སྐྱོ་བྲག་དགའ་དབང་།
དཔལ་འགྲོ་བའི་མགོན་པོ་བཀའ་བརྒྱུད་པ་ཆེ་བཞིའི་ཡ་གྱལ། འབའ་རོམ་བཀའ་རྒྱུད་དུ་གྲགས་པའི་ཆོས་བརྒྱུད་འདི་ཉིད། འགྲོ་མགོན་ཏི་ཤྲི་རས་པའི་བདག་རྐྱེན་ལས་དར་འཕེལ་བྱུང་བ་ཡིན་པར། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་ལས། དཔལ་འབབ་རོམ་པ་ཆེན་པོའི་སློབ་མ་འགྲོ་མགོན་ཏི་ཤྲི་རས་པ་ནས་འབབ་རོམ་བཀའ་བརྒྱུད། ཅེས་གསུངས་པ་ལྟ་བུའི་གལ་གནད་ཆེ་བའི་བླ་མ་ཞིག་ཡིན་ནའང་། དིང་སང་གི་བར་དུ་རྒྱུན་གནས་བྱུང་བ་འབའ་རོམ་བཀའ་བརྒྱུད་པའི་དགོན་སྡེའི་བླ་གྲྭ་རྣམས་ལ་ནི། འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་རང་སྐྱ་བའི་འདོན་བྱ་ཙམ་ཡང་མེད་པ་ལ། གཉོམ་སྐྱོང་བ་མཁན་པོ་དཔའ་བརྟན་གྱི་རེ་སྐུལ་བཞིན། ཁོ་བོས་བློ་ནུས་ཡོད་ཚད་བཏོན་ཏེ།
ཡུལ་འབྲས་མོ་ལྗོངས་ཀྱི་དབུས་ཕྱོགས། སྐྱབས་གཅིག་འཁོར་ལོའི་མགོན་པོ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་གདན་ས། ར་ལང་དཔལ་ཆེན་ཆོས་གླིང་གི་ཁང་བཟང་ཡང་ཐོག །ཉི་འོད་འཁྱིལ་བའི་རང་ཤག་ཉམས་དགའ་བར་བགྱིས་པ། ནང་དོན་སེམས་ཉིད་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་སྤྲོས་མེད་ཀྱི་གང་ཟག་དག་ལ་བཀའ་བརྒྱུད་བླ་མའི་བྱིན་རླབས་འཇུག་པའི་དམིགས་རིམ་མོས་གུས་བླ་མའི་རྣལ་འབྱོར་ཡིན་པ། མཚན་འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་སེམས་ཉིད་གཅེར་མཐོང་ཞེས་བྱ་བའི་ཞལ་ཐང་། ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་ནའང་དིང་སང་ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན། ཡུལ་ཐེ་ཝན་དུ་གྲགས་པར་གནས་འཆའ་བ་གྲོགས་ཚངས་གསར་བླ་མ་རྒྱལ་མཚན་གྱིས་སྦྱིན་བདག་ཞུས་ཏེ་བཞེངས་དགོས་ཟེར་བ་ལ། ངས་ལམ་སྟོན་བྱས་པ་ནི།
ཤིན་ཏུ་རྒྱས་པ་ལ། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། འབའ་རོམ་པ། སངས་རྒྱས་སྒོམ་པ། ཞང་ཚལ་པ། འབྲི་གུང་པ། སྟག་ལུང་ཐང་པ། ཏི་ཤྲི་རས་པ། རྡོ་རྗེ་ཕག་མོ། མགོན་པོ་ཕྱག་བཞི་པ། དུད་སོལ་མ། ཚེ་རིང་མ་སྟེ་ལྷ་བཅུ་དྲུག་དང། རྒྱས་པ་ལ། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། འབའ་རོམ་པ། ཏི་རས། ཕག་མོ། ཕྱག་བཞི་པ་སྟེ་ལྷ་བཅུ་དང། འབྲིང་པོ་ལ། རྡོ་རྗེ་འཆང་། མར་པ། མི་ལ། དྭགས་པོ། འབའ་རོམ་པ། ཏི་རས། ཕག་མོ། ཕྱག་བཞི་པ་སྟེ་ལྷ་བརྒྱད་དང། བསྡུས་པ་ལ། རྡོ་རྗེ་འཆང་། འབའ་རོམ་པ། ཏི་རས། ཕག་མོ། ཕྱག་བཞི་པ་སྟེ་ལྷ་ལྔ། ཤིན་ཏུ་བསྡུས་པ་ལ། རྡོ་རྗེ་འཆང་དང་། ཏི་རས་ཏེ་ལྷ་གཉིས། ཞེས་པ་འདི་རེད།
ཁོང་གིས་ཀྱང་། ཀརྨ་པ་དུས་གསུམ་མཁྱེན་པའི་གདན་ས་བར་པ་ཀརྨའི་དགོན་གྱི་འདུས་ལྷན་ནས། ཀརྨའི་སྒར་ལུགས་བྲིས་འབུར་ཉམས་གསོའི་རླབས་ཆེན་གྱི་བྱ་བཞག་བསྒྲུབས་ཤིང་མེས་པོའི་ཤུལ་བཟང་འཛིན་པའི་ཕུལ་བྱུང་སྒྱུ་རྩལ་པ། ཞེས་པའི་གཟེངས་རྟགས་གནང་མྱོང་ཡོད་པ། ཀ་ཤོད་ལྷ་རིས་ཆོས་དབྱིངས་རྒྱལ་མཚན་ལ་མངག་ཆ་བྱས་ཏེ། གོང་དུ་རྡོ་རྗེ་འཆང་། དེའི་གཡས་གོང་མ་མར་པ། གཡོན་གོང་མ་མི་ལ། གཡས་འོག་མ་དྭགས་པོ། གཡོན་འོག་མ་འབའ་རོམ་པ་དང་། དབུས་སུ་ཏི་ཤྲི་རས་པ། དེའི་འོག་གི་གཡས་སུ་རྡོ་རྗེ་ཕག་མོ། གཡོན་དུ་མགོན་པོ་ཕྱག་བཞི་པ་སྟེ་འབྲིང་པོ་ལྷ་བརྒྱད་མ་པད་མཚོ་རྩི་ཤིང་རི་བྲག་སོགས་བཀོད་པ་མཛེས་པའི་ཞལ་ཐང་ཞིག་བཞེངས་པ་ན། བོད་རབ་བྱུང་བཅུ་བདུན་པའི་ས་ཕག་བོད་ཟླ་དང་པོ་ཕྱི་མའི་ཚེས་པ་བཅོ་ལྔ་ཉིན་ལེགས་གྲུབ་བྱུང་འདུག་པ་ནི། འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་སེམས་ཉིད་གཅེར་མཐོང་གི་ཞལ་ཐང་ཐོག་མ་རེད།
ནམ་རྒྱུན་ཐང་ག་ལ་དོ་སྣང་དང་རྒྱུས་མངའ་ཡོད་པ་མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་དབུས་མང་པོ་ཞིག་ནས་རི་མོ་དང་ཚོན་མདངས་རྙིང་ཉམས་དོད་ལ་ཆེས་ཡིད་དུ་འོང་བའི་ཀརྨའི་སྒར་ལུགས་ཤིག་བྱུང་ཤག །ཅེས་གསུང་གནང་གི་གདའ་ལ། ཁོ་བོའི་གློ་བར་ཡང་དཔེ་འཇེན་པོ་བྱུང་། གཞུག་མ་ཞལ་ཐང་བྱིན་རླབས་དང་འདྲ་བཤུས་ཁྱབ་སྤེལ་ཡག་པོ་བྱ་ཐུབ་པ་ཡིན་ན། ལས་ཀ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བར་བརྩི་ཆོག་པ་ཡིན་ནོ། །
བོད་ནས་མེ་ཏོག་པད་མ་ཨེ་སྐྱེས། དེ་ལས་སྤང་རྒྱན་མེ་ཏོག་དང་མེ་ཏོག་སེར་ཆེན་བྲིས་ཡོད་ན།
འབའ་རོམ་བཀའ་བརྒྱུད་རེད་དམ་འབབ་རོམ་བཀའ་བརྒྱུད་རེད་
ཧཧཧ
དབུ་ཞྭ་དེ་ནི་བོན་གྱི་བླ་མའི་དབུ་ཞྭ་བཟོ་འདྲ་འངུག ཕལ་ཆེར་བཀའ་བོན་ཟུང་འབྲེལ་ཡིན་ན་ཆོག་ས་རེད། ཀོང་སྤྲུལ་ཡང་བོན་ལ་འབྲེལ་ཟབ་ཡོད་པའོ།།