སྨན་པ་བསྟན་འཛིན་གྲགས་པ།
རང་གཞན་མི་རིགས་ཐམས་ཅད་ནད་ཡམས་འདི་ལས་མྱུར་དུ་གྲོལ་ནས་ལུས་བདེ་བག་ཕེབས་ཡོང་ཕྱིར། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་། འབྲེལ་ཆགས་རྒྱལ་ཁབ་དང་། ཆེད་ལས་ཚན་རིག་པ་དང་། སྨན་པ་རྣམས་ཀྱི་ལམ་སྟོན་ཇི་ཕེབས་བརྩི་སྲུང་ཐོག །ནད་ཡམས་འདི་རྒྱུན་མ་ཆད་ཀྱི་བར་དུ་འདུ་འཛི་དང་སྤྲོ་སྐྱིད་གཏོང་བ་སོགས་སྐབས་ཤིག་རིང་སྤངས་ནས་རང་རང་སོ་སོའི་ཤག་གམ་ཁྱིམ་དུ་ལུས་བདེ་བག་ཕེབས་ངང་གནས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ན་འབད་ན་འདི་བདེ་ཕྱི་བདེ་ཡོང་ངེས། གཞན་ཡང་ཆང་རག་དང་། ཀོ་ཕི། གསོལ་ཇ་གར་པོ། རྒྱ་གར་བས་བཟོས་པ་ཨ་ཅར་དང། ཀིམ་ཅི་སོགས་བསྙལ་ཟས་སྐྱུར་ཅན་གྱི་རིགས། ཞོ། འོ་རློན་ནམ་འོ་མ་མ་བསྐོལ་བ། སྡིག་སྲིན་སོགས་ཆུར་གནས་སྲོག་ཆགས་ཕྲ་མོའི་རིགས། མྱོས་རྫས་དང་ཐ་མ་ཁ། ཆུ་འཁྱགས་ཁོ་ཁོལ་ཁུ་ནག་སོགས། ཁ་ལག་སྨན་སྣ་དང་སྣུམ་ཞག་ཆེས་པ། བ་དམ་སྐྱོ་མ་ཟ་ཆེས་པ། མངར་ཟས་ཆེས་པ། ཉི་མ་ལྡེ་ཆེས་པ་དང། འཁྲུགས་ལས་རྣམས་སྤང་ནས། གཙང་སྦྲ་ལ་དོ་སྣང་དང་། ཁ་རས་དང་ལག་ཤུབས་མིག་ཤེལ་རྣམས་གྱོན་དགོས། ཆམ་པ་དང་། (common cold) ཆམ་རིམས། (flu) ཏོག་དབྱིབས་གཉན་རིམས་གང་རུང་ལ་བརྟེན་ནས་ཐོག་མར་ལུས་ལ་གྲང་ཤུམ་བྱེད་པ་དང་། མགོ་དང་རུས་ཚིགས་རྣམས་གཟེར་བ། གློ་རྒྱག་པ། གྲེ་བ་ཚ་བ་རྣམས་འབྱུང་ཚེ་འཕྲུལ་ཐང་དང་མ་ནུ་བཞི་ཐང་སོགས་གཏོང་དགོས། གྲང་ཤུམ་བྱེད་པ་དང་རུས་ཚིགས་གཟེར་བ་ཡལ་ནས་ཚ་བ་རྒྱས་ན་སྒ་སྨུག་གི་ཐང་དང་། ཇའི་ནང་སྒ་སྨུག་དང་སུག་སྨེལ་སྨན་སྣ་སོགས་ཡོད་པ་དང་། ཆང་རག །ཡུངས་དཀར་ནག་གི་འབྲུ་དང་ལོ་མའི་ཚལ། ཏིལ་འབྲུ་དང་ཏིལ་སྣུམ། སྐྱུར་ཚལ་སོགས་བཞེས་རྒྱུ་མེད། གལ་ཏེ་ཏོག་དབྱིབས་ནད་དུག་ཡོད་པ་ཐག་ཆོད་ན། རྟ་བཟི་དམར་པོའམ། ལོ་གྱོན་རིལ་བུའམ། སྤང་རྩི་བཅུ་གཉིས་གང་རུང་ཐང་གིས་རྟ་བྱས་ཏེ་ཉིན་རེ་དུས་གཉིས་སམ་གསུམ་ལོ་ན་དང་གཟུགས་པོའི་ཤེད་སོགས་དང་བསྟུན་ནས་བདུན་གཅིག་གམ་གཉིས་སོགས་ནད་གཞི་ལ་གཞིགས་ཏེ་གཏོང་དགོས། ཡང་ན་རྟ་ལོ་སྤང་གསུམ་(ལ་བཟི་ཡོད་པས་ལོ་ན་དང་གཟུགས་པོའི་ཤེད་དང་བསྟུན་)གང་རུང་སྔ་དྲོ་དང་ཐང་དགོང་མོ་གཏོང་