ཟླ་བ་ཚེ་རིང་། ༼ ཧྥ་རན་སི ༽
ཟླ་སྔོན་མར་ངའི་ཕ་མ་གཉིས་རྒྱ་གར་དུ་གཉེན་འཕྲད་ལ་འབྱོར་བ་ལྟར་ང་ཁོང་གཉིས་ལ་ཐུག་པར་ངྷ་རམ་ས་ལར་ཕྱིན་པ་ཡིན། ཁོང་གཉིས་ལ་བོད་ནས་ཡུལ་མི་ཚོས་སྐུ་མདུན་ལ་འབུལ་རྒྱུའི་སྐྱབས་རྟེན་དང་བསྔོ་རྟེན་གང་མང་ཞིག་བསྐུར་འདུག་ལ། ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ངེད་ཕ་བུ་གཉིས་དེའི་ཆེད་དུ་སྐུ་སྒེར་ཡིག་ཚང་དུ་བཅར་བ་ཡིན། སྐུ་སྒེར་ཡིག་ཚང་གི་སྐྱབས་རྟེན་ཁང་ལོ་བཞི་ལྔའི་སྔོན་གྱི་ཁང་མིག་ཆུང་ཆུང་དེ་ལས་རྒྱ་ཆེ་ཙམ་བསྐྱེད་ཡོད་པ་མ་ཟད་ནང་གི་སྒྲིག་ཆས་ཀྱང་དེང་དུས་དང་འཚམ་པར་གློག་ཀླད་སོགས་སྤྱོད་ཀྱིན་འདུག ཕྱག་ལས་གནང་མཁན་ཡང་དགེ་འདུན་པ་གསུམ་འཆར་ཅན་གྱིས་བཞུགས་འདུག ངེད་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་ལྟར་ཞུ་རྟེན་འབུལ་མིའི་མིང་གཞུང་ཚན་པ་གཉིས་པོ་དགེ་འདུན་པ་གཉིས་ལ་ཕུལ་ཞིང་། ཆུ་ཚོད་གཅིག་ཙམ་འགོར་རྗེས་ཁོང་གཉིས་ཀྱིས་ཞུ་རྟེན་རེ་རེའི་བྱུང་འཛིན་དང་ལྷན་ཕྱག་མདུད་དང་མ་ཎི་རིལ་བུ་སོགས་གནང་བྱུང་། ཉིན་འགའི་རྗེས་སུ་ཨ་ཕ་ངེད་གཉིས་དེ་སྔོན་ཆད་ལྷག་བྱུང་བའི་མིང་འགའི་ཆེད་དུ་ཡང་བསྐྱར་སྐུ་སྒེར་ཡིག་ཚང་དུ་བཅར། དེ་ཉིན་ངས་བོད་ནང་གི་གྲོགས་མོ་ཞིག་དང་ཁོ་མོའི་ཨ་མའི་ནང་མི་ཡོངས་ལ་སྐྱབས་རྟེན་རེ་ཕུལ་བ་ཡིན། བྱུང་འཛིན་གཉིས་ཚུར་ལེན་སྐབས་ང་ཧ་ལས་སུ་བཅུག སྐྱབས་རྟེན་ཐོག་༼དད་ལྡན། རིན་ཆེན་སྒྲོལ་མ་ནང་མི་ཡོངས་ནས་ ༽ཞེས་པའི་ཚབ་ཏུ་༼ དེད་ལྡན། རིན་ཆེན་སྒྲོལ་མ་ནང་མོ་ཡོང་ནས་ ༽ ཞེས་བྲིས་འདུག་པ་མ་ཟད། ཚིག་རྐང་གཅིག་ནང་བྱུང་བའི་ཡིག་ནོར་གསུམ་ཆ་བྱུང་འཛིན་གཉིས་ཀའི་ནང་གཅིག་མཚུངས་སུ་ནོར་འདུག ཕྱིར་ནང་དུ་ལོག་རྗེས་ངས་དེ་སྔོན་ཕུལ་བའི་སྐྱབས་རྟེན་དང་བསྔོ་རྟེན་གྱི་བྱུང་འཛིན་རྣམས་རེ་རེ་བཞིན་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན། ཨ་ཕས་བསྔོ་རྟེན་བཞི་དང་སྐྱབས་རྟེན་བདུན་ཅུ་དོན་ལྔ་ཕུལ་བའི་ནང་བྱུང་འཛིན་བཅུ་དགུ་ལ་གོང་གསལ་ལྟར་ཡིག་ནོར་ཤོར་འདུག