༣ དབང་ཞེན་རིང་ལུགས་པར་ཆོག་ཤེས་ངོ་འཕྲོད།
དབང་ཞེན་རིང་ལུགས་པ་ནི་དབང་ཆ་གཅིག་སྡུད་ཀྱིས་རང་ཉིད་བདེན་དོན་གཅིག་པུར་འཛིན་བཞིན་པའི་དབང་བསྒྱུར་མཁན་ལ་གོ་དགོས་ཤིང་། དབང་བསྒྱུར་མཁན་དེར་མི་རྣམས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཁག་ཅིག་གིས་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་སླད་དུ་དབང་བསྒྱུར་མཁན་དེ་ལྷ་རུ་བསྒྱུར་བ་དང་ལྷ་དེར་འཁྲུལ་བ་མེད་པར་བསྒྲགས་པའི་ཁེ་བཟང་ལེན་མཁན་ཕྱོགས་ཁག་ཀྱང་ཚུད་ཀྱི་ཡོད། དེ་དག་གི་བྱུང་སྟངས་ཀྱི་ཆ་ནས་ལྟ་སྐབས། དབང་ཆ་གཅིག་སྡུད་མཁན་སྤྱི་ལ་རང་ཉིད་ལྟོས་མེད་ཀྱི་བདེན་ལུགས་ལ་འཛིན་བཞིན་པའི་ནད་ཚ་འདི་ཡོད་པར་མ་ཟད། ཁེ་བཟང་ལེན་མཁན་ཕྱོགས་ཁག་གིས་ལྷ་རུ་བསྒྱུར་གང་ཐུབ་བྱས་པའི་ཤུགས་རྐྱེན་ཡང་ངེས་ཅན་ཞིག་ཐེབས་ཀྱིན་འདུག དཔེར་ན། མའོ་ཙེ་ཏུང་གིས་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་ནང་དུ༼རིག་གནས་གསར་བརྗེ་ཆེན་མོ༽སྤེལ་ཏེ་སྔར་གྱི་འཐབ་གྲོགས་མང་ཆེ་ཤོས་རྨེག་མེད་དུ་བཏང་བ་དང་དེས་ཉེར་ལེན་གྱིས་ཁོ་བོར་ཁེ་བཟང་ལེན་མཁན་ཤོག་ཁག་གིས༼ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད། རླབས་ཆེན་གྱི་སློབ་དཔོན། རླབས་ཆེན་གྱི་དེད་དཔོན། རླབས་ཆེན་གྱི་རུ་འདྲེན་པ༽ཞེས་ལྷ་རུ་བཟོ་བཞེངས་བྱས་ཡོད་ཅིང་། དེ་དུས་ནས་མའོ་ཙེ་ཏུང་རང་ཉིད་ཀྱིས་ཀྱང་རང་ཉིད་ལྟོས་མེད་ཀྱི་བདེན་ལུགས་ཤིག་ཏུ་ལྟ་བཞིན་པ་གསལ་བོ་རེད།
ཕྱི་ལོ ༡༩༧༡ལོའི་ཟླ ༢ནང་ཨ་རིའི་གསར་འགོད་པ་སི་ནའོ(Edgar Snow)ལགས་ལ་མའོ་ཙེ་ཏུང་གིས་གནམ་བདེ་སྒོ་མོ་ཆེ་ཡི་མཁར་ཁ་ནས་ཐུག་འཕྲད་བྱས་ཡོད་ཅིང་། སི་ནའོ་ལགས་སྔར་ཕྱི་ལོ ༡༩༣༦ལོར་ཅིན་ཀང་རི་བོའི་དམར་དམག་ལྟེ་གནས་འཚམས་འདྲིར་བསྐྱོད་མཁན་ཐོག་མ་དང་གུང་ཁྲན་ཏང་གི་གསར་བརྗེ་ལས་འགུལ་ནུབ་ཕྱོགས་སུ་ཁྱབ་བསྒྲགས་བྱེད་མཁན་དུ་གྱུར་ཡོད་པས། མའོ་ལ་མཚོན་ན་སི་ནའོ་ནི་ནུབ་ཕྱོགས་ཀྱི་གྲོགས་པོ་ཡག་ཤོས་དེ་ཡིན་པ་རེད། དེ་བས། མཁར་ཁ་ནས་མའོ་ཡིས་སི་ནའོ་ལགས་ལ་བཤད་དོན། ༼གཅིག་བྱས་ན་མི་ལོ ༥༠༠རྗེས་ཀྱི་མི་རྣམས་མར་ཁེ་སི་དང་ལེ་ཉིན། སི་ཏ་ལིན་དང་ང་ཚོའི་བྱེད་སྟངས་ལ་གད་མོ་འཆོར་སྲིད༽ཅེས་རང་ཉིད་ཀྱི་བྱེད་སྟངས་ཉུང་མཐར་མི་ལོ ༥༠༠རྒྱུན་གནས་ཐུབ་པར་ཡིད་ཆེས་འཆང་ཡོད། དགོད་བྲོ་བ་ཞིག་ནི་དེའི་རྗེས་ཀྱི་མི་ལོ ༥རྗེས་རང་ཉིད་གྲོངས་པ་དང་བསྟུན་ནས་ལྕམ་ཅང་ཆེན་གྱིས་མཚོན་པའི་ནང་མི་དང་བློ་ཉེ་ཚོ་བཙོན་ཁང་དུ་ཚུད་ཡོད་པར་མ་ཟད། ༼རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ༽བསྙོན་འབྱིན་བྱས་ཏེ་མའོ་ཙེ་ཏུང་གི་བྱེད་བབས་ཆ་ཚང་ལས་བདུན་བདེན་པ་དང་གསུམ་ནོར་འཛོལ་དུ་བཞག་འདུག དོན་ལ་མིང་ཙམ་གྱི་དར་ཆ་མ་གཏོགས་ཆ་ཚང་དགོད་བྲོ་བའི་ཁོངས་སུ་གཡུགས་ཡོད།
དཔེར་མཚོན་ཡག་ཤོས་གཞན་གཅིག་ནི། དེང་སྐབས་དབང་ཞེན་གྱི་དབང་གིས་ལོ་ངོ ༤༢རིང་ལི་བྷི་ཡར་དབང་བསྒྱུར་བྱས་ཀྱང་ད་དུང་མ་ཚིམས་པར་དམངས་གཙོ་འགོག་པའི་འཕག་འཚག་རྒྱག་ཀྱིན་པའི་ངྒ་ཊ་ཧྥེ(Omar Mouammer al Gaddafi)རེད་ལ། ཁོ་རང་དམག་མིའི་སློབ་གྲྭ་སློབ་མཐར་ཕྱིན་པ་དང་སློབ་གྲྭར་ཡོད་སྐབས་གསང་བའི་རྩ་འཛུགས༼དམག་མིའི་རང་དབང་རྩ་འཛུགས༽ཀྱི་རྨང་གདན་འོག་ཕྱི་ལོ ༡༩༦༡ལོའི་ཟླ ༩ཚེས ༡ཉིན་རྒྱལ་པོ་འཚམས་གཟིགས་ལ་ཕེབས་ཤུལ་དང་བསྟུན་ནས་སྲིད་འགྱུར་བསླངས་ཏེ་ལི་བྷ་ཡར་དབང་བསྒྱུར་ལེགས་འགྲུབ་བྱུང་བ་ཞིག་དང་། དེ་ནས་ཁོ་བོའི་གཏམ་བཤད་དང་ལྟ་བ་ཕྱོགས་བསྡུས་པར་བསྐྲུན་གྱིས༼རྒྱབ་ཤ་ལྗང་ཁུ་ཅན་གྱི་དེབ༽ཅེས་པ་ཐོན་ཡོད་ལ། རང་ཉིད་ལྟོས་མེད་ཀྱི་བདེན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་པ་དེང་སྐབས་ཀྱི་བྱེད་བབ་ལས་གསལ་བོ་ཆགས་ཡོད། དེ་བས། ད་དུང་དམངས་གཙོའི་འགོག་རྐྱེན་དང་མི་དམངས་ཀྱི་མངོན་འདོད་རྡོག་རུལ་དུ་བཏང་ནས་འགྲོ་འདོད་མཁན་ཞིག་ཏུ་གྱུར་ཡོད་པ་གསར་ལམ་ཁག་ལས་མཐོང་གསལ་རེད། ཡིན་ནའང་། དཔལ་འབྱོར་གྱི་ཐད་ནས་ལག་རྗེས་གང་ལ་གང་འཚམས་བཞག་ཡོད། སྐབས་འདིར་དྲི་བ་གཞན་ཞིག་སླེབས་ཀྱིན་པ་ནི་དཔལ་འབྱོར་ཁོ་ན་གཙིགས་འཛིན་གྱིས་དབང་བསྒྱུར་སྲ་བརྟན་བྱེད་ཐབས་ཀྱི་དུས་རབས་ཀྱང་ཡོལ་བཞིན་ཡོད་དམ་ཞེས་པ་འདི་ཡིན།
