ལྷ་སྡེ་གནམ་ལོ་ཡག
སྔོན་གླེང་།
སྤྱིར༼ཏཱ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ཞིབ་འཇུག༽ཅེས་གླེང་སྐབས། རྒྱལ་བ་རིན་པོ་ཆེ་ཡི་མཛད་པ་འཕྲིན་ལས་ཆ་ཚང་གཞིར་བཞག་གིས་གླེང་སློང་བྱེད་དགོས་ཐུག་ཡོད་མོད། འོན་ཀྱང་། སྐབས་སུ་བབས་པའི་བརྗོད་བྱ་གཙོ་བོ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་སྲོད་དོན་གདམ་ག་སྟེ། ཁོང་གིས་སྲིད་འགན་མི་དམངས་ལ་རྩིས་སྤྲོད་གནང་བའི་ཐད་འཇུག་རྩིས་ཡིན།
བོད་ལ་མཚོན་ན། བླ་མའམ་དགེ་བཤེས། ཡང་ན། མཁས་པ་གང་རུང་ཞིག་ལ་སྐུ་འཚོ་བཞེས་སྐབས་སུ་ཞིབ་འཇུག་བྱེད་སྲོལ་མི་འདུག ཧ་ལམ་བརྗོད་གཞིར་གྱུར་བའི་མི་སྣ་གང་རུང་ལ་དོ་ཕོག་འབྱུང་བའམ། དུས་སུ་མ་བབས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འདྲ། ཕྲན་ནས་ཕྱི་ལོ ༢༠༠༩ལོར་བོད་ནང་གི༼ཧི་གཟུགས་ཟིན་བྲིས༽བརྒྱུད་ནས་ན་གཞོན་རྩོམ་པ་པོ་སེང་རྡོར་ལགས་ལ་ཞིབ་འཇུག་བྱེད་ཁུལ་གྱིས་ལམ་ཁ་འདི་བཞིན་བོད་ལ་ནང་འདྲེན་བྱས་ཡོད། དོན་ལ་གང་ཟག་གང་རུང་ཞིག་འཚོ་བཞུགས་སྐབས་སུ་ཞིབ་འཇུག་གི་བརྗོད་བྱར་བཟུང་བ་ཡིན་ན། གཅིག་ནས་བྱས་པ་ལ་ཆེ་བསྟོད་དང་གུས་བཀུར་གྱི་རྒྱུ་རུ་འགྲོ་བཞིན་པ་དང་། གཉིས་ནས་མ་དག་རྒྱུན་འབྱམས་ཐད་ཡོ་བསྲང་ངམ་དག་སེལ་ཡོང་བར་ཕན་གྱི་ཡོད་པའི་ཁར། དུས་ལྟར་དྲ་ཐོག་ཏུ་སྤེལ་བ་ལ་བརྟེན་ནས་མཉམ་རུབ་གྲུབ་དོན་གསར་བ་ཞིག་གི་སྒོ་མོའང་བྱེད་ཐུབ་པས། ཞིབ་འཇུག་ལམ་ཁ་འདི་མེད་དུ་མི་རུང་བ་ཞིག་ཏུ་ལྟ་ཆོག་པར་འདོད།
དེང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྲིད་དོན་བཞེངས་ཕྱོགས་ལས་འཕྲོས་པའི་ལྟ་ཚུལ་ཁག་གསུམ་ཡོང་བཞིན་པར་སྣང་ཞིང་། ཁོང་གིས་སྲིད་འགན་མི་དམངས་ལ་རྩིས་སྤྲོད་གནང་བ་འདིས་ཁོང་མ་བཞུགས་ཀྱང་བོད་ཀྱི་གནད་དོན་རྒྱུན་གནས་ཡོང་བ་དང་ཐག་གཅོད་ཐད་བསྐུལ་འདེད་གཏོང་ཐུབ་པའི་ཁར་འགྲོ་བ་མིའི་རིགས་ལ་མིག་དཔེ་ཡན་གར་བ་ཞིག་དང་རེ་བ་གསར་བ་ཞིག་གི་སྒོ་མོ་འབྱེད་ཟིན་པར་འདོད་ཀྱིན་པའི་ཁག་གཅིག་དང་། སྲིད་འགན་རྩིས་སྤྲོད་ནི་འཁྲབ་སྟོན་ཞིག་དང་ཁོང་གི་དབང་ཤུགས་མུ་མཐུད་དུ་གནས་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་གཏོང་ཉེན་ཡོད་པར་འདོད་ཀྱིན་པའི་ཁག་གཞན་གཅིག་དང་། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་རྩིས་ལེན་གནང་རྒྱུ་ལས་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་དང་བོད་རྒྱ་ཞི་མོལ་གྱི་ཐུགས་འགན་མུ་མཐུད་དུ་བཞེས་དགོས་གལ་ཆེ་བ་འདོད་ཀྱིན་པ་ཁག་གཅིག་བཅས་རེད།
སྔ་མའི་ཁོངས་སུ་ཧ་ལམ་བོད་དོན་ལ་དོ་སྣང་ཡོད་པའི་མཁས་པ་དང་སྲིད་དོན་པ། གཞིས་བྱེས་བོད་མིའི་ཚོགས་སྡེ་ཁག་གི་ཤེས་ཡོན་པ་དང་གཞོན་སྐྱེས། སྲིད་དོན་ལ་མིག་རྒྱང་རིང་བའི་རྒན་རབས་པ་ཁག་ཅིག ཕྱི་རྒྱལ་གྱི་མཁས་པ་དང་བོད་དོན་ལ་དོ་སྣང་ཡོད་མཁན་བཅས་འདུ་ཞིང་། ཕྱི་མ་པེ་ཅིན་སྲིད་གཞུང་གཙོས་ཏང་གི་བཀའ་བཀོད་འོག་ཤར་བསྐྱོད་བྱེད་ཀྱིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་རྩོམ་འབྲི་བ་རེ་གཉིས་ཤིག་རེད་ལ། ཁག་གསུམ་པ་དེ་སྐབས་གསུམ་པའི་བཀའ་ཤག་དང་སྐབས་བཅུ་བཞི་བའི་སྤྱི་འཐུས་ཁག་ཅིག་གིས་གཙོས་པའི་མི་སྒེར་རེ་འགའ་རེད།
ད་ལྟའི་ཆར་གླེང་སློང་བྱེད་ཡུལ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་ཀྱི་རྒྱབ་ལྗོངས་དང་སྲིད་འགན་རྩིས་སྤྲོད་ཀྱི་ཤུགས་རྐྱེན། སྲིད་འགན་རྩིས་སྤྲོད་ཀྱི་ལྷག་འཕྲོས་བཅས་ཁག་གསུམ་ནས་དཔྱད་པ་གཏོང་ཁུལ་ལ་འཇུག་རྒྱུ་ཡིན་པས། དུས་ལྟར་དགོངས་འཆར་ལྷུག་སྩོལ་ཡོང་བར་རེ་བ་རྒྱག་གིན་པར་མ་ཟད། དྲ་རྒྱའི་དུས་རབས་ནི་མཉམ་རུབ་ཀྱི་དུས་རབས་ཤིག་དང་འགྲན་རྩོད་ཀྱི་དུས་རབས་ཤིག་ཡིན་པས། གྲུབ་དོན་འཐུས་ཚང་གི་ཕྱོགས་སུ་བསྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཟབ་མོ་འཆང་ཡོད། རྒྱུ་མཚན་ནི་ཕྲན་གྱིས་ག་དུས་ཀྱང་ཁ་ཉན་མཁན་འབྱུང་སླད་རྩོམ་ཡིག་སྤེལ་གྱི་མེད་པར་བྱུང་བ་ངོ་མའི་གདོང་རིས་ངོ་འཕྲོད་ཆེད་རྩོམ་འབྲི་བྱེད་ཀྱིན་ཡོད།
