མི་ནག་ཚང་ལུང་རིགས་རྒྱལ།
ཕྱི་ཚེས་ ༡༩ ཉིན་པེ་ཅིན་གྱི་བཀོད་ཁྱབ་འོག་ལྷ་སའི་སྲང་ལམ་དང་གྲོང་འདབ་ཁག་དམག་མིས་བསྐོར་ཞིང་། བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ ༦༠ འཁོར་བ་ཞེས་པའི་ཆབ་སྲིད་འཁྲབ་སྟོན་ཞིག་གི་ཡོལ་བ་བཙན་གྱིས་ཕྱེ། སྐབས་དེར་གདོང་ན་འཛུམ་མདངས་མེད་ཅིང་། བདེ་སྐྱིད་ཀྱི་ཉམས་འགྱུར་ཡོངས་སུ་ཤོར་བའི་བོད་རིགས་སྐོར་ཞིག་གི་ཞབས་བྲོ་འགའ་རེ་ཡང་བརྒྱུད་ལམ་ཁག་ཏུ་བསྟན།
སྐབས་འདིར་ང་ཚོའི་མིག་ལམ་ལ་འཆར་ཡོང་བ་ནི་སྔོན་ཆད་ཁོང་ཚོས་འཁྲབ་མ་ཐུབ་པའི་འཇིགས་རུང་གི་འཁྲབ་ཚན་གཞན་ཞིག་ཡིན།
༡༩༥༩ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༣ ཉིན། མའོ་ཙེ་ཏུང་དང་ཨུ་རུ་སུའི་སྲིད་འཛིན་ཁུ་རུ་ཤི་ཆི་ཧྥུ་གཉིས་མའོ་ཙེ་ཏུང་གི་ཁྲུས་རྫིང་གི་ནང་དུ་འཛུལ་ཞིང་། བློ་འགྱོད་དང་ལས་བདའ་འདྲེས་མའི་གླེང་མོལ་ཞིག་གི་མགོ་བཙུགས།
ཁུ་རུ་ཤི་ཆི་ཧྥི་ཡིས་ལོ་སྟོད་དེར་བོད་ནང་ལ་བྱུང་བའི་ཟིང་ཆ་དང་ཏཱ་ལའི་བླ་མ་རྒྱ་གར་ལ་བྲོས་པའི་སྐོར་ནས་མའོ་ཙེ་ཏུང་ལ་སྐྱོན་བརྗོད་བྱས། ༼ངས་ཁྱོད་ལ་མགྲོན་པོ་ཞིག་གི་ངོས་ནས་བཤད་མི་འོས་པ་ཞིག་བཤད། བོད་ནང་གི་དོན་རྐྱེན་དེ་ཁྱོད་ཀྱི་ནོར་འཁྲུལ་རེད། ཁྱོད་ཀྱིས་བོད་ནང་དབང་སྒྱུར་གིན་ཡོད་པ་རེད། ཁྱོད་ཀྱིས་དེར་གསང་བའི་མི་སྣ་བཏང་སྟེ། ཏཱ་ལའི་བླ་མའི་འཆར་གཞི་དང་དམིགས་ཡུལ་ཤེས་དགོས་པ་རེད།༽ཅེས་བཤད།
མའོ་ཙེ་ཏུང་གིས་སྐྱོན་བརྗོད་དེར་ངོས་ལེན་མ་བྱས་ལ། དེ་ནི་སྐབས་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀའི་འབྲེལ་བ་ཡང་ཉམས་རྒུད་ལ་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་ངེས། དེ་མ་ཐག་ཁུ་རུ་ཤི་ཆི་ཧྥི་ཡིས་མའོ་ཙེ་ཏུང་ལ་ཏཱ་ལའི་བླ་མ་འབྲོ་རུ་འཇུག་པ་ལས་མེད་བརླག་ལ་བཏང་བཞག་ན་ཏག་ཏག་ཡོད་སྐོར་བཤད།
ཁུ་རུ་ཤི་ཆི་ཧྥི། ཏཱ་ལའི་བླ་མ་བོད་ནས་བྲོས་ཕྱིན་པའི་ཐད། གལ་སྲིད་ང་ཚོ་ཁྱེད་རང་ཚོའི་ཚབ་ཡིན་རྒྱུ་ན། ང་ཚོས་ཁོང་འབྲོ་རུ་བཅུག་ཡོད་པ་མ་རེད། ཁོ་དུར་སྒམ་ཞིག་གི་ནང་དུ་བཅུག་ཡོད་ན་ཡག་ཤོས་རེད། ད་ཆ་ཁོང་རྒྱ་གར་ན་ཡོད་པ་རེད། གཅིག་བྱས་ན་ཨ་རི་ལ་ཡང་འགྲོ་སྲིད་པ་རེད། འདི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཅིག་ཡིན་པའི་ཁེ་བཟང་ཨེ་རེད།