གོང་དུ་དབང་ཞེན་རིང་ལུགས་པའི་མི་སྣ་གཉིས་ངོ་སྤྲོད་བྱས་པ་བརྒྱུད་ནས་འཛམ་གླིང་སྟེང་དུ་ད་དུང་ཡང་དབང་ཞེན་རིང་ལུགས་པ་མང་པོ་ཞིག་གནས་ཡོད་པ་ཤེས་དགོས་པར་མ་ཟད། དེ་དག་གིས་རང་ཉིད་ལྟོས་མེད་ཀྱི་བདེན་པ་ཞིག་ལ་ངོས་བཟུང་ཡོད་ཅིང་། ཁེ་བཟང་ལེན་མཁན་ཕྱོགས་ཁག་གིས་དེ་དག་ལ་མོས་པ་ཡོད་མེད་གང་ལྟར་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་དང་། སྒོས་སུ་མི་དམངས་ཀྱི་མངོན་འདོད་དང་ལ་རྒྱ་རྡོག་རོལ་དུ་བཏང་ནས་ཡོད་པའི་སྐོར་ཚང་མར་ཞིབ་ཕྲ་ཞུ་མ་དགོས་པ་ཞིག་ཏུ་འདོད།
ཏག་ཏག་སྐབས་འདིར་བོད་མི་ཚོས་ལོ་ངོ་བརྒྱ་ཕྲག་དུ་མར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཀུར་བཞིན་པའི་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་མི་དམངས་ལ་རང་འགུལ་གྱིས་རྩིས་སྤྲོད་གནང་བ་འདིས་འཛམ་གླིང་སྲིད་སྟེགས་སུ་གཡོ་ཡོམ་གསར་བ་ཞིག་བསླངས་ཡོད་པའི་ཁར། དམངས་གཙོ་དང་རང་དབང་གི་ཚ་རླབས་དགུང་དུ་བསྐྱོད་པའི་བསྒུལ་ཤུགས་སུ་གྱུར་ཡོད་ལ། དབང་ཆ་གཅིག་སྡུད་པ་ཚོར་བསམ་གཞིགས་གསར་བ་ཞིག་གཏོང་དགོས་པའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྔ་ན་མེད་པ་ཞིག་ཐེབས་པའི་དབུ་ཚུགས་ཡོད། མ་གཞི་དབང་ཆ་གཅིག་སྡུད་མཁན་ཚོ་ཞི་བདེ་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་པས། འདི་ནི་ཉམས་ཆུང་མང་ཚོགས་ལ་མཚོན་ན། དཀོན་མཆོག་གི་དངོས་གྲུབ་རེད་ལ། ཨ་ལའི་བྱམས་བརྩེ་དང་། ཤཀྱྰ་ཐུབ་པའི་དགོངས་དོན་ཡང་ཡིན་པས། དེང་ཕྱིན་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་རྣམས་ལ་ཇི་ལྟར་ང་རང་མི་ཡིན་ཞེས་གསུངས་ན། དེ་ལྟར་ཁྱེད་རང་བདག་གཞན་མཉམ་བརྗེ་ཡི་ལྷ་རེད་ཅེས་བཀུར་བའི་དུས་རིམ་ཞིག་གི་དབུའང་བརྙེས་ཡོད། དོན་དངོས་སུ་རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་བྱེད་མཁན་ཞིག་ཡིན་ཚེ་འདི་ལས་ལྷག་པ་ཞིག་མེད་པའི་ཁར། ཁོང་གི་གདམ་གར་ཡི་རངས་དང་གུས་བརྩི་མི་བྱེད་མཁན་ཞིག་འབྱུང་མི་འོས་པར་བསམ།