གཅིག སྲིད་འགན་རྩིས་སྤྲོད་ཀྱི་རྒྱབ་ལྗོངས།
རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་ཀྱི་རྒྱབ་ལྗོངས་ལ་དཔྱད་སྐབས། ངེས་པར་དུ་ཁོང་གིས་དུས་རྒྱུན་གསུངས་ཀྱིན་པའི༼འགན་འཁུར་ཆེན་པོ་གསུམ༽དང་འབྲེལ་ནས་གླེང་འོས་པར་མ་ཟད། དེང་སྐབས་འགྲོ་བ་མིའི་རིགས་ཀྱི་ཁ་གཏད་དུ་འགྲེངས་ཟིན་པའི་བཟང་སྤྱོད་འཇིག་ཉེན་དང་སྲིད་དབང་སྒེར་གཅོད་པས་དམངས་གཙོར་བསྐྲུན་བཞིན་པའི་འགོག་རྐྱེན། དགུང་ལོའི་བབས་དང་བསྟུན་པའི་བོད་དོན་གྱི་ཕུགས་དམིགས་བཅས་དོན་ཚན་གསུམ་ནང་མ་འདུས་པ་མེད་པར་འདོད།
༡ འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་འཇིག་ཉེན།
༼ཤར་ཕྱོགས་རང་དབང་གིས་སྐྱོབ་དགོས་ཤིང་། ནུབ་ཕྱོགས་ཀྱིས་རང་དབང་སྐྱོབ་དགོས༽ཞེས་པ་འདི་མཁས་དབང་ཡཱན་ཧོང་བྷེན་གྱིས་དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཀོད་པའི་བསྡོམས་ཚིག་རང་བཞིན་གྱི་བསྡུས་གཟུགས་ཤིག་རེད།
ཚང་མས་མཁྱེན་གསལ་ལྟར། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་གཤིས་ཤིག་ཡིན་མོད། རང་བདེ་བའི་ཆེད་དུ་གཞན་སྡུག་བསྔལ་ལ་སྦྱོར་བཞིན་པའང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཟམ་མ་ཆད་པར་འབྱུང་བཞིན་པའི་ཁར། དེང་སྐབས་ཆེས་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པ་ཞིག་རེད། འབྱུང་རྩའི་ཆ་ནས་དཔལ་འབྱོར། དབང་ཆ། དོགས་སེམས་བཅས་ལ་ཐུག་ཡོད་ཅིང་། ལག་ལེན་གྱི་ཆ་ནས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་ཐད་ཀར་འབྲེལ་ནས་ཡོད་པ་ཞིག་ཡིན། དཔེར་ན། དཔལ་འབྱོར་ཐད་ཀྱི་འཕྲོག་རྩོད་དང་མགོ་བསྐོར། དབང་ཆ་སྲུང་སླད་སྤེལ་བའི་དམག་འཐབ་དང་དྲག་གནོན། ཆོས་ལུགས་ཐལ་ཆོད་པའི་བྱེད་བབ། མི་རིགས་དབྱེ་འབྱེད་ཀྱི་སྐྱོ་གར། དབུལ་ཕྱུག་དོ་མ་མཉམ་པའི་གནས་སྟངས། རིག་གཞུང་བརྗེ་བསྒྱུར་གྱི་ལས་འགུལ། མི་དང་མིའི་བར་གྱི་འགྲན་རྩོད་སོགས་གང་གི་ཁྲོད་དུའང་རང་རྒྱལ་གཞན་ཕམ་གྱིས་གཙོ་ཤུགས་ནུས་པ་འདོན་བཞིན་པས། བཟང་སྤྱོད་ཉམས་ནས་ངན་སྤྱོད་དར་བཞིན་པའི་དུས་རབས་ཤིག་ཏུ་བཤད་ཆོག་གི་ཡོད།
བཟང་སྤྱོད་ཉམས་དོན་ལ་འཚོལ་ཞིབ་བྱེད་སྐབས། མི་སྒེར་བ་རེ་རེ་ཡི་བསམ་བློའི་འཁྱེར་སོ་ཐུག་ཡོད་པ་དང་། བསམ་བློའི་འཁྱེར་སོ་ཐད་ཀར་རིན་ཐང་འཛིན་སྟངས་ཤིག་གི་སྟེང་དུ་བབས་ཡོད་པས། སླར་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སྤྱི་གཤིས་དེ་བཞིན་རྨང་གདན་དུ་གྱུར་བའི་འགྲོ་བ་མིའི་རིགས་ལ་བདེ་བ་མངོན་འགྱུར་ཡོང་ཐབས་ངོ་འཕྲོད་དགོས་ཀྱི་ཡོད་ཅིང་། ངོ་འཕྲོད་ཀྱི་གོ་རིམ་འདི་མཚན་ཉིད་རིག་པ་ཡན་གར་བ་ཞིག་གི་སྒང་ལ་བབས་ཡོད། ཡིན་ནའང་། ཡོངས་ཁྱབ་ཀྱིས་ངོས་ལེན་ཡོང་ཐབས་ལ་བརྩོན་དགོས་ན། ཆོས་ལུགས་ཀྱི་སླད་མ་བསྲེས་པའི་ཐུན་མོང་གིས་སྤྱོད་བྱར་རུང་བ་ཞིག་གི་སྟེང་འབབ་དགོས་པའང་ཆོས་ཉིད་གཞན་ཞིག་ཡིན།
འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འཁྱེར་ཕྱོགས་ནི་ལྟོས་བཅོས་ལྟ་བ་དང་ལྟོས་མེད་ལྟ་བ་གཉིས་ཀྱི་སྟེང་དུ་འཁོར་བསྐྱོད་བྱེད་ཀྱིན་པ་དང་། བསམ་བློའི་འཁྱེར་ཕྱོགས་རྦད་དེ་མ་འདྲ་བ་གཉིས་ཀྱིས་ཕན་ཚུན་བར་ཤི་གསོན་རང་བཞིན་གྱི་གཡུལ་འཐབ་བྱེད་ཀྱིན་པ་ལྟ་བུ་ཞིག་ཏུ་བཤད་ཆོག་པར་སེམས། དེ་བས། ལྟོས་བཅས་ལྟ་བ་ནི་ཡུལ་དུས་རྒྱུ་རྐྱེན་སོགས་ལ་རག་ལས་ཡོད་པར་འདོད་ཀྱིན་པ་ཞིག་སྟེ། སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་གྱི་དགོངས་པ་གཞི་རྟེན་དུ་བཟུང་བའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་བཞེད་ཀྱིན་པའི་བོད་མིའི་རིགས་གཞུང་གིས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དང་། དེའང་བྱ་དངོས་གང་དང་གང་གི་སྐྱེ་འཕེལ་གཅིག་ལ་གཅིག་བརྟེན་གྱིས་བསྐྲུན་བཞིན་པའི་ཁར། མི་དང་ཁོར་ཡུག མི་དང་ལས་དོན་མཐའ་དག་གཅིག་ལ་གཅིག་རྟེན་གྱིས་འཁོར་བསྐྱོད་བྱེད་ཀྱིན་པ་ཞིག་ཡིན་པས། རང་རྒྱལ་ཀུན་རྒྱལ་དང་རང་ཕམ་ཀུན་ཕམ་གྱི་གནས་སྟངས་ཤིག་ཏུ་གྲུབ་ཡོད་པ་དེང་གི་གོ་ལའི་དཔལ་འབྱོར་གཅིག་གྱུར་ཅན་གྱིས་གསལ་བཤད་བྱས་ཡོད། ཡིན་ནའང་། ལྟོས་མེད་ལྟ་བ་ནི་ཡུལ་དུས་གང་ལའང་རག་མ་ལས་པར་རྟག་བརྟན་འགྱུར་མེད་ཅིག་གཞིར་བཟུང་བའི་ལྟ་ལུགས་གཅིག་ལས་གཞན་མི་འདོད་པ་ཞིག་ཡིན་པས། དོན་ལ་རང་རྒྱལ་གཞན་ཕམ་གྱི་ལས་སུ་ཞུགས་ཀྱིན་པ་ཞིག་རེད། དཔེར་ན། མར་ཁེ་སི་རིང་ལུགས་དང་ཁ་ཆེ་གྲུབ་མཐའ་རྙིང་མ། ཐལ་ཆེ་ཁེ་ཕན་རིང་ལུགས་པ་སོགས་ལྟ་བུར་མཁས་པ་མང་པོས་བཞེད་ཀྱིན་ཡོད།