མའོ་ཙེ་ཏུང་། འདི་ཡོང་སྲིད་གི་མ་རེད། སྐབས་དེར་ང་ཚོས་ཁོང་འཛིན་བཟུང་བྱེད་ཐུབ་གི་ཡོད་པ་མ་རེད། རྒྱ་གར་ཕྱོགས་ཀྱི་ས་མཚམས་དེ་ཡང་རྒྱ་ཆེན་པོ་ཡིན་པ་དང་། ཁོང་ས་མཚམས་གང་ནས་ཀྱང་བརྒལ་ཆོག་ཆོག་ཡོད་སྟབས། ང་ཚོས་ཁོང་འགོག་ཀྱང་མ་ཐུབ་པ་རེད།
ཁུ་རུ་ཤི་ཆི་ཧྥི། ཁོང་འཛིན་བཟུང་བྱས་མ་བྱས་ཀྱི་གནད་འགག་མ་རེད། ངས་བཤད་དོན་ནི། ཁྱོད་ཀྱིས་ཁོང་འབྲོ་རུ་བཅུག་པ་ཙམ་གྱིས་ནོར་བ་རེད། གལ་སྲིད་ཁྱོད་ཀྱིས་ཁོང་རྒྱ་གར་ལ་འབྲོ་རྒྱུའི་གོ་སྐབས་ཤིག་སྤྲད་པ་ཡིན་ན་ནེ་རུ་ཡིས་དེ་བེད་སྤྱོད་གང་འདྲ་གཏོང་གི་རེད། ང་ཚོས་བསམ་ན་བོད་ནང་གི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་རེད་མ་གཏོགས། ནེ་རུ་ཡི་སྐྱོན་མ་རེད།
གོང་གི་སྐད་ཆ་འདི་དག་ནི་ཁོང་གཉིས་ཀྱི་མཐའ་མཇུག་གི་ཐུག་འཕྲད་དང་། སྐབས་དེའི་བློ་འགྱོད་ཀྱི་གླེང་མོལ་རེད།
ལོ་ངོ་དྲུག་ཅུའི་རྗེས་ལ། ཁུ་རུ་ཤུ་ཆི་ཧྥི་ཡིས་བཤད་པ་ལྟར། ༧གོང་ས་མཆོག་རྒྱ་གར་ན་བཞུགས་ཤིང་། ཉིན་འདི་དག་རིང་ཝ་ཤིན་ཊོན་དུ་ཕེབས་ནས་དཔལ་དུས་ཀྱི་དབང་ཆེན་གནང་བ་མ་ཟད། སྲིད་འཛིན་ཨོ་བྷ་མ་མཆོག་དང་ཨ་རིའི་དབུ་ཁྲིད་རྣམ་པར་མཇལ་ནས་མུ་མཐུད་དེ་བོད་དོན་གྱི་སྐོར་བཀའ་མོལ་ཞུས་ཡོད།
རྒྱ་ནག་གཞུང་གིས་ཀྱང་ལོ་ ༦༠ རིང་ལོ་ལྟར་བོད་པ་ཚོར་དྲག་གནོན་དང་དམར་གསོད་གཏོང་གི་ཡོད་ལ། དེ་རིང་གི་ལྷ་སའི་འཁྲབ་སྟོན་དེ་ཡང་ལོ་ངོ་ ༦༠ ཡར་སྔོན་ནས་བརྩམས་པའི་བྱས་ཉེས་དེ་དག་གི་ལྷག་མ་ཡིན།
མཆན། གོང་གི་མའོ་དང་ཁུ་རུ་ཤི་ཆི་ཧྥི་གཉིས་ཀྱི་སྐད་ཆ་དེ་ཚོ་ནི། ད་ལོར་ ཧན་རེ་ ཁེ་སིན་རྗིར་གྱིས་བྲིས་པའི་༼རྒྱ་ནག་གི་སྐོར་༽ཞེས་པའི་དཔེ་དེབ་དེའི་ནང་ནས་དྲངས་པ་ཡིན།
ལུང་རིག་གི་སྐད་ཆ་འདིའི་ཡོང་ཁུངས་བདེན་ན་་སྐབས་དེ་དུས་་་མའོ་ཙེ་ཏུང་རང་ཉིད་༧གོང་ས་མཆོག་གཙོའི་བོད་མི་མང་ལ་དེ་འདྲའི་ཧ་ཅང་གིས་ཞེ་གནག་འདོད་མེད་པ་འདྲ་ཟིག་བསྟན་འདུག