གསུམ། སྲིད་འགན་རྩིས་སྤྲོད་ཀྱི་ལྷག་འཕྲོས།
རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་བའི་རྒྱབ་ལྗོངས་དང་ཤུགས་རྐྱེན་གང་གི་ཆ་ནས་བལྟས་ཀྱང་སྟོན་པ་ཤཀྱཱ་ཐུབ་གཉིས་པ་ཞིག་བོད་ཀྱི་བགོ་སྐལ་དང་འཛམ་གླིང་སྤྱི་སྐལ་དུ་གྱུར་ཡོད་པས། མ་གྱུར་སེམས་ཅན་མ་རུ་བསྒོམ་པ་དང་བདག་གཞན་མཉམ་བརྗེ་སྤྱི་བོར་བཀུར་བཞིན་པའི་བོད་མི་ཞིག་ཡིན་ཕྱིན་བོད་ཀྱི་མཚོན་རྟགས་དང་མགྲིན་ཚབ་པ་གནང་རོགས་ལྟ་བུའི་ཨུ་ཚུགས་དོར་འོས་པར་མ་ཟད། དེ་དག་པེ་ཅིན་སྲིད་གཞུང་གི་འདོད་ཐོག་དང་རླབས་ཆེན་དགོངས་གཞི་ལེགས་འགྲུབ་བྱུང་བའི་བར་ཆད་དུ་འགྱུར་མི་སྲིད་པ་མིན་པས། ད་ལྟ་རྒྱལ་བ་རིན་པོ་ཆེ་ཡིས་གསུངས་ཟིན་པ་ལྟར༼དཀའ་ངལ་འཕྲལ་སྐབས་ངོས་ཀྱིས་གཞོགས་འདེགས་གནང༽ཞེས་པར་ཡིད་ཆེས་གཙང་བཅོལ་བྱེད་རན་ཡོད་པ་གནས་དུས་གང་གི་ཆ་ནས་ཀྱང་སྐབས་སུ་བབས་ཡོད་པ་ཞིག་ཡིན། མེས་པོ་གོང་མ་ཚོས་ཀྱང༼བོད་ཚིག་ཐོག༽ཅེས་པའི་གདམས་པ་འདི་ཕྱི་རབས་པར་བཞག་ཡོད་པས། ཚིག་ཐོག་ལས་ཡིག་ཐོག་ཏུ་ཅི་ཡང་ཕབ་མི་དགོས་པ་ཞིག་ཏུ་འདོད།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་བཤད་སྟངས་རིགས་ཤིག་ལ་དགག་རྒྱག་མ་ཡིན་པའི་དབྱེ་ཞིབ་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་འཚོལ་རྒྱུའང་རྩོམ་འཁྱོག་འདི་འབྲི་དགོས་པའི་བསམ་བྱ་གཙོ་བོ་གཞན་གཅིག་ཡིན་ཞིང་། གཤམ་དུ་རྒྱལ་བ་རིན་པོ་ཆེ་མཆོག་གིས་བགྲེས་ཡོལ་ལམ་སྲིད་འགན་རྩིས་སྤྲོད་གནང་རྗེས། འཕྲད་སྲིད་པའི་ཉེན་ཁ་ཁག་ཅིག་འདུག་ཅེས་པའི་སེལ་ཐབས་འབྲི་ཨེ་ཐུབ་ལ་བརྩོན་པ་བསྐྱེད་རྩིས་ཡིན།
༡ ༼ ཡང་དག་པའི་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་ལག་བསྟར་ཡོང་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད་རེད། དང་པོ་དེར་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཡོད་པ། གཉིས་པ་བསླབ་བྱ་ལྡན་པའི་སྤྱི་ཚོགས་ཡོད་པ། གསུམ་པ་ཡང་དག་པའི་སྲིད་དོན་གྱི་ལྟ་གྲུབ་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ད་ལྟ་ང་ཚོའི་བོད་མི་ཚོ་ལ་ྋགོང་ས་མཆོག་ལྟ་བུའི་མངོན་པར་བྱང་ཆུབ་པའི་དབུ་ཁྲིད་ཅིག་ཡོད་ཀྱང༌། མ་འོངས་པར་དེ་འདྲའི་དབུ་ཁྲིད་ཅིག་རྙེད་ཐབས་མེད་པ་ཞིག་གཟིགས་ཀྱི་ཡོད།༽