ཡིག་ནོར་ཤོར་སའི་ཞུ་རྟེན་འབུལ་མི་རྣམས་ལས་རེ་འགའ་སྤྱིར་བཏང་གི་ལས་བྱེད་ཙམ་ཡིན་ནའང་། མང་ཤོས་ནི་ད་ལྟའི་ཆར་བོད་ནང་དགེ་རྒན་སོགས་སློབ་གསོ་དང་རིག་གཞུང་གི་ཕྱག་ལས་གནང་མཁན་ཡིན་ཞིང་ ། ཁོང་ཚོའི་ནང་ཅུང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཁག་ཅིག་ཀྱང་ཡོད་ལ། ངའི་གྲོགས་མོ་དེ་ད་ལྟ་བོད་རིག་པའི་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཞིག་ཡིན། སྐྱབས་རྟེན་བསྔོ་རྟེན་གྱི་བྱུང་འཛིན་ཀླད་དུ་༼ ཏཱ་ལའི་བླ་མའི་དགེ་རྩ ༽ ཞེས་པའི་ཡིག་འབྲུ་ཆེན་པོ་ལྔ་ཚོན་མདོག་དམར་པོའི་ནང་བྲིས་འདུག་ཐོག གཤམ་དུ་༼ འབྱོར་བ་ལྟར་དད་རྫས་རྣམས་ལུགས་ཟུང་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད། ཏཱ་ལའི་བླ་མས། ༽ཞེས་ཀྱང་འཁོད་འདུག ཨ་ཕ་ངེད་གཉིས་ཀྱི་མདུན་དུ་ཡིག་ནོར་འབྲི་མཁན་ནི་སྐྱབས་རྟེན་ཁང་གི་དགེ་འདུན་པ་རྣམ་གཉིས་རེད། འོན་ཀྱང་བྱུང་འཛིན་འདི་དག་རེ་རེ་བཞིན་དོ་བདག་ལ་འབྱོར་སྐབས་གནས་སྟངས་གཞན་ཞིག་སྟེ། ཡིག་ནོར་འབྲི་མཁན་༼ དད་རྫས་རྣམས་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད་མཁན་ ༽ཀྱི་ཏཱ་ལའི་བླ་མ་ཆགས་འགྲོ་ལ། བྱུང་འཛིན་ནང་འཁོད་པ་ལྟར་དོན་དངོས་ཀྱི་ཐོག་ནས་ཀྱང་འདི་དག་ཏཱ་ལའི་བླ་མའི་ཡིག་ནོར་ཆགས་ཡོད།
སྤྲུལ་སྐུ་མྱུར་འབྱོན། ཚེ་རབས་རྗེས་འཛིན། ཞབས་བརྟེན་གསོལ་འདེབས། བོད་ཕྱི་ནང་གི་བླ་སྤྲུལ་ཁག་འཁྲུངས་འདས་སྐབས་ཞུས་ངོར་བསྩལ་པའི་བཀའ་རྩོམ་ཐུང་གྲས་ཁག་ལས། ཏཱ་ལའི་བླ་མར་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ ༽ ལྟ་བུ་སྐུ་དངོས་ནས་ཕྱག་རྩོམ་གནང་བའི་བོད་ཡིག་གི་བཀའ་རྩོམ་མང་པོ་མེད། འོན་ཀྱང་ཏཱ་ལའི་བླ་མར་བོད་ཡིག་ནང་ཡིག་ནོར་འབྲི་ས་གཞན་ཞིག་ཡོད། དེ་ནི་བོད་ཡིག་གི་དཔེ་དེབ་ཁག་ཅིག་དཔར་བསྐྲུན་སྐབས་གནང་བའི་ཏཱ་ལའི་བླ་མའི་ཆེད་བརྗོད་ཁག་ནང་ཡིན། གནས་ཡུལ་གྱི་དབང་གིས་ང་ཡོད་ས་འདིར་བོད་ཡིག་གི་དེབ་མང་པོ་མེད། བཙན་བྱོལ་ནང་དཔར་བསྐྲུན་བྱས་པའི་བོད་ཡིག་གི་དཔེ་དེབ་ལྔ་བཅུ་ཙམ་ཡོད་པའི་ནང་ཏཱ་ལའི་བླ་མས་ཆེད་བརྗོད་གནང་བའི་དེབ་བཅུ་གཅིག་འདུག