བསྟན་དགྲ་མདུན་དུ་སླེབས་ཤིང་བསྟན་དགྲས་མཐའ་ནས་བསྐོར་ཏེ་ཛ་དྲག་གི་གནས་ཚུལ་འདི་འདྲའི་སྐབས་སུ་ཡང་ཕྱི་ནང་གསང་བ་དམ་པོས་ད་ཆ་བོད་པ་ཙམ་མིན་པར་འཛམ་གླིང་ཞི་བདེར་མོས་པའི་ཆེ་དགུ་ཀུན་གྱི་སྤྱི་བོར་བཀུར་ཞིང་ངན་དགུ་བདོ་བའི་དུས་ངན་འདིར་ཡང་འགྲོ་རྣམས་ལ་བྱམས་པ་བརྩེ་བ་འཆམ་མཐུན་གྱི་རེ་བའི་ལམ་དང་གསོན་ཤུགས་གསར་བ་ཞིག་འབྱིན་པའི་ཞི་བདེའི་དེད་དཔོན་༧སྐྱབས་མགོན་ལྷ་བྱ་དཀར་པོ་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་པར་བྱེད་པའི་སྐབས་དེ་དུས་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་གི་དབུ་ལས་རྣམ་པའི་རྣམ་དཔྱོད་ལ་རྗེས་སུ་ཡིད་རངས་ཞུ།
རྒྱ་ནག་དམར་གཞུང་གི་དུས་རྟག་ཏུ་ངན་གཡོ་སྣ་ཚོགས་ཀྱིས་ངང་དྲང་བདེན་མ་ཡིན་པའི་ལས་དཀའ་འདྲ་མིན་ཞིག་བྱས་ནས་ཡོད་དུས་འདི་འདྲ་འབྱུང་སྲིད་པ་ཞིག་ཡིན་པར་མ་ཟད་ངན་ཚང་གསལ་བོ་བསྟན་པ་འདི་ནི་དྲང་བདེན་ལ་དགའ་བའི་བསམ་བློ་པ་ཚོས་ཤེས་གསལ་རེད། ང་ཚོས་གསལ་བསྟོན་གནང་རྒྱུ་གལ་ཆེན་འདྲ་བོ་ཞིག་མཐོང་འདུག
ར་ཤེ་ཡ་རྒྱལ་ཁབ་དེ་ནི་བོད་ལ་སེམས་གནག་ཚོད་འདུག. དངོས་གནས་ཆབ་སྲིད་པ་རྣམས་སྡིག་པ་ཆེན་པོ་རེད་འདུག.
ཨུ་རུ་སུའི་སྲིད་གཞུང་དེ་ཡང་དམར་ཕྱོགས་ཡིན་པས་རྒྱ་དམར་དང་ཆ་ཆ་རྐྱང་རེད། རྒྱ་ནག་ལས་བོད་པར་ཁོང་ཚོ་སྡང་ཟུག་ཆེ་བཞིན་ཡོད།
འདིའི་ཁ་བྱང་མཐོང་དུས་ངོ་མ་ཞེད་སྣང་སྐྱེ་བ་འདྲ་ཞིག་འདུག མ་ཟད་སྔོན་མ་ཀིརྟི་གྲྭ་ཚང་གི་རྨེའུ་དཀོན་རྒྱམ་ཟེར་པ་ཞིག་གིས་ལྡི་ལི་ནས་རྐུ་རྒྱག་་སྐབས་རྒྱ་གར་ཚོང་ཁང་བདག་པོས་”ཏཱ་ལའི་བླ་མས་རྐུ་མ་རྒྱག་གི་འདུག་”ཅེས་སྐད་བརྒྱབ་ནས་ས་གནས་་པུ་ལིས་སིར་རྩིས་སྤྲད་པ་རེད་ཟེར་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་པ་དེ་ལམ་སང་སེམས་ལ་དྲན་བྱུང།་
ཏཱ་ལའི་བླ་མ་ཅེས་པ་མཚན་གནས་ཤིག་ཡིན་པར་མ་ཤེས་པར་གྲ་ཆས་གྱོན་མཁན་ཚང་མར་དེ་འདྲ་འབོད་མཁན་ནམ་བསམ་མཁན་གྱི་རྒྱ་གར་པ་མང་པོ་ཡོད་ཚོད་རེད། གོང་གི་རྐུ་མ་རྒྱག་སྐབས་དེ་འདྲ་བརྗོད་པའང་བསམ་བློ་དེ་འདྲ་ཞིག་བཏང་བ་མིན་འགྲོ། གང་ལྟར་ང་ཚོ་མི་རིགས་གཞན་གྱི་ནང་དུ་འགྲོ་སྐབས་༸གོང་ས་མཆོག་ལ་མཚན་སྨོད་མི་ཡོང་པ་དང་བོད་མི་རིགས་ཀྱི་ཞབས་འདྲེན་མི་ཞུ་བར་རང་རང་སོ་སོའི་ངོས་ནས་གཟབ་གཟབ་གནང་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད་དྲན།