དྲི་བ་འདི་བཞིན་ཕྱོགས་གཅིག་ནས་བདེན་པ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ལྟ་བུའི་དབུ་ཁྲིད་ཅིག་བསྐྲུན་པར་ཕྱི་ནང་གི་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་ཀྱི་ཡོད་པར་མ་ཟད། ཡུལ་དུས་གནས་བབ་སོགས་ལའང་རག་ལས་ཀྱི་ཡོད་པ་གསལ་བོ་རེད། ཕྱོགས་གཞན་གཅིག་ནས་བཤད་ན། དམངས་གཙོའི་སྤྱི་ཚོགས་ནང་དུ་འོས་འདེམས་ཀྱི་ལམ་ནས་དབུ་ཁྲིད་ཡོང་གི་ཡོད་པས། རྒྱལ་བ་རིན་པོ་ཆེ་ལྟ་བུའི་མཁས་བཙུན་བཟང་གསུམ་འཛོམས་པའི་དབུ་ཁྲིད་ཅིག་བསྐྲུན་རྒྱུའང་དུས་ཀྱི་བཀག་རྒྱ་ངེས་ཅན་ཞིག་ཡོད་པ་རེད།
འོ་ན། ད་ག་རེ་གནང་དགོས་པ་རེད་དམ། བོད་ཀྱི་གཏམ་དཔེ་ཞིག་གིས་ཚང་མར་བློ་སྒོ་གསར་བ་ཞིག་འབྱེད་ཐུབ་ཀྱི་ཡོད་པར་མ་ཟད། མེས་པོ་གོང་མ་རྣམས་ཀྱིས་ཕྱི་རབས་པར་བཞག་པའི་ཉམས་མྱོང་ཕྱོགས་བསྡོམས་ལ་ཡིད་སྨོན་འཆོར་དགོས་པ་ཞིག་ཀྱང་ཆགས་ཡོད།
༼ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ༽ཞེས་པ་འདིར་གནའ་རབས་ཀྱི་ཉམས་མྱོང་དང་དེང་རབས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་ཡོད། ད་ལྟ་སླེབས་ལ་ཉེ་བའི་བཀའ་ཁྲི་ཡིན་ནའང་འདྲ། འབྱུང་འགྱུར་སླེབས་འགྱུར་གྱི་བཀའ་ཁྲི་སུ་ཡིན་ཡང་ཕྱི་འབྲེལ། ནང་སྲིད། སློབ་གསོ། དཔལ་འབྱོར། འཕྲོད་བསྟེན། བདེ་སྲུང་སོགས་ཁྱབ་ཁོངས་རེ་རེའི་ཐད་ཆེད་ལས་མཁས་པས་གྲུབ་པའི་བློ་འདོན་ལྷན་ཚོགས་འཛུགས་འོས་ཤིང་། བློ་འདོན་ལྷན་ཚོགས་ཀྱི་རྣམ་དཔྱོད་བཀའ་ཁྲི་རེ་རེ་ཡི་མཁས་བཙུན་བཟང་གསུམ་གྱི་རྒྱུ་འབྲས་གཉིས་སུ་བརྒྱུད་འགྱུར་བྱེད་ཐུབ་པས། འདས་པའི་རིང་ལ་མི་རང་ལས་མི་འཇོན་པ་བཀོལ་བའི་སྲིད་ཇུས་དེ་བཞིན་མི་རང་ལས་འཇོན་པའམ་ངར་བ་བཀོལ་བའི་སྲིད་ཇུས་ཤིག་གཏན་འབེབས་གནང་བ་ཡིན་ན། ཉུང་མཐར་སྲིད་དོན་གྱི་ཆ་ནས་རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་ཅིག་མི་བརྙེད་པའི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ་ཡོད།