བོད་ཀྱི་རིགས་གཞུང་ལ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་འཇིག་ཉེན་ལས་གྲོལ་བའི་རྨང་གཞི་གྲུབ་ཡོད་པས། རྒྱལ་བ་རིན་པོ་ཆེ་ནི་དེང་གི་བར་བོད་ལུགས་སློབ་གསོ་ཆེས་ལེགས་འགྲུབ་བྱུང་བའི་དཔེར་མཚོན་རང་བཞིན་གྱི་མི་སྣ་དང་སྣེ་ཁྲིད་ཀྱི་ནུས་པ་ཡོངས་སུ་འཛོམས་པའི་མི་སྣའང་ཆགས་ཡོད་པས། འཛམ་གླིང་སྟེང་མི་དང་མིའི་བར་གྱི་འགྲན་རྩོད་ཆེས་ཛ་དྲག་གི་དུས་སུ་སླེབས་ཟིན་པའི་དེང་གི་ཆར་བཟང་སྤྱོད་ཀྱི་ལམ་ནས་སྲིད་འགན་མང་ཚོགས་ལ་རྩིས་སྤྲོད་གནང་བ་ནི་ཁོང་གི་རྩ་བའི་དམ་བཅའ་གཅིག་མངོན་འགྱུར་ཡོང་ཐབས་ཏེ། ༼ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།༽ བཞེད་དགོངས་དེ་བཞིན་ལག་ལེན་གནང་བསྟར་བ་ནི་ཆེས་རླབས་ཆེན་གྱི་བྱ་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་ཡོད།
༢ སྲིད་དབང་སྒེར་གཅོད་པས་དམངས་གཙོར་བསྐྲུན་བཞིན་པའི་འགོག་རྐྱེན།
རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉེ་སྔོན་གསར་ལམ་ཁག་ཏུ༼བོད་ལ་བསམ་བློའི་དབུ་ཁྲིད་ཀྱིས་སྣེ་ཁྲིད་གནང་བའི་དུས་ཚོད་ཡོལ་ཟིན་ལ། ངོས་རང་མའུ་བྷ་རག(Mubarak)བྱེད་མི་འདོད༽ཅེས་ནན་གྱིས་གསུངས་ཡོད། དེ་ནི་ཡོངས་གྲགས་སུ་གྱུར་བའི་ཐུའུ་ཉི་སིའི་མེ་ཏོག་མ་ལི་ཀའི་གསར་བརྗེ་ཡི་རྒྱལ་ཁའི་ཤུགས་རྐྱེན་འོག་ཨེ་ཇེབ་མི་དམངས་ཀྱིས་འཇིགས་ཞེད་མེད་པར་ཉིན ༡༨རིང་སྲིད་དབང་སྒེར་གཅོད་པར་འཐབ་རྩོད་དྲག་པོ་བྱས་ཏེ། ཕྱི་ལོ ༢༠༡༡ལོའི་ཟླ ༢པའི་ཚེས ༡༡ཉིན་ཨེ་ཇེབ་ལ་ལོ་ངོ ༣༠རིང་དབང་བསྒྱུར་བྱས་པའི་སྒེར་གཅོད་པ་མའུ་བྷ་རག( Ḥusni Mubarak) གིས་འཆི་ཁའི་འཕག་འཚག་འགའི་རྗེས་སུ་འུ་ཐུག་ཐབས་ཟད་ཀྱིས་འཛམ་གླིང་མི་དམངས་ཀྱི་ཁ་རྡུང་ཁུར་ནས་སྒེར་གཅོད་པའི་སྟེགས་བུ་ལས་མི་འབབ་རང་འབབ་བྱུང་བའི་གནས་སྟངས་ལ་སྦྱར་ནས་གསུངས་པ་ཞིག་ཆགས་ཡོད།
མེ་ཏོག་མ་ལི་ཀའི་གསར་བརྗེའི་ཤུགས་རྐྱེན་ཨེ་ཤི་ཡ་དཀྱིལ་མའི་ཨ་རབ་རྒྱལ་ཁབ་ཁག་ཏུ་ཤོག་བུ་སྣུམ་ཟོས་ལྟར་རང་དབང་འཐབ་རྩོད་ཀྱི་དར་ཆར་གྱུར་ཡོད་པས། མི་རྣམས་ལ་དྲི་བ་གསར་བ་ཞིག་སླེབས་པ་ནི་ཁ་ཆེ་ཆོས་ལུགས་ཀྱི་སྲོལ་རྒྱུན་གྲ་མ་ཉམས་པར་ལག་ལེན་ནང་འཁོད་ཀྱིན་པའི་ཡུལ་གྲུ་འདིར་དད་མོས་རང་དབང་ཡོད་བཞིན་དུ་རང་དབང་བརྩོན་ལེན་གྱི་འཐབ་རྩོད་ཅིག་བསྟུད་མར་བྱུང་བཞིན་པའི་དགོས་དམིགས་ཅི་ཞིག་རེད་ཅེས་པ་འདི་ཡིན། འོ་ན། དམངས་གཙོའི་ཚ་རླབས་ཆོས་ལྡན་ཨ་རབ་ལུང་བར་མཆེད་འགོ་ཚུགས་ཟིན་པས་འགྲོ་བ་མིའི་རིགས་ལ་ཅི་ཞིག་གསལ་སྟོན་གནང་བཞིན་ཡོད་དམ་ཞེ་ན། དབང་ཆ་གཅིག་སྡུད་རིང་ལུགས་པའི་དུས་རབས་ཡོལ་ཟིན་པ་སྟོན་བཞིན་པར་མ་ཟད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་གཏིང་དུ་རང་དབང་ལ་མོས་པའི་རེ་འདུན་བཅངས་ཡོད་པ་དང་། མི་ཚང་མས་རང་དབང་གི་མི་ཞིག་བྱ་འདོད་དང་ལ་རྒྱ་ཅན་གྱི་འཚོ་བར་རོལ་འདོད་ཡོད་པ་གཅིག་མཚུངས་སུ་གྲུབ་ཡོད་པ་དེ་རེད་ལ། དམིགས་འབེན་དེ་ཡོངས་སུ་འགྲུབ་པའི་ལམ་ཁ་ཡག་ཤོས་དམངས་གཙོའི་ཁེ་དབང་རྩོད་ལེན་བྱེད་རྒྱུར་ཐུག་ཡོད།
དམངས་གཙོ་ལེགས་འགྲུབ་ཡོང་ཐུབ་བམ་མི་ཐུབ་ཀྱི་འགག་རྩ་དབང་འཛིན་པར་ཐུག་ཡོད་ཅིང་། ཡག་ཉེས་མ་ལྟོས་པར་སྲིད་དབང་སྒེར་གཅོད་པ་དག་ནི་འདེམས་བསྐོ་བརྒྱུད་ནས་བྱུང་བ་མ་ཡིན་པ་དག་ལ་གོ་བཞིན་པ་དང་། ཁག་ཅིག་གིས་ཆོས་ལུགས་ལག་ཆར་བེད་སྤྱོད་གཏོང་བཞིན་པ་དང་སྐོར་ཞིག་གིས་རིང་ལུགས་ཀྱི་དར་ཆ་ཕྱར་ནས་དབང་བསྒྱུར་སྲ་བརྟན་དང་མཐུད་གནས་ཡོང་ཐབས་ལ་ཧུར་ཐག་འབད་བརྩོན་བྱེད་ཀྱིན་པ་ཞིག་ཡིན་པས། ཆོས་ལུགས་སམ་རིང་ལུགས་བེད་སྤྱོད་གཏོང་མཁན་པ་སུ་ཞིག་ཡིན་རུང་གཅིག་མཚུངས་ཀྱི་བསམ་བློ་འཁུར་སྟངས་ཤིག་ཡོད་པ་ནི་རང་ཉིད་ཀྱི་ལྟ་བའམ་དབང་བསྒྱུར་ནི་ལྟོས་མེད་ཀྱི་ཚད་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་པ་དེ་ཡིན་པས། རང་བཀུར་གཞན་གནོན་འདུན་པས་ཀུན་ནས་བལྟམས་ཡོད་པ་ཞིག་ཡིན།
