རྒྱལ་སྤྱིའི་གསོ་བ་རིག་པའི་མཐོ་སློབ་ཀྱི་སློབ་དགེ་སྨན་པ་བྱང་པ་ངག་ཚེ།
དང་པོ། སེམས་འཚབ་དང་དངངས་འཚབ་མེད་པར་སེམས་ལྷོད་པོར་གནས་དགོས།
- ཏོག་དབྱིབས་གཉན་རིམས་༡༩ན་མཁན་སོ་སོ་གཅིག་པོ་མིན།
- ཏོག་དབྱིབས་གཉན་རིམས་༡༩ ན་ནས་དྲག་རྒྱུ་ཡོད་པའི་ནད་གཅིག་ཡིན་པ་མ་ཟད་། བརྒྱ་ཆ་༩༦%-༩༩%ནད་པ་ཕལ་མོ་ཆེ་བ་དྲག་སྐྱེད་ཕྱིན་དང་འགྲོ་མུས་ཡིན།
- སེམས་ཇི་ཙམ་ལྷོད་པ་དང་། དངངས་འཚབ་ཉུང་བ་དེ་ཚུད་ཀྱི་ལུས་ཟུངས་མ་ཉམས་པ་དང་། མ་རྒུད་པ་བཅས་ཀྱིས་མཐར་ནད་ལ་ཁ་གཏད་གཅོག་ཐུབ། དེ་ཡང་། ནད་ལ་ཁ་གཏད་གཅོག་པའི་མཚོན་ཆ་དངོས་དེ་ནང་རྐྱེན་ལུས་ཀྱི་ཟུངས་དང་སྟོབས་ལ་རག་ལས་སོ།
གཉིས་པ། ཕྱི་ལ་ལས་དོན་གལ་ཆེན་ཡོད་ན་མ་གཏོགས་གང་བྱུང་མ་ཕེབས་ན་ལེགས།
- ཏོག་དབྱིབས་གཉན་སྲིན་ཕྲ་མོ་དེ་བར་སྣང་ཁམས་ནས་བ་སྤུར་སྣ་སྒོ་འཇུག་ཅིང་ཕན་ཚུན་ཤིན་ཏུ་འགོ་སླ་བས་དོན་མེད་ཕྱི་ལ་མ་འགྲོ་ན་ལེགས།
- གལ་ཏེ་དོན་མེད་འགྲོ་ན་ཕན་ཚུན་ཏོག་དབྱིབས་གཉན་རིམས་འགོ་བའི་རྐྱེན་དུ་གྱུར་བས་མ་འགྲོ་ན་བཟང་།
- ཏོག་དབྱིབས་གཉན་རིམས་གཅིག་ནས་གཞན་དུ་མ་འགོ་མ་ཁྱབ་པའི་ཕྱིར་དོན་མེད་ཕྱིར་མ་འགྲོ། དེ་ཡང་ཏོག་དབྱིབས་གཉན་རིམས་༡༩ཁྱབ་གདལ་ཇི་ལྟར་འགྲོ་མིན་ཡང་གཙོ་བོ་སྟེ། མི་གཅིག་རེ་གཉིས་རེའི་འགྲོ་འོང་ལ་ཐུག་ཡོད། དཔེར་ན། ཐོག་མར་རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་༡༩མཆེད་སྐབས་དང་པོ་དེ་མི་གཅིག་ནས་འགོ་ཚུགས་པ་ལས་རིམ་བཞིན་གཉིས་དང་གསུམ། དེ་ནས་བཅུ་དང་ཉི་ཤུ། བརྒྱ་དང་སྟོང། སྟོང་དང་ཁྲི། ཁྲི་དང་འབུམ། འབུམ་དང་ས་ཡ་བཅས་རིམ་བཞིན་ཏོག་དབྱིབས་ནད་པ་ས་ཡ་མང་པོ་བྱུང་དང་འབྱུང་བཞིན་ཡིན། དེས་ན་མི་གཅིག་ལའང་ཏོག་དབྱིབས་གཉན་རིམས་༡༩མ་འགོ་བ་བྱ་རྒྱུ་ནི་ནད་ཡམས་ཁྱབ་གདལ་མི་འགྲོ་ཞིང་རིང་མིན་མེད་པར་བཟོ་བའི་ཐབས་ལམ་ཡག་ཤོས་ཤིག་ཀྱང་མཐོང་།
གསུམ་པ། ཏོག་དབྱིབས་གཉན་རིམས་༡༩་ཕོག་རྗེས་ནད་རྟགས་དེ་ཙམ་མ་ཐོན་པ་དང་། ཛ་དྲག་མ་བྱུང་ན་སྨན་ཁང་ཆེན་པོ་དང་སྒོ་བསྟེན་སྨན་ཁང་ཆུང་རིགས་ལ་བསྟེན་གཏུགས་འགྲོ་མ་དགོས་པར་ཁ་པར་བརྒྱུད་འབྲེལ་ཡོད་སྨན་པའི་དྲུང་ནས་ལམ་སྟོན་ཞུ་ཐུབ་ན་ལེགས།
- སྨན་ཁང་དུ་འགྲོ་སྐབས་ལུས་སེམས་གཉིས་ལ་འཁྲུགས་ཐེབས་པ།
- སྨན་ཁང་ཁག་ཏུ་ནད་པ་མང་བས་དུས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་མ་ཐོབ་པ།
- ཉལ་འཁྲི་དང་བརྟག་དཔྱད་བྱ་རྒྱུའི་གོ་སྐབས་ཐོབ་ཀྱང་སྨན་པ་དང་སྨན་ཞབས་པའི་བལྟ་སྐྱོང་ལེགས་པར་མི་ཐོབ་པ།
- སྨན་ཁང་དུ་བཟའ་བཏུང་དུས་ཐོག་ཏུ་མི་ཐོབ་པ།
- སྨན་ཁང་དུ་ནད་པ་ཛ་དྲག་མཐོང་སྐབས་སེམས་ལ་རང་བཞིན་གྱིས་དངངས་འཚབ་སོགས་སྐྱེད།
བཞི་པ། ཁྱེད་ཀྱིས་ཏོག་དབྱིབས་ནད་པ་གཞན་ལ་དྲག་སྐྱེད་སོང་བའི་ཉམས་མྱོང་ཅི་བཤད་རྣམས་སྨན་བཅོས་སམ་ཡང་ན་ཚོད་ལྟ་འཕྲལ་མར་བྱ་རྒྱུ་མེད།
- མིའི་ལུས་ཁམས་ཀྱི་རང་བཞིན་དང་ནད་སྟོབས་ཆེ་ཆུང་རྣམས་གཅིག་མཚུངས་མིན་པས་སྨན་བཅོས་ཀྱང་གཅིག་མཚུངས་ཤིག་སྔར་ནས་ད་བར་ཡོང་ཐབས་མེད།
- གཞན་ལ་ཕན་བསྐྱེད་ཕྱིན་པའི་རྒྱུ་མཚན་དུ་བྱས་ནས་རང་ཉིད་ཀྱིས་ཀྱང་མ་བརྟག་མ་དཔྱད་པར་སྨན་བཅོས་བྱེད་ན་རི་བོང་ཅལ་འདྲོགས་ལྟར་བྱས་པ་ན་གཉིས་སུ་མེད།
- གཞན་གྱི་ཉམས་མྱོང་ལ་ལེགས་ཆ་བླངས་ནས་སྐབས་དོན་རང་ལ་གང་ལེགས་གང་འཕྲོད་རྣམས་ཚུལ་བཞིན་མ་ལྷག་མ་ཆད་པར་བསྟེན་དགོས།
ལྔ་པ། གསར་འགྱུར་ཁག་དང་གཞན་གྱིས་འགྲེལ་བརྗོད་བྱེད་ཚེ་ལ་ཡིད་ཆེས་མ་གནང་བར་རྒྱུ་མཚན་ཡོད་པའི་གནས་ཚུལ་ལ་ཉན་འཇོག་གནང་ན་ལེགས།