དེ་དག་ལས་རེ་འགའ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ལྡི་ལི་བོད་ཁང་། ས་པཎ་སློབ་གཉེར་ཁང་། བོད་ཀྱི་དུས་བབ་སོགས་རིག་གཞུང་གི་ཚོགས་སྡེ་ཁག་དང་། རེ་འགའ་མི་སྒེར་སོ་སོས་དཔར་བསྐྲུན་བྱས་འདུག ༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ ༽ ལྟ་བུ་བོད་བསྒྱུར་བྱས་པའི་དཔེ་དེབ་ཁག་གི་ཆེད་བརྗོད་ལས་དེ་མིན་ཚང་མ་བོད་ཡིག་ནང་བསྩལ་འདུག ཤོག་ངོས་ཕྱེད་ཀ་ལས་མེད་པའི་ཆེད་བརྗོད་ཐུང་ཐུང་ཞིག་ཡིན་ནའང་དེའི་ནང་ཡིག་ནོར་དང་གཏེགས་ནོར། ཆད་ནོར་སོགས་ཅི་རིགས་ཤིག་མཐོང་ཐུབ། ཡིག་ནོར་ཡོད་པའི་ཆེད་བརྗོད་ཁག་གི་གཤམ་དུ་༼ ཀུན་ལ་དགེ་ཞིང་ཤིས་པའི་སྨོན་འདུན་བཅས། ཏཱ་ལའི་བླ་མས།༽ ཞེས་པ་ལྟ་བུའི་སྦྱར་བྱང་ཡོད་ལ། སྦྱར་བྱང་གི་ཟུར་དུ་ཏཱ་ལའི་བླ་མའི་ཕྱག་དམ་ཆུང་ཆུང་དེ་ཕབས་ཡོད། སྐྱབས་རྟེན་ཁང་གི་དགེ་འདུན་པ་ལྟར་ཆེད་བརྗོད་འདི་དག་འབྲི་མཁན་ནི་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་གང་དང་ལས་བྱ་སུ་ཞིག་ཡིན་པར་བློ་དོགས་གང་ཡང་མེད། འོན་ཀྱང་ཆེད་བརྗོད་ཅན་གྱི་དཔེ་དེབ་དེ་དག་དཔར་ཁང་བརྒྱུད་སྤྱི་ཚོགས་ཐོག་ཐོན་སྐབས་ཆེད་བརྗོད་སྩོལ་མཁན་ཏཱ་ལའི་བླ་མ་ཡིན་ལ། ཆེད་བརྗོད་ནང་གི་ཡིག་ནོར་འབྲི་མཁན་ཡང་ཏཱ་ལའི་བླ་མ་ལས་གཞན་མིན། མ་གཞི་ནས་དཔེ་དེབ་གང་ཞིག་གི་ཆེད་བརྗོད་ནི་དེའི་ནང་དོན་དང་འབྲེལ་བ་ཆགས་དགོས་ལ། བྱུང་ན་ཆེད་བརྗོད་འབྲི་མཁན་གྱིས་ནང་དོན་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་དང་འབྲེལ་བའི་གླེང་སློང་འོས་འཚམ་རེ་བྱེད་དགོས་པར་འདོད། ངའི་ལག་སྣེ་འདིར་ཡོད་པའི་ཏཱ་ལའི་བླ་མས་ཆེད་བརྗོད་བསྩལ་སའི་དཔེ་དེབ་ཁག་གི་ནང་དོན་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྒེར་བའི་མི་ཚེའི་བྱུང་བ། དེ་བཞིན་དེང་སང་ཆེས་ཆར་དར་བཞིན་པའི་འབོལ་རྩོམ་དང་སྙན་རྩོམ་ཁག་དེབ་གཟུགས་སུ་བསྐྲུན་པ་དག་རེད། ཏཱ་ལའི་བླ་མ་ནི་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་བོད་ཀྱི་དབུ་འཁྲིད་ཡིན་པ་ལས། ཁོང་ནི་བོད་ཀྱི་ལོ་རྒྱུས་མཁས་པ་མིན་ལ། དེ་བཞིན་འབོལ་རྩོམ་དང་སྒྲུང་གཏམ་འབྲི་མཁན་གྱི་རྩོམ་པ་པོ་མིན་ཐོག སྙན་ངག་པ་ཞིག་དེ་བས་ཀྱང་མིན། དེར་བརྟེན་རྩོམ་པ་པོ་འདི་དག་གིས་རང་ཉིད་ཀྱི་དཔེ་དེབ་ཁག་གི་ཆེད་བརྗོད་ཏཱ་ལའི་བླ་མར་ཞུས་པ་ནི་དང་པོ་ནས་ནོར་འཁྲུལ་ཞིག་ཆགས་ཡོད། འོན་ཀྱང་ཁོང་ཚོས་ཞུས་ངོ་བཞིན་སྐུ་སྒེར་ཡིག་ཚང་ནས་ཀྱང་གནང་རྐྱང་བྱས་ཡོད། སྐབས་འདིར་ཆེད་བརྗོད་འབྲི་མཁན་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་དང་ལས་བྱ་གང་རུང་གིས་གཟབ་ནན་བྱེད་ས་ནི་ཆེད་བརྗོད་དང་དཔེ་དེབ་བར་གྱི་འབྲེལ་གྲུབ་དང་། ཆེད་བརྗོད་ནང་གི་ཡིག་ནོར་སོགས་མིན། ཧ་ཅང་གིས་གཟབ་ས་ནི་ཁོང་ཚོ་དང་ཆེད་བརྗོད་ཞུ་མཁན་ཚོའི་བར་གྱི་མཛའ་འབྲེལ་དང་མཐུན་འབྲེལ་དེ་ཆགས་ཡོད་པར་སྙམ།
འདས་ལོའི་ལོ་མཇུག་ཏུ་ཏཱ་ལའི་བླ་མས་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་སོང་བའི་བཀའ་སློབ་ནན་པོ་ཞིག་ཕབས། ང་ངྷ་སར་འབྱོར་སྐབས་དེར་ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ཤིང་མཁས་དབང་རྣམས་ཞུས་ནས་བགྲོ་གླེང་གནང་སྐབས་ཤིག་རེད། འོན་ཀྱང་ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་མཁན་ཚོས་འདི་ལྟར་མུ་མཐུད་དེ་ཁོང་གི་མཚན་ཐོག་ནས་ཡིག་ནོར་འབྲི་བཞིན་ཡོད། ཁོང་ཚོས་བོད་ཀྱི་ཆོས་རིག་གི་སྲོག་རྩར་ཆགས་པའི་བོད་ཡིག་གི་དག་ཆར་འགན་མི་འཁུར་བ་མ་ཟད། ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་བཞིན་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་ལའང་འགན་མི་འཁུར་བ་ནི་ཇི་འདྲའི་བློ་ངོར་མི་ཤོང་བ་ཞིག་རེད།
ཉིས་སྟོང་དགུ་ལོའི་རྩོམ་ཟིག ཁ་བརྡའི་མཆན་མེད་པའི་རྩོམ་གཅིག་བུ།