ཕྱོགས་འདི་ནས་ལྟ་སྐབས། ཆོས་ལུགས་ཕན་ཚུན་བར་གུས་བརྩི་དང་ཉམས་མྱོང་བརྗེ་རེས་ནི་འགྲོ་བ་མིའི་རིགས་ཀྱི་རང་དབང་གི་མངོན་འདོད་ལེགས་འགྲུབ་བྱེད་པའི་ལམ་ཁ་ཡན་གར་བ་ཞིག་ཡིན་པའི་ཁར། ཆོས་ལུགས་ཀྱི་ཤུགས་རྐྱེན་མི་དང་མིའི་བྱ་སྤྱོད་ཐ་དག་ལ་ཐད་ཀར་རམ་བརྒྱུད་ནས་ཐེབས་ཀྱིན་པ་ཞིག་ཡིན་པས། དམངས་གཙོ་ཚད་ལྡན་ཞིག་ཡོང་བར་གུ་ཡངས་ཀྱི་བསམ་བློ་བསྐྲུན་ཐུབ་མིན་ལའང་ཐུག་ཡོད་པ་དང་། ཆོས་ལུགས་ཀྱིས་ཏན་ཏན་མིར་གུ་ཡངས་ཀྱི་བྱ་སྤྱོད་ཅིག་བསྐྲུན་པར་གཞོགས་འདེགས་གནང་ཐུབ་ཀྱི་ཡོད་པ་རེད། དེ་བས། ཆོས་ལུགས་ཙམ་མ་ཡིན་པར་རིང་ལུགས་གང་རུང་ཞིག་ཡིན་ནའང་། ཆོས་ལུགས་དང་རིང་ལུགས་བར་ལ་ཉམས་མྱོང་བརྗེ་རེས་དང་ལེགས་ཆ་ལེན་རེས། མིག་དཔེ་སྟོན་རེས་བྱེད་རུང་ཡིན་པའང་གསལ་བོ་ཡིན།
རྒྱལ་བ་རིན་པོ་ཆེ་མཆོག་གིས་རྟག་ཏུ་གསུངས་ཀྱིན་པའི་དམིགས་འདུན་གཞན་གཅིག་སྟེ། ༼ ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད༽པས། རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་ཆོས་ལུགས་ཡིན་ནའང་འདྲ། རིང་ལུགས་ཡིན་ནའང་ཆོག ཕན་ཚུན་མཐུན་འབྲེལ་གོང་མཐོར་དམིགས་པའི་སྲིད་འགན་རྩིས་སྤྲོད་འདི་བཞིན་སྟོན་པ་ཤཀྱཱ་ཐུབ་པས་རྒྱལ་སྲིད་སྤང་ནས་ཆོས་སྒོར་འགྲིམས་པ་ལས་ཀྱང་ཤུགས་རྐྱེན་ཆེ་བའི་སྐོར་དོན་ཚན་རྗེས་མ་ཞིག་གི་ནང་དུ་གླེང་རྒྱུ་ཡིན།
༣ དགུང་ལོའི་བབས་དང་བསྟུན་པའི་བོད་དོན་གྱི་ཕུགས་དམིགས།
༼སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས།༽ (༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན་ལས་བཤུས། )
བོད་ཀྱི་གནད་དོན་ཕྱི་ལོ ༡༩༥༩ལོ་ནས་དེང་གི་བར་རྒྱུན་བསྲིངས་ནས་ཡོང་ཡོད་པ་དང་། བོད་དོན་བདེན་མཐའ་མ་སེལ་བར་དུ་ངེས་པར་དུ་གནས་ཐུབ་དགོས་ཀྱི་ཡོད་པར་མ་ཟད། བོད་དོན་འཐབ་རྩོད་ཀྱི་ལས་འགན་མི་རབས་ནས་མི་རབས་བར་མ་བོས་དང་ལེན་གྱི་ལམ་ཁ་ཞིག་བརྒྱུད་ནས་འགྲོ་བཞིན་པས། རྒྱལ་བ་རིན་པོ་ཆེ་མཆོག་ནས༼ ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད༽ཅེས་བཀའ་ནན་བསྩལ་གནང་ཡོད་པ་ལས་ད་ལྟ་དུས་སྐབས་གང་འདྲ་ཞིག་སླེབས་ཡོད་མེད་གསལ་བོ་ཆགས་ཡོད།
མ་གཞི་བོད་མིར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་སྲོལ་འདི་བཞིན་པེ་ཅིན་སྲིད་གཞུང་ཙམ་མ་ཡིན་པར་མི་རིགས་ཆེན་པོའི་བསམ་བློ་ཡོད་མཁན་གྱི་རྒྱ་རིགས་སྤྱི་ཞེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། ཁོ་ཚོས་དེ་ནི་བོད་འདི་རྒྱ་འོག་ནས་མུ་མཐུད་དུ་མགོ་སྒུར་ནས་འདུག་རྒྱུ་མིན་པའི་སྔ་ལྟོས་ཤིག་ལ་ལྟ་བཞིན་འདུག དེའང་རྒྱུ་མཚན་མེད་པ་ཞིག་ཀྱང་མ་རེད། ས་སྐྱ་སྲིད་གཞུང་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་བཙན་བྱོལ་ལ་གོམ་ཁ་བསྒྱུར་ཏེ་དུས་ད་ལྟ་བར་དུ་ཕྱོགས་གཅིག་ནས་བོད་མི་ཡུན་གནས་དང་ཤེས་རིག་དར་སྤེལ་སོགས་ལ་བྱས་རྗེས་བཞག་ཡོད་ནའང་། ཕྱོགས་གཞན་ཞིག་ནས་གཞན་བརྟེན་གྱི་བག་ཆགས་མཐུག་པོ་ཞིག་རྒྱུན་མཐུད་གནང་ཡོད། གཙོ་བོ་སྟོབས་ཤུགས་གཞན་བརྟེན་ནས་འཚོ་བ་གཞན་བརྟེན་བརྒྱུད་ནས་ཡུན་བསྲིངས་ཏེ་ཡོང་ཡོད་པར་མ་ཟད། ནོར་འཁྲུལ་ལྷ་ལ་འགེལ་བ་དང་ནང་འཁྲུག་འདྲེ་ལ་གཏད་པའི་ཐབས་ལམ་ཡང་འདྲ་མིན་ཞིག་བརྒྱུད་འཛིན་བྱས་ཡོད་སྟབས། ༼བླ་མས་ཅི་གསུང་ཆོས་ཡིན། མཛུབ་མོ་གར་བསྟན་ཤར་རེད༽ཅེས་པའི་གཏམ་དཔེ་འདིས་ཀྱང་རང་ཚུགས་ཟེར་བ་ཞིག་གཏན་ནས་ངོ་ཤེས་ཀྱི་མེད་པ་མཚོན་ཡོད་པ་ཞིག་རེད།