འཐུས། ཏོག་དབྱིབས་གཉན་རིམས་ཀྱིས། (༡) གློ་བརྒྱལ་ལངས་པ་དང་། བྲང་རྒྱབ་མདུན་གཟེར་བ། དབུགས་འབྱིན་རྔུབ་མི་བདེ་བར་གཙོ་བོ་ཉེར་ལྔ་དང་ཅུ་གང་ཉེར་ལྔ། སྤང་རྒྱན་བཅོ་ལྔ་སོགས་གཏོང་དགོས། (༢) གྲེ་བ་ཚ་བ་དང་། སྐད་འཛེར་བ། གྲེ་ཚད་ཀྱིས་གློ་ལངས་པར་ཁྱུང་སྔོན་དགུ་པ་འམ་ལི་ཤི་དྲུག་པ། སྤང་རྒྱན་བཅོ་ལྔ་གཏོང་དགོས། ཡང་ན་ལི་ཤི་དྲུག་པ་དང་སྤང་རྒྱན་བཅོ་ལྔའི་སྟེང་ཁྱུང་ལྔ་རིལ་བུ་གསུམ་མམ་བཞི་བསྣན་འཐུས། (༣) མགོ་ན་བ་དང་། མིག་རིལ་ན་བ། དང་ག་མེད་པ་དང་། ཞེ་མེར་ལངས་པར་རིལ་དཀར་པད་སྡོང་གཏོང་དགོས། (༤) རྒྱུ་ལོང་གཟེར་བ་དང་འཁྲུ་བར་བྲག་ཞུན་དགུ་པ། བྲག་ཁྱུང་། དྭ་ཏྲིག་ཉེར་ལྔ་སོགས་གཏོང་དགོས། (༥) སྣ་ཆམ་དང་། ཡ་མ། (sinusitis) དུས་སྐྱེད་ཆམ་པ། (seasonal allergies) གང་རུང་ལ་བརྟེན་ནས་སྣ་མཚུལ་འགག་པ་དང་གཟེར་བ། ཟ་འཕྲུག་རྒྱག་པ། སྣས་དྲི་མི་ཚོར་བ་དང་། སྣ་ཆུ་འཛག་པར་གུར་གུམ་བཅུ་གསུམ་དང་གུར་ཁྱུང་། རྡོ་ཁྲག་(རྡོ་རབ་རིལ་བུ་གཉིས་དང་རྒ་ལོ་རིལ་བུ་གཉིས་མཉམ་དུ་བསྡེབས་པ་)སོགས་གཏོང་དགོས། གཞན་ཡང་ཁྲག་རླུང་སྟོད་འཚངས་(high blood pressure)ཀྱི་ནད་ཡོད་པ་དང་། གཉིད་མི་ཁུག་པ། སེམས་ངལ་ཆེ་བ། རླུང་ཁམས་ཆེ་བ་དང་ལོ་ན་བདུན་ཅུ་ཡན་ལོན་པའི་ནད་པར་ཨ་གར་བཅོ་ལྔ་དང་ཨ་གར་སོ་ལྔ་སོགས་རླུང་སྨན་ཡང་གཏོང་དགོས། གོང་གསལ་སྨན་རྣམས་མེད་ན། རིན་ཆེན་མང་སྦྱོར་དང་། རིན་ཆེན་གྲང་སྦྱོར་གང་རུང་གཏོང་འཐུས། མང་སྦྱོར་དང་གྲང་སྦྱོར་ཡང་མེད་ན། ལུས་ཀྱི་འདུ་བ་སྙོམས་པ་དང་ཟུངས་བརྟས་ཕྱིར་ཟླ་ཤེལ་བདུད་རྩི་མ་གཏོང་འཐུས། གཞན་ཡང་ཡི་དམ་ལྷ་ཡི་སྲུང་འཁོར་དང་། རིམས་སྲུང་རིལ་བུ་སྐེ་ལ་བཏགས་ནས་དྲི་སྣོམ་པ་དང་། ལོ་གྱོན་མའི་གཟུངས་སྔགས་བཟླ་བ། བྱམས་སྙིང་རྗེ་དང་སྟོང་ཉིད་སྒོམ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་ནུས་པ་གཅིག་ཏུ་འདྲིལ་ན་ཕན་ཐོགས་འབྱུང་ངེས་པ་ཡིན། གཉན་རིམས་ཀྱི་ལེའུ་འཆད་པར། སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། དེ་ཕྱིར་དཀར་མངར་གནོད་ཅིང་དུག་གིས་འཇོམས། ཞེས་དང་། ཚ་བ་སྤྱི་བཅོས་པར། ཁ་ཟས་ཁྱད་པར་དུག་ཚད་རྐྱེན་དུ་འགྱུར། ཞེས་དང