གལ་སྲིད་རྒྱལ་དབང་བཅུ་གསུམ་པ་ཆེན་མོ་མཆོག་གིས་སོག་པོ་རྡོ་རྗེ་དབྱིབས་ལྟ་བུའི་མི་ནུས་པ་ཅན་ཕྱི་འབྲེལ་ཐད་བཀོལ་བའི་སྙིང་སྟོབས་དང་བློ་མིག་ལྡན་མཁན་གྱི་བཀའ་ཁྲི་ཞིག་བྱུང་བ་ཡིན་ན། ས་སྐྱ་པཎ་ཆེན་གྱི་ཞལ་སྔ་ནས༼ཐབས་ལ་མཁས་ན་ཆེན་པོ་ཡང་། བྲན་དུ་བཀོལ་བར་ག་ལ་དཀའ། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་། གེ་སར་ཅན་གྱི་བཞོན་པར་འགྱུར༽ཞེས་པ་རང་ལས་འདའ་མེད་པས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་རེ་བ་གཞན་ཞིག་བསྐྲུན་མི་སྲིད་པའང་མིན།
ཕྱོགས་གཅིག་ནས་ཆེད་མཁས་བློ་འདོན་འཛུགས་སྟངས་དང་བཀོལ་སྟངས། བསམ་ཚུལ་བླངས་ནས་སྲིད་ཇུས་འགོད་སྟངས་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། དེ་དག་ནང་འདྲེན་བྱེད་མ་ཆོག་པ་ཞིག་ཀྱང་ཡོད་མི་སྲིད་པར་འདོད། ཕྱོགས་གཞན་གཅིག་ནས་བཀའ་ཁྲི་སླེབས་ཐེངས་རེ་རེར་བློ་འདོན་ལྷན་ཚོགས་གསར་བ་རེ་རེ་འཛུགས་དགོས་པ་ལས་གཏན་འཇགས་རང་བཞིན་ཅན་ཞིག་འཛུགས་མི་རུང་། དེ་བས། བློ་འདོན་ལྷན་ཚོགས་ཞེས་པ་ནི་བཀའ་ཁྲི་སླེབས་ཐེངས་རེ་ཡི་འཕྲལ་སེལ་གྱི་ཚོགས་ཆུང་ཁ་ཤས་ཡིན་པ་ལས་གཏན་འཇགས་རང་བཞིན་ཅན་གྱི་ངོ་བོར་གནས་མེད་པར་བཀའ་ཁྲི་གསར་རྙིང་བརྗེ་བ་དང་བསྟུན་ནས་བློ་འདོན་ལྷན་ཚོགས་ལའང་འགྱུར་བ་འགྲོ་འོས་པ་ཞིག་ཡིན། དེ་ལ་རྒྱུ་མཚན་གཉིས་ཡོད།
༼༡༽ གལ་སྲིད་བློ་འདོན་ལྷན་ཚོགས་དེ་བཞིན་གཏན་འཇགས་རང་བཞིན་ཅན་གྱི་ངོ་བོར་གྱུར་ཚེ་མི་དེ་དག་གི་བསམ་བློ་ཙམ་ལས་བསམ་བློ་གསར་བ་དང་ལྟ་བ་གསར་བ། ཐབས་ལམ་གསར་བ་ཆེར་འབྱུང་མི་ཐུབ་པའི་ཁར། གཞུང་གི་ཁུར་བོ་ལྷག་མ་ཞིག་ཏུ་འགྱུར་ཉེན་མེད་པའང་མིན།
༼༢༽ དེ་ལྟར་འགྱུར་བའི་ཆོས་ཉིད་གཙོར་འཛིན་གནང་ཚེ་གསར་རྙིང་མཉམ་བསྡེབས་ཀྱིས་ཕྱོགས་གཉིས་སུ་མ་ལྷུང་བར་བཀའ་ཁྲི་རེ་རེ་ཡིས་སྲིད་ཇུས་གཏན་འབེབས་དང་བོད་དོན་མཐོར་འདེགས་ལ་ཕན་ཐོགས་ངེས་ཅན་ཞིག་འབྱུང་ཐུབ་པར་མ་ཟད། ཆེད་ལས་མཁས་པ་གསར་བ་མང་པོ་ཞིག་ལ་གོ་སྐབས་དང་བསྐྱེད་བསྲིངས་ཐད་ནུས་པ་ཆེན་པོ་འདོན་ཐུབ།