གང་ལྟར་གནས་སྟངས་འདི་འདྲའི་སྐྱོ་བོ་ཞིག་ལ་ཁྱོན་ཡོངས་ནས་འགྱུར་བ་གཏོང་དགོས་ན། རྒྱལ་བ་རིན་པོ་ཆེ་ལྟ་བུའི་ཤུགས་རྐྱེན་བླ་ན་མེད་པའི་མི་སྣ་ཞིག་གིས་སྣེ་འཁྲིད་གནང་དགོས་པ་མངོན་སུམ་ཚད་མས་གྲུབ་ཡོད་ལ། ཁོང་གིས་འདི་ལྟར་གནང་བའང་དེང་གི་བར༼ ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད༽ནས་ཡོང་ཡོད་མོད། ད་ལྟ་དགུང་ལོའི་བབས་དང་བསྟུན་ནས་བོད་ཀྱི་མི་རེ་ངོ་རེ་ནས་རང་ཚུགས་ཐུབ་པ་ཡོང་རྒྱུའམ། རང་འགན་རང་ལེན་དང་རང་ཁ་རང་གསོར་བསྐུལ་བའི་དགོངས་དོན་འདི་བཞིན་བརྟག་ཅིང་དཔྱད་ནས་ལག་ལེན་ནང་འཁེལ་བ་ཞིག་ཏུ་བཤད་ཆོག་པས། འདི་ལས་ཡེ་ཤེས་དབྱིངས་དཔྱད་གཉིས་པ་ཞིག་འཚོལ་དུ་མེད་སྙམ།
གཉིས། སྲིད་འགན་རྩིས་སྤྲོད་ཀྱི་ཤུགས་རྐྱེན།
སྲིད་འགན་རྩིས་སྤྲོད་ཀྱི་ཤུགས་རྐྱེན་ཐད་ནས་གོང་གསལ་བརྗོད་ཟིན་པའི་རྒྱབ་ལྗོངས་ཆེན་པོ་གསུམ་དང་སྦྲགས་ནས་ལྟ་དགོས་པར་སྣང་ཞིང་། གཙོ་བོ་བོད་རིག་པའི་མདུན་ལྗོངས་དང་མི་རིགས་ཀྱི་མདུན་ལམ། དབང་ཞེན་རིང་ལུགས་པར་ཆོག་ཤེས་ངོ་འཕྲོད་ལ་ཤུགས་རྐྱེན་བསྐྲུན་ཐུབ་པར་འདོད།
༡ བོད་རིག་པའི་མདུན་ལྗོངས།
ཐོག་མར་བོད་རིག་པ་ཞེས་གླེང་སྐབས། མང་ཆེ་བ་ཞིག་གིས་ཆོས་ལུགས་ཁོ་ནར་གོ་བ་ལེན་སྲིད་མོད། དོན་ལ་མཚན་ཉིད་རིག་པ། ཆོས་ལུགས། རྩོམ་རིག སྒྱུ་རྩལ། ཀུན་སྤྱོད། མཛེས་རིག་འདུ་བའི་བསམ་བློའི་རིག་གནས། ཁོར་ཡུག ཟ་གོས་ཉལ་བསྐྱོད། ཐོན་སྐྱེད། དཔལ་འབྱོར། ཚན་རིག ༼འདིའི་ནང་དུ་སྐར་རྩིས། ལི་ཐོ་དང་གསོ་བ་རིག་པ་ཚུད།༽ བཟོ་རིག་བཅས་འདུ་བའི་དངོས་པོའི་རིག་གནས། གུས་སྲོལ། ཁྲིམས་སྲོལ། དཔོན་སྲོལ། དམག་ཁྲིམས། ས་ཁྲིམས་ཆུ་ཁྲིམས། སློབ་གསོ། ཕྱྭ་ཁྲལ། ཁྲིམས་ལུགས། ཡང་སྤྲུལ་ངོས་འཛིན། ཆོས་སྲིད་ཟུང་འབྲེལ། མི་རིགས་ས་གནས་རང་སྐྱོང་། བཙན་བྱོལ་དམངས་གཙོ་འདུ་བའི་སྒྲིག་སྲོལ་རིག་གནས་བཅས་ལ་གོ་དགོས་པར་སྣང་།
གོང་དུ་བཤད་ཟིན་པ་ལྟར་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་འཇིག་ཉེན་གྱི་ལྟེ་བ་ལྟོས་བཅོས་ལྟ་བ་དང་ལྟོས་མེད་ལྟ་བ་གཉིས་ཀྱི་འགལ་བ་དང་དེ་ལས་བསྐྱེད་པའི་ཤུགས་རྐྱེན་ལ་ཐུག་ཡོད་པ་ཞིག་ཡིན་པས། བོད་མིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་འདྲེན་གནང་ཟིན་པའི་ནང་བསྟན་མཚན་ཉིད་རིག་པ་དང་ཚན་རིག་གཤིབས་བསྡུར་གྱི་གཞི་རྒྱ་ག་ཚད་ཆེ་རུ་གཏོང་ཐུབ་པ་བྱུང་ན་དེ་ཙམ་གྱིས་བོད་རིག་པའི་ཚ་རླབས་འཛམ་གླིང་སྒང་བརྡོལ་ཐུབ་པར་མ་ཟད། སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་གྱི་དགོངས་པར་ཇི་ལྟར་བརྒྱུད་འཛིན་དང་ཉམས་ལེན་གནང་ཐུབ་པ་ཡིན་ན་དེ་ལྟར་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་སླར་གསོར་ལག་སྐྱེས་འཇོག་ཐུབ་སྲིད།
རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲད་ཀྱིས་ཁོང་གིས་དབུ་ཁྲིད་པའི་དགེ་འདུན་པའི་སྡེ་དང་མཁས་པའི་སྡེ་ལ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སླར་གསོའི་ཐད་ལག་རྗེས་གཞན་དྲིང་མི་འཇོག་པ་འཇོག་པར་འགོག་རྐྱེན་གྱིས་མི་ཚུགས་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་གསར་བ་ཞིག་གི་སྒོ་གླེགས་བརྟོལ་ཡོད་པའི་ཁར། འཛམ་གླིང་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་དམངས་གཙོའི་དེད་དཔོན་ཞིག་དང་ཁ་ཞེ་གཉིས་མེད་ཀྱི་འགྲོ་བ་མིའི་རིགས་ཀྱི་དགེ་བའི་བཤེས་གཉེན་དུ་བཀུར་བའི་སྐྱ་རེངས་ཀྱི་འོད་སྣང་མི་རིགས་སྤྱི་དང་བོད་རིག་པ་འཛམ་གླིང་སྟེང་དར་ཞིང་འཕེལ་བའི་བསྒུལ་ཤུགས་སུ་གྱུར་ཡོད་པས། བཟང་སྤྱོད་སླར་གསོའི་ཤིང་རྟའི་སྲོལ་འབྱེད་ལྟ་བུའི་ནུས་པ་ཐོན་རྒྱུ་ཡིན་པ་སྨྲས་མེད་ཐོག་བོད་རིག་པའི་བདག་པོ་བོད་མི་དང་བཅས་པར་ལྟ་སྟངས་གསར་བ་ཞིག་རིམ་གྱིས་གྲུབ་པར་བསྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ཀྱི་ཡོད། ཡིན་ནའང་། འདིར་ཁོང་གིས་བོད་མི་རྣམས་ལ་ལམ་ཁ་གསར་བ་ཞིག་བསྐྲུན་ཟིན་པ་ལས་བོད་མི་ཚོས་ཁོང་གི་ཤུགས་རྐྱེན་ཁོ་ན་རྒྱབ་ལ་གོན་ཞིང་ཁ་ལ་ཟོས་ནས་མི་སྡོད་པར་རང་ནུས་གང་ཡོད་ཀྱིས་རླབས་ཆེ་བའི་ལས་གཞི་འདིར་མཉམ་ཞུགས་གནང་དགོས། དེང་སྐབས་དགེ་འདུན་པའི་ཁྲོད་དུ་ནང་ཆོས་དང་ཚན་རིག་གཤིབས་བསྡུར་ཞིབ་འཇུག་གི་དཔེ་དེབ་རེ་འགའང་མཐོང་དུ་ཡོད་པས། ལས་འགན་འདིར་དཀའ་ཚེགས་ཁྱད་གསོད་བྱེད་དགོས་ཀྱང་ལག་པ་འཇུ་མི་ཐུབ་པ་ཞིག་ཀྱང་མ་ཡིན་ཞིང་། ཚུལ་ཁྲིམས་དག་གཙང་གིས་ཕན་སེམས་ཁུར་ནས་འབད་འབུངས་གནང་ཚེ་མི་འགྱངས་པར་དགེ་འདུན་པ་རེ་རེ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སླར་གསོའི་ཨེམ་རྗེ་རེ་རེར་འགྱུར་མི་སྲིད་པའང་མ་རེད།