་། ཟས་ནི་ཚ་སྐྱུར་ལན་ཚ་བྲོ་བའི་རོ། ཤ་ཆང་བུ་རམ་དྲོད་བཅུད་བསྟེན་དྲགས་སློང་། ཞེས་དང་། ལར་ན་དྲག་ཤུལ་ཅན་གྱིས་སློང་བར་བྱེད། ཞེས་དང་། གཉན་ནད་མགོར་བབས་ཀླད་གཟེར་བཅོས་པར། གཉན་ནད་སྤྱི་ཡི་ཆིངས་སུ། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། ཞེས་དང་། རིམས་ཀྱི་ཚ་བ་བལ་ནད་བཅོས་པར། ཁྱད་པར་རིམས་སོ་ཅོག་ལ་ཞོ་གནོད་དེ། ཞེས་དང་། ཆམ་རིམས་བཅོས་པར། དེ་ལ་དྲག་ཤུལ་བཅུད་ཤོར་རྒྱས་གྱུར་ན། ཆམ་པ་སྐྱུར་ཤོར་ཞེས་བྱ་ཤི་བ་མང་། ཞེས་དང་། དྲག་ཤུལ་ཉིན་གཉིད་དྲོད་བཅུད་སྤང་བར་བྱ། ཞེས་དང་། རྒྱུད་བཞིའི་མཇུག་དོན་བསྡུས་པར། རིམས་ལ་མ་སྨིན་སྟོངས་ཚད་གཅེས་པར་ཟུང་། ཚད་པ་ཀུན་ལ་ཞུ་འཁྱགས་(ཚ་གྲང་གི་མཚམས་)གཙོ་བོར་ཟུང་། གློ་མཆིན་མཁྲིས་པ་ཚད་པ་གཙོ་བོར་ཟུང་། རིམས་ཀྱི་ནད་ལ་དེ་བ་ལྔ་སྦྱོར་མཆོག །ཚད་པ་ཀུན་ལ་གཙོ་བོ་བརྒྱད་སྦྱོར་མཆོག །དུག་ནད་ཀུན་ལ་མང་སྦྱོར་ཆེན་མོ་མཆོག །ཞེས་དང་། མུ་སྟེགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད། དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས། ཞེས་དང་། སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། དམག་གདོང་གཅེར་བུར་རལ་ཁ་འགྱེད་དང་མཚུངས། ཞེས་དང་། བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང་། གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡི་རིམས་ནད་བསྐལ་པའི་མེ་འབར་ཡང་། རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། ཞེས་དང་། ཚ་བའི་ནད་ཀུན་མཁྲིས་པ་ལས་མ་སྐྱེས་པ་མེད་པས། ཟས་སྤྱོད་ཀྱི་སྤང་བླང་མ་འཕྱུག་པའི་སྟེང་། སྨན་ཡང་ཚུལ་དང་མཐུན་པ་འབྱུང་ན་ཟློག་ཀ་ཡང་བ་སྟེ་ནད་ཟློག་སླ་བར་གསུངས། གཞན་ཡང་། ལྟོ་སྟོང་དང་སེམས་ཞུམ་པའི་དུས་སུ་ནད་ཀྱི་དྲི་དང་རླངས་པ་སོགས་ལས་སྲུང་ཕྱིར། ཁ་ཟས་འགྲངས་པ་དང་ངོམས་པར་ཟོས་ནས་སྲུང་བས་རང་གི་ལུས་དང་སེམས་ལ་དཔའ་དང་གདེངས་བསྐྱེད་པར་བྱའོ། མདོར་ན། ཏོག་དབྱིབས་ནད་དུག་ཡོད་པ་ཐག་ཆོད་པའི་ནད་པར་བོད་སྨན་སྤྲད་ནས་ཕན་པ་མྱོང་བས་གྲུབ་པ་ཡིན་ནོ། ཞེས་ཕྱི་ལོ་༢༠༢༠ཟླ་༨ཚེས་༡༤རེས་གཟའ་པ་སངས་ཉིན་ནིའུ་ཡོག་ནས་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་འགའ་ཞིག་ལ་ཕན་རེའི་བསམ་པས་ཕུལ། །སརྦ་མངྒ་ལཾ།
