྲོག་གིས་ཉན་རྗེས་མི་རིགས་འདི་ལ་ཕན་པའི་ གཏམ་ལས་རེ་ཡོད་ན་ཇི་འདྲའི་ཡག་པ་ལ། ཡུས་ཞུན་ལགས་ཁག་མེད་ཨུ་ཚུགས་མ་བྱེད། ཀློག་མ་འདོད་ན་ཀློག་དགོས་ཀྱི་མ་རེད། ཁྱེད་རང་ལ་བཙན་བཀའ་བཏང་ངེས་ཡོད་མ་རེད།
དྲི་མེད་ལགས་ཀྱིས་བཤད་པ་བདེན་པ་རེད། ཧོར་འཇིགས་ཀྱི་སྐད་ཆ་ཁ་ཤས་ཐལ་ཆེ་འདུག
ཧོར་འཇིག་སྙན་ངག་པ་ཡག་པོ་ཞིག་རེད་ཟེར་ན་བདེན་པ་རེད། དེ་མིན་མི་འགའ་རེས་བཙན་བྱོལ་ནང་ལ་ཧོར་འཇིག་ལྟ་བུའི་མཁས་པ་ཞིག་མེད་པར་བཤད་པ་ནི་ཞི་མིའི་རང་རྟུག་གསེར་དུ་སྒོམ་པ་ལས་ཅང་མ་རེད།
འཆམས་ར་བ་ཡང་གང་ཞིག་ལ་ན་ཟུག་ལངས་ཀི་ཡོད་མེད་བཤད་ཚོད་དཀའ་མོ་རེད། བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་ན་དཔྱོད་ཤེས་ཅན་གྱི་མི་བུ་དང་སྒལ་ཚིག་ཅན་ཧ་ཅང་དཀོན་གི
ཧོར་འཇིགས་མི་དྲང་མོ་ཡིན་ལ།མཁས་དབང་ཡིན་པར་མ་ཟད་༧གོང་ས་མཆོག་གི་བཀའ་དྲིན་སྙིང་ན་འཁྱིལ་བའི་བོད་མི་ཞིག་ཀྱང་རེད།སྐད་ཆ་དྲང་མོ་བཤད་ན་མི་མི་དགའ་ཟེར་བའི་དོན་ད་ཐེངས་མངོན་དུ་གྱུར་སོང་།
དེང་སང་ཁ་བརྡའི་དྲ་བ་ན། །
རང་ཉིད་སུ་ཡིན་མི་བལྟ་བར། །
གཞན་གྱི་རྐང་བ་ནས་བཟུང་སྟེ། །
མར་དུ་འཐེན་མཁན་ཇེ་མང་རེད། །
xxxxxxxxxxxxxxxx
rig ns sug
བལྟས་ཀྱིན་བལྟས་ཀྱིན་དྲ་གྲོགས་འདི་དག་ལ།།
གད་མོ་ཤོར་ནས་རྒྱུ་མ་ཆད་འགྱོ་ཀི།
བཤད་ཀིན་བཤད་ཀིན་ཧོར་གཙང་རྒད་པོ་ལ།།
དགྲ་མྱི་ཤ་བོ་ལྟ་བུའི་སྙིང་ནད་ཞིག།
མི་ཡི་གཤིས་ཀ་ནང་གི་འཁོས་ཀ་དང་།།
གྲོགས་ཀྱི་འདུ་འཛོམས་ཨ་མྱེས་ཡང་མྱེས་སོགས།།
གཅིག་གི་སྟེང་དུ་བཅུ་ཡིས་སྒྲོ་བཏགས་ནས།།
ཧོར་གཙང་རྒད་པོ་ས་ཡི་འོག་ཏུ་འདེད།།
མཛུབ་མོ་ནང་ལ་བཀུག་ནས་རང་ཉིད་དང་།།
ཧོར་གཙང་རྒད་པོའི་མི་ཚེ་ཞིབ་ཏུ་བསྡུར།།
ཧོར་གཙང་ཆུང་ཆུང་བྱིས་པ་ཁ་དམར་དུས།།
རྐང་ཐུང་ཕུད་ནས་སྟོན་པའི་རྗེས་སུ་ཞུགས།།
ཆོས་སྡེ་རྒྱ་མཚོ་ལྟ་བུའི་དཀྱིལ་ཤེད་ན།།
ཆོས་ཀྱི་དབྱངས་སྐད་སྙན་མོ་ཤ་ར་ར།།
ཐལ་སྐད་གཅིག་གིས་ཕ་རོལ་སྙིང་འབྱིན་པའི།།
རྩོད་གྲྭ་འུར་གྱིས་ཁེངས་པའི་རྣམ་ཐར་ཡོད།།
དེ་ནས་རིག་གནས་ཆུ་བོ་ཧུབ་ཀྱིས་འཐུང་།།
ཆེ་ཆུང་བཅུ་ཕྲག་རིག་པའི་མཛོད་མངའ་ཞེས།།
པེ་ཅིན་ནང་བསྟན་སློབ་གླིང་འོད་ཀྱིས་ཁྱབ།།
དང་པོར་ཐོས་པ་བསགས་པའི་རྣམ་ཐར་ཡོད།།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།
མ་ཉམས་ཟླ་བ་དཀར་པོས་རྐང་པ་གཉིས།།