༢ ༼ དང་པོ་དེར་རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་དེ་ད་ལྟ་ྋསྐྱབས་མགོན་རིན་པོ་ཆེའི་སྐུའི་སྣང་བརྙན་དང་གཅིག་པ་རེད་མ་གཏོགས། དེ་ལས་གཞན་པའི་གཟུགས་བརྙན་ཞིག་ཡོད་མ་རེད། ྋགོང་ས་མཆོག་ཆབ་སྲིད་ཀྱི་དབུ་མ་ཁྲིད་ནས་ཟུར་བཞུགས་མཛད་པ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་བདེན་པའི་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་རྒྱུ་དང༌། གཟུགས་བརྙན་གསར་པ་བསྐྲུན་ཐུབ་རྒྱུའི་ནུས་པ་ང་ཚོར་ཡོད་དང་མེད། གལ་སྲིད་ཡོད་པ་ཡིན་ནའང་གཟུགས་བརྙན་གསར་པ་བསྐྲུན་རྒྱུའི་དུས་ཚོད་ག་ཚོད་འགོར་གྱི་ཡོད་པ་དེའི་གནས་ཚུལ་དེ་དྲི་བ་ཤུགས་ཆེན་པོ་གཅིག་རེད་བསམ་གྱི་ཡོད།༽
དྲི་བ་ཆེན་པོ་ཞིག་རེད་དེ། བོད་མི་རྣམས་རྒྱུ་འབྲས་མི་བསླུ་བ་ཁས་ལེན་མཁན་ཞིག་ཡིན་པས། རྒྱུ་བོད་ལས་འབྲས་བུ་རྒྱལ་བ་རིན་པོ་ཆེའི་སྐུའི་སྣང་བརྙན་བསྐྲུན་ཡོད་ཅིང་། ད་ལྟ་སྐུའི་སྣང་བརྙན་གྱི་ཆ་གཅིག་དེ་མང་ཚོགས་ཀྱི་གདམ་གའི་སྟེང་འཕོ་བསྒྱུར་གནང་བཞིན་ཡོད་པས། ཤུགས་ཆེ་ཆུང་གི་ཁྱད་པར་འབྱུང་སྲིད་པ་ལས་ཇི་སྲིད་བོད་མིས་རང་ཉིད་རང་གིས་མ་དོར་བར་དུ་བོད་དོན་འཐབ་རྩོད་ཀྱི་གཟུགས་བརྙན་ཉམས་ཆག་འགྲོ་ཐབས་མེད་པ་ཞིག་གི་གནས་རིམ་སྟེང་སླེབས་ཡོད། གཤམ་དུ་དེའི་ཐད་སྐྱ་ཐིག་ཁག་ཅིག་གི་གདོང་རིས་འདེབས་ཀྱི་ཡིན།
༼༡༽ གོང་དུ་སྲིད་འགན་རྩིས་སྤྲོད་ཀྱི་ཤུགས་རྐྱེན་སྐོར་གླེང་སྐབས་བརྗོད་ཟིན་པ་ལྟར་བོད་དོན་འདི་བཞིན་འགྲོ་བ་མིིའི་རིགས་ཀྱི་མདུན་དུ་ལྷགས་ཟིན་པའི་ཁོར་ཡུག་གི་འཇིག་ཉེན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པར་མ་ཟད། དཀའ་ངལ་གཞན་གཅིག་སྟེ། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་སླར་གསོར་ལག་སྐྱེས་འཇོག་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་སོགས་ལ་བསྐྱར་ཟློས་མི་བྱེད།