རྒྱ་གར་པ་མང་པོས་ཏཱ་ལའི་བླ་མ་ཞེས་པ་མཚན་གནས་ཅིག་ཡིན་པ་མ་ཤེས་ནས་གྲྭ་བ་ཚང་མར་དེ་ལྟར་འབོད་པ་དང་བསམ་མཁན་མང་པོ་ཡོད་ཚོད་རེད། གོང་དུ་གནས་ཚུལ་བྱུང་སྐབས་དེ་འདྲ་སྐད་བརྒྱབ་པ་རེད་ཟེར་པའང་ཕལ་ཆེར་བསམ་བློ་དེ་འདྲ་ཞིག་བཏང་བ་མིན་འགྲོ། གང་ལྟར་ང་ཚོས་ས་གནས་གང་དུའང་གོང་ས་མཆོག་ལ་མཚན་སྨོད་མི་འགྲོ་བ་དང་བོད་མི་རིགས་ལ་ཞབས་འདྲེན་དུ་མི་འགྲོ་བ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་དང་གཟབ་དགོས་པ་རེད་དྲན།
རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག
འདི་ལྟ་བུའི་འཇིགས་སྣང་གི་སྐད་ཆ་ད་དུང་ཡོད་པ་རེད། ལོ་སྔོན་མར་ཧོང་ཀོང་གི་གསར་འགོད་པ་ིག་མཉམ་དུ་སྐད་ཆ་བྱུང་བའི་སྐོར་དེ་དུས་རྩོམ་ཐུང་ཞིག་བྲིས་ཡོད་ལ། ཁོས་ང་ལ། པེ་ཅིན་གྱི་དཔོན་རིགས་ཚོའི་ནང་དུ་རིགས་གཉིས་འདུག་ལ། གཅིག་ནི་ཏཱ་ལའི་བླ་མ་མཉམ་དུ་བཀའ་མོལ་ཞུ་འདོད་ཡོད་པའི་སྐོར་རེད། གཞན་པ་དེ་ནི་མཁྲེགས་པོའི་རིགས་རེད། ང་ཁོང་ཚོའི་གྲས་ལ་མང་པོ་ཐུག་མྱོང་། ཁོང་ཚོས་གལ་སྲིད་བོད་པ་ཚོར་གླག་མི་འཁེལ་ན་ཚང་མ་རྩ་མེད་བཟོ་ཆོག་གི་རེད་ཅེས་བཤད་གིན་འདུག་ཟེར།
༢༠༠༨ ལོའི་བྱེད་སྟངས་དང་། ཁ་སང་ཞི ཅིན་ཕིན་གྱིས་པོ་ཏ་ལའི་མདུན་ཐང་ནས་གཏམ་བཤད་བྱེད་སྟངས་ལ་བལྟས་ན། ཧོང་ཀོང་གི་གསར་འགོད་པ་དེའི་སྐད་ཆ་བདེན་པ་ཡིན་པའི་ངེས་ཤེས་འདྲོང་གི་འདུག་ལ། མའོ་ཙེ་ཏུང་དང་ཁུ་རུ་ཤི་ཆི་ཧྥི་གཉིས་ཀྱི་གླེང་མོལ་འདི་ཡང་ལག་ལེན་ལ་འགེལ་ཆོག་ཆོག་གི་བྱ་ཐབས་ཤིག་ཡིན་པ་ཡིད་ཆེས་རྙེད་གི་འདུག་གོ།
ནམ་རྒྱུན་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་ཐོག་ལ་གཏམ་བཤད་སྤེལ་དུས་གཏན་འཇགས་སམ་རྒྱུན་བཀོལ་གྱི་ཐ་སྙད་ཅིག་བེད་སྤྱོད་གཏོང་གི་ཡོད་པ་ནི་ ༼རྩ་མེད་༽ ཅེས་པ་འདི་རེད། ཡིད་མི་ཆེས་ན་རྒྱ་ནག་གིས་བོད་ཀྱི་ཐོག་ལ་སྤེལ་བའི་ཡིག་ཆ་རྣམས་སྔོགས་ཤིག
ང་ལ་ལྐོག་ཏུ་འགྱུར་བའི་ལོ་རྒྱུས་བྱུང་རབས་འདིའི་རིགས་གང་མང་རེ་སྤེལ་ཐུབ་ན། བོད་སྤྱི་ལ་ངེས་པར་ཕན་ངེས་འདུག་ལགས། ཐུགས་རྗེ་ཆེ།