- དེང་སྤྱི་ཚོགས་དྲྭ་བའི་དུས་རབས་འདིར་གསར་འགྱུར་རྣམ་གྲངས་མང་ཞིང་བཀོད་མཁན་གྲངས་ལས་འདས་པ། དེ་བས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་གསར་འགྱུར་མང་ཕལ་ཆེ་བ་ནི་ཚོང་རའི་དོན་ལས་མིའི་སྤྱི་ཚོགས་ཀྱྱི་བདེ་སྡུག་ལ་བསམ་མཁན་ཉུང་བས། གསར་འགྱུར་ཡང་རྙོག་གླེང་དང་འཁྲུག་ཟིང་། ཡ་ང་བའི་གནས་ཚུལ་རྣམས་སྐར་ཆ་རེ་རེར་མ་ཆད་མ་ལུས་པར་ཁྱབ་སྤེལ་གཏང་རྒྱུར་འབད་དང་འབད་མུས་ཡིན། དེར་བརྟེན། གཞུང་འབྲེལ་གྱི་གསར་འགྱུར་རྣམས་ལ་ཉན་འཇོག་བྱེད་ཐུབ་ན་ལེགས།
- སྤྱིར་གསར་འགྱུར་ཅི་ཞིག་བལྟ་ཡང་རང་གི་འདོད་མོས་རེད་མོད། འོན་ཀྱང་། ཞི་འཇམ་དང་ལྷིང་འཇགས་ཡོད་པའི་གསར་འགྱུར་སོགས་ལས་དེ་མིན་ཏོག་དབྱིབས་ནད་ཡམས་ཛ་དྲག་འུར་འདྲོགས་ཆེ་བའི་གསར་འགྱུར་རྣམས་མ་བལྟ་ན་ལེགས་པར་མཐོང་།
དྲུག་པ། ཏོག་དབྱིབས་གཉན་རིམས་༡༩ཐོག་མར་ཕོག་ཚེ་སྣང་ཆུང་མ་གཏང་བར་ཟས་སྤྱོད་གཉིས་ལ་དོ་སྣང་སྔར་ལྷག་གནང་དགོས།
- ཉེན་ཆུང་ཚོར་ཡང་བྱ་ར་དགོས་པ་སྨྲ། །ཞེས་པ་ལྟར། སྤྱིར་ཏོག་དབྱིབས་གཉིན་རིམས་༡༩མ་འགོ་མ་ཕོག་རྒྱུའི་ཐབས་ཤེས་གང་ཡོང་དང་། གལ་ཏེ་ཕོག་ཚེ་ཞེད་སྣང་དངངས་སྐྲག་བྱ་མ་དགོས་ཀྱང་། དེར་སྣང་ཆུང་མ་གཏང་བར་འབྲེལ་ཡོད་སྨན་པ་དང་། སྨན་ཞབས་པ་ལ་འབྲེལ་བ་བྱེད་ནས་ནད་ཀྱི་ངོ་བོ་དང་རྟགས་ལ་གཞིགས་པའི་སྨན་བཅོས་དུས་ཐོག་བྱ་ཐུབ་པར་དགོས།
- ཏོག་དབྱིབས་ཐོག་མར་ཕོག་སྐབས་རྒྱ་སྨན་ཁོ་ན་མ་བསམ་པར་བོད་སྨན་དང་། ཟས་སྤྱོད་བཅས་ལའང་དོ་སྣང་སྔར་ལྷག་སྤྲད་དགོས།
བདུན་པ། ཏོག་དབྱིབས་གཉན་རིམས་༡༩ཕོག་སྐབས་ཟས་སྐོམ་ཡང་ལ་འཇུ་སླ་བའི་རིགས་རང་ལ་གང་འཕྲོད་རན་འཚམ་དུས་ཐོག་ཏུ་མཆོད་རྒྱུ་གལ་ཆེན་མཐོང་།
- ཟས་ནི་གྲོ་ཐུག་རིགས་དང་། རྩམ་ཐུག ཐུག་པ་སླ་པོ། ཁུ་བའམ་ཐང་གི་རིགས་ཉུང་ཉུང་ཐུན་མང་ཙམ་བསྟེན་དགོས།
- ཚ་བའི་མཉམ་དུ་གྲང་ཤུམ་རྒྱག་ཚེ་ཟས་སྐོམ་དྲོ་ལ་རན་པ་དང་། གྱོན་གོས་ཀྱང་དྲོ་པོ་གྱོན་དགོས།
- སྤྱོད་ལམ་ནི་དྲག་ཤུལ་རིགས་དང། ལུས་སེམས་འཁྲུགས་པའི་རྐྱེན་རྣམས་སྤང་དགོས། བསིལ་དྲོད་སྙོམས་པའི་གནས་ལ་འདུག་དགོས།
བརྒྱད་པ། ཏོག་དབྱིབས་གཉན་རིམས་༡༩ཕོག་སྐབས་རྒྱུན་གཏན་ལས་ཆུ་མང་བ་བཏུང་དགོས།
- ཆུ་ནི་ནམ་ཀུན་ལས་ཀྱང་མང་བ་དང་། རབ་བྱུང་ན་ཆུ་སྐོལ་མང་ཙམ་བསྟེན་དགོས། འོན་ཀྱང་རང་རང་སོ་སོའི་ཁམས་ལ་གཞིགས་སྟེ། ཆུ་སྐོལ་དང་། དྲོད་འཇམ། སྐོལ་གྲང་སོགས་དེ་མཐུན་བསྟེན་དགོས།
- ཆུ་སྐོལ་གྱིས་ཕོ་བའི་མེ་དྲོད་སྐྱེད་པ་དང་། དེས་ཟས་འཇུ་རོགས་སོགས་མདོར་ན་ཆམ་རིམས་སོགས་ལ་ཤིན་ཏུ་ཕན།
དགུ་པ། ཏོག་དབྱིབས་ནད་པ་ཚོས་དམིགས་བསལ་གཉིད་འདང་ངེས་བཞིན་པ་ཁུག་དགོས།
- གཉིད་ནི་ཟས་སྐོམ་ལས་ཀྱང་ལྷག་པས་ལུས་ཀྱི་ཟུངས་སྟོབས་འཕེལ་བྲི་བཟང་ངན་ཇེ་རྙེད་ཅིག་ནི་གཉིད་ལ་ཐུག་པས་དུས་ཐོག་ཏུ་གཉིད་ཁུག་རྒྱུ་དང་། ལྷག་པར་དུ་གཉིད་འདང་ངེས་ཁུག་དགོས་པ་ནི་དེ་བས་གལ་ཆེ།
- ཉིན་མོའི་གུང་ལ་གཉིད་ཁུག་རྒྱུ་མེད། དེས་ཚ་བ་འཕེལ་བའི་གྲོགས་བྱེད་སུ་འགྱུར་བའི་ཕྱིར།
བཅུ་པ། ཏོག་དབྱིབས་ནད་པས་འཕྲལ་དུ་མངར་མོའི་རིགས་ལ་འཛེམས་ཟོན་གནང་དགོས།
- ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། །ཞེས་པ་ལྟར། སྤྱིར་ཁ་ཟས་དཀར་དམར་དང་།་བྱེ་བྲག་ཏུ་མངར་མོའི་རིགས་ནི་ནང་གི་ལྷན་སྐྱེན་སྲིན་དང་། ཕྱིའི་གཉན་སྲིན་བཅས་རྣམས་འཕེལ་བའི་གྲོགས་སུ་འགྲོ་བ་མ་ཟད། རིམས་ཚད་མ་སྨིན་འབྱུང་ཞིང་སྣ་ཆུ་དང་། ཡ་ཆམ། གྲང་ཤུམ་སོགས་ལ་ཤིན་ཏུ་གནོད་པས་འཕྲལ་དུ་འཛེམས་ཟོན་གནང་དགོས།
- ཅི་སྟེ། སྣ་ཆུ་དང་གྲང་ཤུམ་རྒྱག་སྐབས་མངར་མོ་དང་བཟའ་བཏུང་གྲང་མོའི་རིགས་མ་བསྟེན་ན་བཟང་། དེའི་སྐབས་སུ་ཤིང་ཏོག་གྲང་མོའི་རིགས་ཀྱང་གནས་སྐབས་མ་བསྟེན་ན་ལེགས།