འགྲོ་བ་མིའི་རིགས་ཀྱི་མདུན་དུ་ལྷགས་ཀྱིན་པའི་དཀའ་ངལ་གཞན་གཅིག་ནི་ཁོར་ཡུག་གི་ཉམས་ཉེན་ཡིན་པས། བོད་ཀྱི་ཁོར་ཡུག་ནི་དངོས་པོའི་རིག་གནས་ཀྱི་ཡ་གྱལ་ཞིག་དང་ས་བབས་ཀྱི་ཆ་ནས་འཛམ་གླིང་ལྷོ་བྱང་གཉིས་ཀྱི་གནམ་གཤིས་ལ་སྙོམ་སྒྲིག་གི་ནུས་པ་ཐོན་བཞིན་པར་མ་ཟད། ཨེ་ཤི་ཡའི་གཙང་བོ་ཆེན་པོ་བཅུ་ཡི་འབྱུང་ཁུངས་སུ་གྱུར་ཡོད་སྟབས། རྒྱ་གར། རྒྱ་ནག པཱ་ཀི་སི་ཐན། བལ་བོ། འབྲུག འབར་མ། བེ་ཐུ་ནམ། ཐའེ་ལན་ཊི་སོགས་ཀྱིས་མཚོན་པའི་ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གི་ཧ་ལམ་མི་འབོར་དུང་ཕྱུར་སུམ་ཅུ་ལྷག་གི་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་ལ། རྒྱུས་པར་གཟིགས་འདུན་ཡོད་རིགས་ནས་ཕྲན་གྱིས་ཕྱི་ལོ ༢༠༠༦ལོར་སྤེལ་བའི་རྩོམ་ཡིག་དབྱིན་འགྱུར་མ༼ Two sides of Tibet ༽འདི་བཞིནgoogle བརྒྱུད་ནས་འཚོལ་ཀློག་གནང་རོགས།
དེང་སྐབས་ཨེ་ཤི་ཡ་དཀྱིལ་མར་རྡོ་སྣུམ་འཕྲོག་རྩོད་ཀྱི་གཡུལ་འགྱེད་བྱུང་བཞིན་པ་ལྟར་མ་འོངས་པར་བོད་ཀྱི་ཆུ་བོ་འཕྲོག་རྩོད་ཀྱི་གཡུལ་འགྱེད་བྱུང་མི་སྲིད་པའང་མིན་པས། བོད་རིག་པའི་དར་སྤེལ་དང་བསྟུན་ནས་གནད་དོན་འདིའི་རིགས་ལའང་ངོ་འཕྲོད་ཐུབ་ཀྱི་ཡོད་པའི་ཁར། བོད་རིག་པས་སེམས་ཀྱི་དཀའ་ངལ་སེལ་ཐུབ་པ་ལས་བརྒལ་ནས་ལུས་ཀྱི་དཀའ་ངལ་སེལ་ཐུབ་པའི་གནས་རིམ་སྒང་འཕོ་བསྐྱོད་བྱས་ཡོད་པ་དང་། ལུས་སེམས་གཉིས་ཀྱི་དཀའ་ངལ་སེལ་བར་ཕན་པའི་རིག་གནས་ཤིག་གི་བདག་པོ་ཚོར་མཚོན་ན། གོ་སྐབས་དང་འགྲན་སློང་མཉམ་གནས་སུ་ཡོད་པའི་དུས་རིམ་ཞིག་བརྒྱུད་དགོས་ཀྱི་ཡོད།
རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་པ་ནང་བཞིན༼ དེང་སང་སློབ་གྲྭ་ཆེན་མོ་མང་པོ་ཞིག་གིས་ཁོང་ཚོའི་སློབ་གྲྭར་ཡོང་རོགས་ཞེས་འབོད་སྐུལ་བྱེད་མཁན་མང་པོ་ཡོང་གི་འདུག དེ་ནི་ཁོང་ཚོས་ང་ཆོས་བཤད་དུ་ཡོང་རོགས་ཞེས་བརྗོད་ཀྱི་མེད། ངོས་ཀྱིས་མིའི་སེམས་ནང་ཇི་ལྟར་བྱས་ཏེ་བདེ་སྐྱིད་ཡོང་ཐབས་བྱེད་དགོས་པའི་སྐོར་བཤད་པ་ལས་ནང་པའི་ཆོས་ཤོད་ཀྱི་མེད། ཡང་ནང་པའི་ཆོས་ནས་བཤད་པའི་ནང་པའི་ཚན་རིག་གི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དེར་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་མི་མང་པོས་དགའ་མོས་བྱེད་པའི་སྐབས་འདིར་ཏཱ་ལའི་བླ་མ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད་ཟེར་བ་དེ་མཚམས་བཞག་ན། ང་ཚོ་ནམ་རྒྱུན་ཚོགས་འདུ་ཚོགས་ཏེ་ཚོགས་འདུ་གྲོལ་བའི་སྐབས་སུ་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་བ་ཡིན་ཟེར་བ་བཞིན། ྋརྒྱལ་དབང་ལྔ་པ་ནས་བཟུང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ནས་མི་ལོ་བཞི་བརྒྱར་ཉེ་བ་ཕྱིན་པ་དེ་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱེད་རྒྱུ་བྱུང་ན་གཟི་བརྗིད་རེད། ངོས་ཀྱི་བསམ་ཚུལ་འདི་ཡིན། དེ་ནི་ངོས་ཀྱིས་ཐག་བཅད་ཐུབ་པ་ལས་གཞན་སུ་ཞིག་གིས་ཀྱང་ཐག་གཅོད་ཐུབ་ཀྱི་མ་རེད། ཐག་གཅོད་ཐུབ་མཁན་དེས་ྋརྒྱལ་དབང་ལྔ་པ་ཆེན་པོས་དབུ་བཙུགས་པ་དེ་ྋརྒྱལ་དབང་གི་སྐྱེ་ཕྲེང་ཞིག་གིས་ཐག་བཅད་པ་ཡིན། དེ་ལ་འགྱུར་བ་འགྲོ་རྒྱུ་དང་ཤོད་རྒྱུ་གང་ཡང་བསྡད་མེད། ངོས་ནས་དེ་གཅིག་ཤོད་འདོད་བྱུང་། … … ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བར་དུ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ལས་ཆབ་སྲིད་ཀྱི་འགན་མེད་ཅིང་། དགའ་ལྡན་ཕོ་བྲང་ནི་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ནས་ཚུགས་པ་དང་། ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པར་ཆོས་ཕྱོགས་ཁོ་ནའི་ཐོག་ནས་དངོས་གནས་སྤྱི་མོས་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད། ངོས་ནས་ཀྱང་དེ་བཞིན་ཚེ་སྨད་ཆོས་ཕྱོགས་ཀྱི་ཐོག་ནས་སྤྱི་མོས་ཡོད་པའི་འགོ་ཁྲིད་ཅིག་བྱས་ཏེ་ངོས་ཀྱིས་ཞབས་འདྲེན་ཞུས་མི་ཡོང་། དེ་ལྟར་ངོས་ཀྱིས་ཞབས་འདྲེན་མ་ཞུས་པར་ཧུར་ཐག་འབད་ཐག་བྱས་ནས་བསྡད་ན་སྤྱི་མོས་དེ་ཕལ་ཆེར་མུ་མཐུད་གནས་ཀྱི་རེད༽ཞེས་པ་རང་ཆགས་ཡོད།