སྐྱབས་བཅོལ་ཕྱོགས་ལ་གོམས་ཁ་བསྒྱུར་པ་ཡི།།
མི་རིགས་ལ་རྒྱ་བཟུང་པའི་རྣམ་ཐར་ཡོད།།
རྡ་སའི་བྲག་ཐེམ་རྐམ་པོའི་ཐེམ་པ་ལ།།
ཤ་ཡི་རྐང་པ་བརྟན་པོར་བཙུགས་བྱས་ནས།།
འཇིག་རྟེན་ཁྱིམ་པར་དགོས་པའི་འགྲན་བསྡུར་དང་།།
ཁྱིམ་གྱི་འཁོས་ཀ་བསྒྲུབ་པའི་རྣམ་ཐར་ཡོད།།
བཙན་བྱོལ་གཞུང་གི་ཤིང་གི་སྐུབས་སྟེགས།།
ཆོས་དང་ཆབ་སྲིད་རིག་གནས་བསྲེས་པ་དང་།།
མི་འདངས་ས་ལ་བསམ་བློ་ཁ་བསྐངས་ནས།།
སྲི་ཞུ་ཧུར་ཐག་བསྒྲུབས་པའི་རྣམ་ཐར་ཡོད།།
ཨ་རིའི་ཡུལ་ཏུ་ཚོང་ལས་རྐང་བཙུགས་ནས།།
རང་དང་རོགས་དང་གཞུང་གི་ལས་ཀ་སོགས།།
མི་སྐྱ་མང་པོས་འཇོན་པར་མི་ནུས་པའི།།
འཇིག་རྟེན་ཁྱིམ་ཐབ་བཟུང་པའི་རྣམ་ཐར་ཡོད།།
ཞར་དང་ཞོར་ལ་མདོ་སྨད་ལོ་རྒྱུས་དང་།།
རྩོམ་ཡིག་སྣ་མང་དེབ་དུ་སྐྲུན་བྱས་པ།།
རབ་བྱུང་ཕལ་བས་བསྒྲུན་པར་མི་ནུས་པའི།།
མཁས་པའི་བྱ་བ་བསྒྲུབས་པའི་རྣམ་ཐར་ཡོད།།
ད་ནི་དགེ་སྦྱོང་མགོ་རེག་ཁ་ཤས་དང་།།
ཁྱིམ་པ་ལག་འཁུམས་མང་པོས་མ་སྨོད་པར།།
འགྲན་བསྡུར་བྱེད་ན་ཁོང་གི་རྐང་རྗེས་ལ།།
རང་གི་རྐང་པ་བཞག་ནས་མགྱོགས་ཚད་བསྡུར།།
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ།
བྱིས་པ་སྣབས་ལུག་ཡིན་དུས་ནས། །
ཀ་ཁ་སུམ་ཅུ་ཀློག་དུས་ནས། །
རིགས་པའི་མེ་ལྕེ་འབར་བ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
སློབ་ཆུང་སྒོ་ཐེམ་འགྲིམ་དུས་ནས། །
སློབ་དེབ་རྙིང་ཧྲུལ་འཛིན་དུས་ནས། །
སྦྱོར་ཀློག་ཐོགས་པ་མེད་པ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭ་ནས། །
གྲྭ་པ་སྟོང་གི་ཚོགས་གྲལ་ནས། །
འཇམ་བཞད་ཡིག་ཆས་མ་ངོམས་པའི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
བླ་བྲང་ནང་བསྟན་སློབ་གླིང་ནས། །
རིགས་པ་སྨྲ་བའི་གྲལ་དབུས་ནས། །
སྙན་ངག་འབྲི་བར་ཐོགས་མེད་པའི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
ཆོལ་ཁ་གསུམ་གྱི་མཁའ་དབྱིངས་ནས། །
པཎ་ཆེན་དྲན་པའི་གླུ་བླངས་ནས། །
སྦྲང་ཆར་བྱ་དགའ་ཐོབ་པ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
ལ་ལུང་མང་པོ་བརྒལ་བྱས་ནས། །
འཕགས་པའི་ཡུལ་དུ་བསླེབས་གྱུར་ནས། །
འབྲས་དང་ལྡ་ལི་འཐུངས་པ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
གངས་ཅན་སྐྱིད་གཤོང་ཕར་ཕྱོགས་ནས། །