ཅང་མེད་ཀི་ངོ་ཚ་རེད།
ཆམ་པ་དང་། (common cold) ཆམ་རིམས། (flu) ཏོག་དབྱིབས་གཉན་རིམས་གང་རུང་ལ་བརྟེན་ནས་ཐོག་མར་ལུས་ལ་གྲང་ཤུམ་བྱེད་པ་དང་། མགོ་དང་རུས་ཚིགས་རྣམས་གཟེར་བ། གློ་རྒྱག་པ། གྲེ་བ་ཚ་བ་རྣམས་འབྱུང་ཚེ་འཕྲུལ་ཐང་དང་མ་ནུ་བཞི་ཐང་སོགས་གཏོང་དགོས།
གྲང་ཤུམ་བྱེད་པ་དང་རུས་ཚིགས་གཟེར་བ་ཡལ་ནས་ཚ་བ་རྒྱས་ན་སྒ་སྨུག་གི་ཐང་དང་། ཇའི་ནང་སྒ་སྨུག་དང་སུག་སྨེལ་སྨན་སྣ་སོགས་ཡོད་པ་་་་་་་་
(༡) གློ་བརྒྱལ་ལངས་པ་དང་། བྲང་རྒྱབ་མདུན་གཟེར་བ། དབུགས་འབྱིན་རྔུབ་མི་བདེ་བར་གཙོ་བོ་ཉེར་ལྔ་དང་ཅུ་གང་ཉེར་ལྔ། སྤང་རྒྱན་བཅོ་ལྔ་སོགས་གཏོང་དགོས།
(༢) གྲེ་བ་ཚ་བ་དང་། སྐད་འཛེར་བ། གྲེ་ཚད་ཀྱིས་གློ་ལངས་པར་ཁྱུང་སྔོན་དགུ་པ་འམ་ལི་ཤི་དྲུག་པ། སྤང་རྒྱན་བཅོ་ལྔ་གཏོང་དགོས། ཡང་ན་ལི་ཤི་དྲུག་པ་དང་སྤང་རྒྱན་བཅོ་ལྔའི་སྟེང་ཁྱུང་ལྔ་རིལ་བུ་གསུམ་མམ་བཞི་བསྣན་འཐུས།
(༣) མགོ་ན་བ་དང་། མིག་རིལ་ན་བ། དང་ག་མེད་པ་དང་། ཞེ་མེར་ལངས་པར་རིལ་དཀར་པད་སྡོང་གཏོང་དགོས།
(༤) རྒྱུ་ལོང་གཟེར་བ་དང་འཁྲུ་བར་བྲག་ཞུན་དགུ་པ། བྲག་ཁྱུང་། དྭ་ཏྲིག་ཉེར་ལྔ་སོགས་གཏོང་དགོས། (༥) སྣ་ཆམ་དང་། ཡ་མ། (sinusitis) དུས་སྐྱེད་ཆམ་པ། (seasonal allergies) གང་རུང་ལ་བརྟེན་ནས་སྣ་མཚུལ་འགག་པ་དང་གཟེར་བ། ཟ་འཕྲུག་རྒྱག་པ། སྣས་དྲི་མི་ཚོར་བ་དང་། སྣ་ཆུ་འཛག་པར་གུར་གུམ་བཅུ་གསུམ་དང་གུར་ཁྱུང་། རྡོ་ཁྲག་(རྡོ་རབ་རིལ་བུ་གཉིས་དང་རྒ་ལོ་རིལ་བུ་གཉིས་མཉམ་དུ་བསྡེབས་པ་)སོགས་གཏོང་དགོས།
གཞན་ཡང་ཁྲག་རླུང་སྟོད་འཚངས་(high blood pressure)ཀྱི་ནད་ཡོད་པ་དང་། གཉིད་མི་ཁུག་པ། སེམས་ངལ་ཆེ་བ། རླུང་ཁམས་ཆེ་བ་དང་ལོ་ན་བདུན་ཅུ་ཡན་ལོན་པའི་ནད་པར་ཨ་གར་བཅོ་ལྔ་དང་ཨ་གར་སོ་ལྔ་སོགས་རླུང་སྨན་ཡང་གཏོང་དགོས། ་་་་་་་་་་
་
རིན་མེད་སྨན་སློབ་སྨན་སྦྱིན་དུ་གོའོ། །ད་དུང་མུ་མཐུད་ནས་མདོར་བསྡུས་ཡོངས་གྲགས་ཕན་ཐོགས་ཅན་གྱི་ནད་དང་སྨན་མིང་རྣམས་ཁ་བརྡ་འདིར་འཁོད་པའི་རེ་བ་ཡོད་དོ།།
ཟས་སྤྱོད་ལམ་སྟོན་ཡག་པོ་གནང་འདུག