༢ མི་རིགས་ཀྱི་མདུན་ལམ།
རྒྱལ་བ་རིན་པོ་ཆེ་མཆོག་དོན་ལ་བོད་རིག་པའི་མཚོན་དོན་བླ་ན་མེད་པ་དེ་ཡིན་པ་དང་། བོད་ཀྱི་སློབ་གསོ་རིག་པའི་གྲུབ་དོན་ཆེས་མཐོ་བ་དེ་ཆགས་ཡོད་པས། ཁོང་ལ་སྤྱི་མོས་ཡོད་པའི་འགོ་ཁྲིད་ཀྱི་ནུས་པ་དེ་མུ་མཐུད་དུ་གནས་པ་ནི་བོད་རིག་པར་སྤྱི་མོས་ཡོད་པའི་གནས་བབ་གསར་བ་ཞིག་ཡོང་རྒྱུའི་མཚོན་པའི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་བསྐྲུན་ཟིན་པ་དེ་ཡིན་སྟབས། ཤུགས་རྐྱེན་འདི་བཞིན་ཇི་སྲིད་བོད་མི་རང་ངོས་ནས་ཐ་གཅིག་ཏུ་ཞབས་འདྲེན་མ་ཞུས་པར་དུ་གནས་ཐུབ་པར་གོར་མ་ཆག་པ་ཞིག་ཡིན་ལ། གོང་ཞུས་ལྟར་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་གཉིས་ཐད་ཀྱི་དཀའ་ངལ་སེལ་བའི་གོ་སྐབས་ཤིག་རིམ་གྱིས་བོད་མི་རྣམས་ཀྱི་མདུན་དུ་ལྷགས་ཀྱིན་པས། གོ་སྐབས་དང་འགྲན་སློང་མཉམ་གནས་ཀྱི་གནས་བབ་དེ་བཞིན་མི་རིགས་ཤིག་ལ་མཚོན་ན་མདུན་ལམ་འོད་དུ་འཚེར་བ་ཞིག་མ་རེད་ཅེས་བཤད་མཁན་མེད་པར་འདོད།
ཚང་མས་ཤེས་དགོས་པ་ནི་རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་རྩིས་སྤྲོད་བྱས་མ་ཐག་ནས་གོང་བཀོད་ཤུགས་རྐྱེན་དག་གློ་བུར་དུ་འབྱུང་རྒྱུ་རེད་ཅེས་བཤད་ཀྱི་མེད་པར་ཁོང་གིས་སྲིད་འགན་རྩིས་སྤྲོད་ཀྱི་རྒྱུ་ལ་བརྟེན་ནས་རྐྱེན་དམིགས་བྱ་མཐའ་དག་ལམ་ལྷོང་གི་ཕྱོགས་སུ་བསྐྱོད་ཀྱི་ཡིན་པའི་ཁར། རིམ་པས་འབྲས་བུ་སྔ་ན་མེད་པ་ཞིག་འབྱུང་རྒྱུ་ཡིན་པས། དུས་རིམ་དེ་ནི་མི་རིགས་ཤིག་ལ་མཚོན་ནའང་། བྱ་བ་ཡར་འགྲོ་དང་རླུང་རྟ་ཡར་དར་གྱི་ལམ་ནང་ལྷགས་ཟིན་པ་ཞིག་ཅིས་མ་ཡིན།
སྐུ་དབང་ལོ་ལྔ་ཚན་རེ་ཡི་ནང་འོས་འདེམས་བྱེད་ཀྱིན་པའི་བཀའ་ཁྲིའམ་དབུ་ཁྲིད་དང་ཁྲིམས་ཁང་། གྲོས་ཚོགས་ལ་ཕུལ་བཞིན་པས། འབྱུང་འགྱུར་ལོ་ལྔ་ཚན་ཁ་ཤས་ནང་འཁོར་བསྐྱོད་དེ་བཞིན་རང་མགོ་རང་ཐོན་ཞིག་ལ་དམིགས་ཡོད་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པས། སྐུ་མ་བཞུགས་པའི་ཕྱི་ཉིན། ད་ལྟ་པཱ་ལི་སི་ཐན་ནང་བཞིན་ཕྱོགས་ཁག་གཉིས་སུ་གྱེས་ནས་ནང་འཁྲུག་ཡོང་བཞིན་པ་ལྟ་བུའི་རིགས་བོད་པ་ནང་ཁུལ་ལ་བྱུང་བར་སྔོན་འགོག་གནང་ཐུབ་ཡོད་ལ། ལྟོས་ས་ལྟོས་འཇོག་གིས་མང་མོས་འོས་འདེམས་ཁྲོད་ལྷགས་པའི་དབུ་ཁྲིད་དེ་བོད་ཀྱི་གནད་དོན་གྱི་མགྲིན་ཚབ་པར་བཀུར་གྱི་རེད་ལ། གལ་སྲིད་ཡག་པོ་ཞིག་མ་ཡོང་ཚེ་ལོ་ལྔའི་རྗེས་ནས་སླར་ཡང་གསར་བ་ཞིག་གདམ་ག་བྱེད་ཆོག་གི་ཡོད་སྟབས། བོད་མིར་ཨ་གསར་ཚ་བོ་ཡོད་པའི་བསམ་བློ་འཁྱེར་ཕྱོགས་དེར་ཡང་མཐུན་གྱི་ཡོད་ལ། དོན་དངོས་ཀྱི་སྟེང་ནས་བོད་མི་ཚོས་ལོ་ལྔ་ཚན་རེ་ཡི་ནང་དུ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་དོན་མ་འདས་སྤྲུལ་སྐུ་རེ་རེ་གདམ་ག་བྱེད་ཀྱི་ཡོད་པས། སྔ་མ་སྔ་མས་ཕྱི་མ་ཕྱི་མར་ཁོང་གི་ཐུན་མོང་མ་ཡིན་པའི་སྲིད་དོན་སྒྱུ་རྩལ་གྱི་ཤུགས་རྐྱེན་བསྐྲུན་སྲིད་པའང་སྨྲོས་མ་དགོས་པ་ཞིག་རེད།
སྐུ་དབང་རྩིས་སྤྲོད་འདིས་པེ་ཅིན་སྲིད་གཞུང་ལ་ལག་པ་འཆིང་ས་མེད་པ་ཞིག་བཟོས་ཡོད། གལ་སྲིད་སྐུ་དབང་མུ་མཐུད་གནས་པའམ། ཡང་ན། ཐེ་གཏོགས་ཀྱི་ལམ་ཁ་ཞིག་ལྷག་ཚེ། པེ་ཅིན་སྲིད་གཞུང་གིས་མ་འོངས་པར་ཡང་སྲིད་རྫུན་མ་ཞིག་གདམ་རྗེས། དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་གནད་དོན་སྟེང་ཇུས་གཏོགས་མང་པོ་ཞིག་བྱེད་དུ་འཇོག་ངེས་པར་མ་ཟད། སྐབས་དེ་ཤེད་དུ་བོད་མི་ཚོར་ལམ་ཁ་འཚོལ་དུ་མེད་པ་ཞིག་ཏུའང་གྱུར་ཡོད།
རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུམ་ཅུའི་དུས་དྲན་ཐེངས ༥༢གསུང་འཕྲིན་ནང༼མི་ལོ་དྲུག་ཅུ་བརྒལ་བའི་རིང་རང་དབང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པར་མ་ཟད། གཞོན་སྐྱེས་མི་རབས་གསར་པ་གནའ་བོའི་རང་དབང་བོད་ཀྱི་གནས་བབ་རྒྱུས་མངའ་མེད་པ་ཚོས་ཀྱང་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་བྱེད་བཞིན་ཡོད་པ་ནི་ངོ་མཚར་བསྔགས་འོས་ཀྱི་གནས་དང༌། བོད་མི་རིགས་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་བྱས་རྗེས་བཅས་ཡིན་པས་ལེགས་སོའི་དབུགས་དབྱུང་ཡོད༽ཅེས་ནན་གྱིས་བསྔགས་བརྗོད་གནང་བ་ལྟར། སྲིད་འགན་རྩིས་སྤྲོད་འདི་བཞིན་མི་རབས་གསར་བར་ཡིད་ཆེས་དང་བློས་འཁེལ་གྱི་རྒྱུ་རུ་གྱུར་ཡོད་པས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་ཇི་དགེའི་ཐད་གཞོན་སྐྱེས་མི་རབས་ཀྱིས་འགན་རང་ལེན་དང་ང་ཡིན་ཁོ་ཡིན་ཟེར་མཁན་གྱི་རང་དབང་རྩོད་ལེན་ལ་སྣེ་ཁྲིད་ནུས་པའི་མི་སྣ་ཉུང་མཐར་འབུམ་ཕྲག་དུ་མ་བྱུང་བའི་རྨང་གདན་ནམ། ཇུས་ཆེན་གསར་བ་ཞིག་གི་སྒོ་མོར་གྱུར་ཡོད།
དང་པོ་༧གོང་ས་མཆོག་གིས་དགོང་ལོ་༡༦ སྟེང་སྲིད་འགན་བཞེས་དུས་སྲིད་ཀྱི་གནས་སྟངས་ཅི་འདྲ་ཞིག་ཡིན་པ་ལ་རྒྱུས་ལོན་ཞིབ་འཇུག་བྱས་པ་ནས་འགོ་བཙུགས་ན་ཆ་ཚང་བ་ཡོང་གི་རེད།
ཁ་བྱང་འདིའི་འོག་ཏུ་རྩོམ་མི་འདུག དེའི་རྐྱེན་གྱིས་ངས་འདི་ལྟར་བྲིས་པ་ཡིན།
རྩོམ་སྒྲིག་པ་ལགས། རྩོམ་ཡིག་གི་ཁ་བྱང་ལས་གཞན་ཡོང་གི་མི་འདུག
འོག་མ་འཆར་ཐུབ་གྱིན་མི་འདུག
ལྷ་སྡེ་གནམ་ལོ་ཡག་ནས་རྩོམ་ཡིག་མི་སེམས་མགུལ་བ་ཞིག་རྩམ་ཡོད་ངེས་མཉམ་ནས་བལྟ་ཞིབ་བྱས་པས་ཁ་བྱང་ལས་མེད་པ་ཧ་ཅང་ཡ་མཚན་དང་འབྲེལ་དེ་ནི་སྙན་ངག་གསར་པ་ཞིག་རེད་མཉམ་བྱུང།
རྩོམ་སྒྲིག་པ་ལགས། གལ་སྲིད་རྩོམ་ཡིག་རིང་དྲགས་ན་སྟོད་སྨད་གཉིས་སུ་དབྱེ་ནས་གཏོང་རོགས། སྟོད་ཆའི་ཁོངས་སུ་སྔོན་གླེང་དང་རྒྱབ་ལྗོངས། ཤུགས་རྐྱེན་དང་། སྨད་ཆའི་ཁོངས་སུ་རྗེས་འཕྲོས་དང་མཇུག་བསྡུ་གཉིས་འཇོག་གནང་ཡོད་པ་ཞུ།
འོ་འདིནས་འཆར་གིན་མི་འདུག དུས་བབ་ཚང་ནས་ཀློགས་ཟིན། ཁ་བརྡ་ཚང་གིས་བཀོད་སྟངས་ནོར་བ་འདྲ། སྐུ་མཁྱེན་མགྱོགས་ཙམ་བཟོ་རོགས་གནམ་ལོ་ཡག་འཚབ་ཀྱིན་འདུག་ཀློག་མཁན་ཚོའི་ཁ་གདངས་འདུག
ཁ་བརྡ་ཚང་ལགས། ཁྱེད་རང་ཚང་གི་དྲ་བ་ནས་རྩོམ་ཡིག་འདི་འཆར་མི་ཐུབ་གི་ཅིག་བཟོ་རོགས་གནང་། ཅིག་ལྟ་ན་འདོད་གི
གནམ་ལོ་ཡག་ལགས།ངས་ཁྱོད་ལ་རིན་ཐང་གང་འཚམ་འཇོག་མྱོང་ཡོད་ལ།དེ་ནི་ཉིད་ཀྱིས་བོད་ཀྱི་ཆེད་དུ་བོད་དུ་ལས་ཀ་བྱས་པ་དང་།དེ་བཞིན་ཤེས་ཡོན་ཅན་གྱི་གྲས་ཡིན་པས་རེད།ད་ཡིན་ནའང་ཀླུ་མཁར་བྱམས་ཀྱི་ཐད་ནས་རྦད་དེ་སྐུ་ཉིད་ཕྱོགས་སུ་ལྷུང་སོང་།མཐའ་གཅིག་ཏུ་ཀླུ་བྱམས་དཀར་པོ་སྒྲུབ་རྐྱང་བྱས་སོང་།དེའི་དབང་གིས་སྐུ་ཉིད་ཀླུ་བྱམས་དང་མཉམ་དུ་ཉམ་འགོ་བརྩམས་སོང་།བདེ་མོ།ཨ་ཁུ་ཡག་ལགས།
ཚང་མ་ཕེབས་པར་དགའ་ཡོད། བགྲོ་གླེང་མུ་མཐུད་དུ་གནང་རོགས།
༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་ཐད་ལ་ཁོ་བོས་རྗེས་སུ་ཡི་རངས་ཞུ་ཡི་ཡོད། གངས་ཡིན་ཟེར་ན་ཁོང་ཉིད་དགུང་ལོ་ཐོན་པོ་སོན་པས་རྗེས་ཕྱོགས་ཀྱི་རྩ་དོན་རྩོད་ཕྱོགས་ཀྱི་བསྒྲིགས་འཛུགས་ཐད་ལ་འཕོ་འགྱུར་ཆེན་པོ་སོང་བས་སྔོན་༧གོང་ས་མཆོག་ཞུགས་མེད་པ་དང་ནར་མ་སོན་པའིསྐབས་ཀྱི་འཐུས་ཤོར་དེ་ལྟ་བུ་ཕྱིན་ཆད་མི་ཡོང་བ་དང་། རྩ་དོན་རྩོད་ཕྱོགས་ཐད་མི་དམངས་ནས་འགན་འཁུར་ཨང་གསར་ཆེ་རུ་སོང་བ་སོགས་མང་གཙོ་ཡང་དག་ལྡན་པའི་བསྒྲིགས་འཛུགས་དོན་ལྡན་ཞིག་ཆགས་སོང་བསམ། མ་ཟད་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་བཞིས་སྲིད་དབང་བཟུང་མེད་པས་ཏཱ་ལའི་བླ་མ་སྐུ་ཕྲེང་ཕྱི་མར་དེ་ལྟ་བུའི་ལམ་ཁ། བླ་མ་དང་རྒྱལ་པོས་མགོ་ཁྲིད་བཟུང་བའི་དུས་ཚོདཡོལ་ཟིན་གསུངས་པ་སོགས་ནི་ཁོ་བོས་གསུངས་ཀྱི་བདུད་རྩི་མཐོང་ངོ་།།
དེ་རིང་རྩོམ་འདི་ཡང་བསྐྱར་ཀློག་རྒྱུ་བྱུང་། སྐབས་དེར་ལྷ་སྡེ་ནས་རྗེས་སུ་འོས་བསྡུ་ལ་རྙོག་གྲ་འདི་འདྲ་མང་པོ་ཞིག་འབྱུང་རྒྱུ་ཡིན་པ་ཡིད་ལ་ཤར་ཡོད་ཀྱི་མ་རེད། རྩོམ་འདིར་ཁ་གསབ་རྒྱག་རན་འདུག