སྨན་རྩིས་ཁང་གི་ར་སྐོར་ནས། །
མཁས་གྲགས་གླིང་ལ་བཞག་པ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
སྡུག་གི་མཆི་མ་གླུར་བླངས་ནས། །
སྐྱིད་ཀྱི་འཚོ་བ་དངོས་བྲིས་ནས། །
དེབ་ཆུང་ནག་རིལ་བཞི་བཏོན་པའི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
འཇམ་དབྱངས་ནོར་བུའི་གཉའ་མནན་ནས། །
སྐུ་ངོ་སྣར་སྐྱིད་སྐྲག་བཅུག་ནས། །
གསར་འབྱོར་མགོ་བོ་འདེགས་པ་པོ། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
སྐྱིད་དུས་ཞབས་བྲོ་མ་འཁྲབས་ནས། །
སྡུག་དུས་མཆི་མ་མ་བཞུར་ནས། །
སྐྱབས་བཅོལ་གསར་བུའི་རང་གཟུགས་ཅན། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
བཀྱགས་ན་ལྗིད་ཁོག་ཆེ་གྱུར་ནས། །
བཀླགས་ན་བྲོ་བ་མངར་གྱུར་ནས། །
སྙན་ངག་དཔེར་བརྗོད་རྩོམ་པ་པོ། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
རང་རིགས་ཕྱོགས་ལ་ཞེན་དྲགས་ནས། །
རྒྱ་ནག་ཕྱོགས་ལ་སྡང་དྲགས་ནས། །
སྤྱི་འཐུས་ལན་གསུམ་ཁུར་བ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
སེམས་ལ་ཤར་ཚད་རྩོམ་ཡིན་ནས། །
བརྩམས་ཚད་དེབ་ཏུ་དཔར་དྲགས་ནས། །
བཟང་གྲགས་ངན་གྲགས་ཆེ་བ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
གོང་ས་མཆོག་གི་བཀའ་བརྩིས་ནས། །
ལོ་བདུན་མཚམས་ལ་བསྡད་བྱས་ནས། །
མདོ་སྨད་ལོ་རྒྱུས་རྩོམ་པ་པོ། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
རྡ་རམ་ས་ལའི་རི་མགོ་ནས། །
ནོར་བུ་གླིང་ཁའི་ཕྱི་ནང་ནས། །
རྩོད་མེད་རྩོམ་གྱི་འཁོར་ལོས་སྒྱུར། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
རྒྱང་ནས་ཉན་ན་གྲགས་ཆེ་ནས། །
འཁྲིས་ལ་བཅར་ན་འདྲིས་སླ་ནས། །
དགེ་ཆོས་གཉིས་པར་བཀུར་བ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
རྡོ་ལ་རི་བོར་ཐང་ཆད་ནས། །
ཨ་རིའི་ཡུལ་དུ་བསླེབས་པ་ནས།
གོ་རྒྱུ་ཐོས་རྒྱུ་མེད་པ་ཡི། །
ཧོར་གཙང་འཇིགས་མེད་ཨེ་རིག་ཐལ། །
ཉལ་ནས་བསྡད་ཀྱང་གཉིད་མི་ཡོང་བའི་དོ་དགོང་གྲོགས་ཧོར་འཇིགས་འདི་དེང་སང་གྲགས་རྒྱུ་འགུལ་རྒྱུ་ཅི་ཡང་མེད་པ་འདི་ཅི་ཡིན་བསམས་ནས་ཁོག་སྟོད་དགྱེ་སྟེ་འདི་ཙམ་ཞིག་བྲིས་པ་ཡིན།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com