༼༢༽ བཙན་པོའི་སྲིད་གཞུང་ཉམས་རྒུད་དུ་སོང་བའི་རྗེས་ཀྱི་ལོ་ངོ་སྟོང་ཕྲག་རིང་མི་རིགས་འདིས་ཆོས་ལུགས་ལས་བོད་ཅེས་པའི་རིགས་ཀྱི་འདུ་ཤེས་གཙིགས་འཛིན་གནང་ཐུབ་མེད་མོད། དེང་གི་ཆར་བོད་ནང་དུ་རྒྱ་ནག་པ་གནས་སྤོ་ལས་བོད་མིའི་མ་མཐའི་འཚོ་ཐབས་ཐད་ཉེན་ཁ་བསྐྲུན་བཞིན་པར་མ་ཟད། དབང་བསྒྱུར་བས་རང་དབང་གི་ཁོར་ཡུག་ལ་རྡོག་རོལ་གཏོང་བཞིན་པས། མདོ་དབུས་ཁམས་གསུམ་ནང་གཅིག་གྱུར་རང་བཞིན་གྱི་རིགས་གཅེས་འཛིན་འོས་པའི་འདུ་ཤེས་སད་རྟོགས་བྱུང་ཡོད་པའི་ཁར། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་དངོས་གཞིའི་རྟོག་ཞིབ་འོག་བྲིས་པའི༼ཧི་མ་ལ་ཡའི་གཡོ་ཡོམ༽ལས་གསལ་བོར་བསྟན་ཡོད་པ་ལྟར་ཕྱི་ལོ ༢༠༠༨ལོར་བོད་མི་ཚོས་འཛམ་གླིང་སྟེང་ལག་ལེན་གྱི་སྒང་ནས་བསམ་འདུན་གསལ་སྟོན་གནང་ཡོད། རྒྱུས་པར་ཤེས་འདོད་མཁན་ཚོས་བོད་ཀྱི་བློ་འབྱེད་པ་ཆེན་མོ་ཞོགས་དུང་མཆོག་གི༼གནམ་ས་གོ་འབྱེད༽ལས་དོན་སྙིང་སྐོར་ཤེས་ཐུབ་ལ། སྐུ་ཞབས་སངས་རྒྱས་སྐྱབས་ཀྱིས་གཙོ་གཉེར་གནང་བཞིན་པའི་ཕྱི་དྲིལ་རྒྱ་ཡིག་དྲ་རྒྱ་དང་རྩོམ་པ་པོ་གྲགས་ཆེན་ཚེ་རིང་འོད་ཟེར་ལགས་ཀྱི༼གངས་སེང་གི་ངར་སྒྲ༽ལ་གཟིགས་དང་བྱུང་བ་ཆ་ཚང་གསལ་བོར་ཤེས་ཐུབ།
༼༣༽ དེ་ལས་ཀྱང་ཉམས་དགའ་བ་ནི་ན་གཞོན་ཤེས་ཡོན་པས་དབུ་ཁྲིད་པའི་སྟོབས་ཤུགས་གསར་བ་ཞིག་ཆར་རྗེས་ཀྱི་ཤ་མོ་ནང་བཞིན་བརྡོལ་ཡོང་བཞིན་པར་མ་ཟད། དེང་སྐབས་བོད་སྐད་གཙང་མ་བཤད་པའི་ལས་འགུལ་ཞིག་རིམ་གྱིས་བོད་སྒང་བའི་ཡུལ་ལུང་ཀུན་ལ་ཁྱབ་ཀྱིན་པར་མ་ཟད། རོང་འབྲོག་མང་ཚོགས་ཁྲོད་དུའང་བོད་སྐད་ནང་དུ་གཞན་སྐད་བསྲེས་ནས་བཤད་མཁན་ཚོར་གསོལ་སྟོན་བཤམས་པའི་ཆད་པ་རྒྱག་གི་ཡོད་ཅིང་། གསོལ་སྟོན་ཐེངས་གཅིག་བཤམས་པར་ཉུང་མཐར་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་འགྲོ་ཀི་ཡོད་པས། གཅིག་ནས་སྐད་གཙང་མ་རྒྱག་མ་ཐུབ་པ་ཐད་ཀར་མི་སྒེར་རེ་རེ་ཡི་དཔལ་འབྱོར་གྱི་གྱོང་གུད་ལ་གཏུགས་ཡོད་པ་དང་། གཉིས་ནས་བྱེད་སྟངས་དེ་བཞིན་སྤྱི་མོས་ཡོད་པའི་དར་སོ་ཞིག་ཆགས་ཀྱིན་ཡོད།