སྨན་པ་གཡང་འབུམ་རྒྱལ།
ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཨ་རིའི་ཕི་རྫེར་སྨན་རྫས་བཟོ་ཚོང་ཁང་ Pfizer དང་འཇར་མན་གྱི་སྐྱེ་དངོས་འཕྲུལ་རྩལ་བཟོ་ཚོང་ཁང་ BioNTech གཉིས་ཀྱིས་མི་འབོར་བརྒྱ་ཆ་ ༩༠ ལ་ཏོག་དབྱིབས་གཉན་རིམས་ ༡༩ འགོ་ཕོག་མི་བྱེད་པའི་ཕན་ནུས་ཤིན་ཏུ་ཆེ་བའི་སྔོན་འགོག་སྨན་ཁབ་ཐོག་མ་ཐོན་གྲབས་ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད། སྨན་ཁབ་དེ་ཡང་རྒྱལ་ཁབ་དྲུག་གི་མི་གྲངས་ ༤༣༥༠༠ ལ་ཚོད་ལྟ་བྱས་ཏེ་གནོད་སྐྱོན་ཉེན་ཁ་ཅི་ཡང་བྱུང་མི་འདུག བཟོ་ཚོང་ཁང་གཉིས་ཀྱིས་ཛ་དྲག་ཉེན་སེལ་བཀའ་འཁྲོལ་ཞུས་ཏེ་ད་ལོའི་ལོ་མཇུག་ལ་བེད་སྤྱོད་བྱེད་རྩིས་ཡོད་པ་དང་། ལོ་རྒྱུས་སྟེང་དུས་ཚོད་ཐུང་ཐུང་འདི་འདྲ་ཞིག་ནང་དུ་ཕན་ནུས་ཧ་ཅང་ཆེ་བའི་སྔོན་འགོག་སྨན་ཁབ་ཅིག་ད་བར་བཟོ་སྐྲུན་བྱས་མྱོང་མེད་པ་རེད།
སྨན་ཁབ་འདི་བཞིན་རྒྱག་ཐུན་གཉིས་དང་། ཐུན་དང་པོ་དང་གཉིས་པའི་བར་དུ་གཟའ་འཁོར་གསུམ་འཇོག་དགོས་ཀྱི་ཡོད། ཨ་རི་དང་། འཇར་མན། རྦི་རེ་ཛེལ། ཨར་རྗིན་ཊི་ཎ། ལྷོ་ཨ་ཕི་རི་ཀ ཊུར་ཀེ་བཅས་ཀྱི་རྒྱལ་ཁབ་ནང་དུ་ཉམས་ཞིབ་བྱས་པར་སྨན་ཁབ་རྒྱག་ཐུན་གཉིས་པའི་ཉིན་བདུན་རྗེས་ནས་འགོག་སྲུང་ནུས་པ་བརྒྱ་ཆ་ ༩༠ ཐོན་ཡོད་པ་རེད། ཡིན་ནའང་རྙེད་དོན་གྲུབ་འབྲས་འདི་ཐོག་མའི་དང་བླངས་མི་ ༩༤ ལ་ཏོག་དབྱིབས་ནད་དུག་ཐོན་པ་གཞིར་བཞག་པ་ཞིག་ཡིན་པས་སྔོན་འགོག་སྨན་ཁབ་ཀྱི་ཕན་ནུས་འཁྲུལ་མེད་དེ་མཐའ་མའི་གྲུབ་དོན་ཡོངས་སུ་གྱུར་པར་དབྱེ་ཞིབ་བྱས་པ་བརྒྱུད་འགྱུར་བ་ཐེབས་སྲིད་པའི་ཚོད་དཔག་ཀྱང་བྱས་ཡོད།
བཟོ་ཚོང་ཁང་གཉིས་ལ་ཕྱི་ཟླ་ ༡༡ པའི་གཟའ་འཁོར་གསུམ་པར་སྨན་ཁབ་སྟངས་འཛིན་བྱེད་མཁན་ལས་ཁུངས་ལ་སྤྲོད་རྒྱུའི་སྔོན་འགོག་སྨན་ཁབ་ཀྱི་བདེ་འཇགས་ཁུངས་སྐྱེལ་ཡིག་ཆ་འདང་ངེས་ཡོད། འོན་ཀྱང་སྲིད་གཞུང་གི་བཀའ་འཁྲོལ་མ་ཐོབ་བར་དུ་རྒྱལ་ཁབ་རྣམས་ཀྱིས་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ལག་བསྟར་བྱ་རྒྱུ་ཅུང་འགོར་སྲིད། བཀའ་འཁྲོལ་ཐོབ་ཚེ། བཟོ་ཚོང་ཁང་གཉིས་ཀྱིས་ད་ལོའི་ལོ་མཇུག་ལ་སྨན་ཁབ་ཐུན་གྲངས་ས་ཡ་ ༥༠ དང་ཕྱི་ལོ་ ༢༠༢༡ ལོ་མཇུག་བར་དུ་དུང་ཕྱུར་ ༡༣ མཁོ་སྤྲོད་བགོ་འགྲེམས་བྱ་རྒྱུའི་སྟོབས་ཤུགས་ཡོད་པ་བཤད་ཡོད།
མི་སུ་དང་རྒྱལ་ཁབ་གང་ཞིག་ལ་སྨན་ཁབ་ཐོག་མ་རྒྱག་རྒྱུར་གནས་སྟངས་ལ་བལྟས་ཏེ་ཐག་གཅོད་བྱ་རྒྱུ་དང་། ལས་ཀ་བྱེད་ཡུལ་དུ་ནད་གཞི་འགོ་ཉེན་ཆེ་བའི་སྨན་ཁང་གི་ལས་བྱེད་དང་ནང་ཁྱིམ་དུ་ནད་པར་ལྟ་སྐྱོང་བྱེད་མཁན་རྣམས་སྨན་ཁབ་རྒྱག་རྒྱུའི་མིང་གཞུང་གི་མགོར་འཇོག་རྒྱུ་དང་། དེ་ནས་ནད་གཅོང་ཕོག་པའི་ལོ་ན་རྒས་འཁོགས་ཚོར་དོ་སྣང་མི་སྤྲོད་རང་སྤྲོད་ཡིན།
ཕི་རྫེར་སྨན་རྫས་བཟོ་ཚོང་ཁང་ Pfizer གི་དབུ་འཛིན་གྱིས་བཟོ་ཚོང་ཁང་གི་དྲ་ཚིགས་སྟེང་གསལ་བསྒྲགས་ཤིག་སྤེལ་འདུག་པར། ཁོང་གིས་༼ཕི་རྫེར་སྨན་རྫས་བཟོ་ཚོང་ཁང་ Pfizer དང་སྐྱེ་དངོས་འཕྲུལ་རྩལ་བཟོ་ཚོང་ཁང་ BioNTech གཉིས་ཀྱིས་ཟུང་འབྲེལ་བྱས་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་སྔོན་འགོག་སྨན་ཁབ་ཀྱི་མཐའ་མཇུག་གི་ཉམས་ཞིབ་རིམ་པ་ ༣ པ་ལ་གྲུབ་འབྲས་བཟང་པོ་ཐོན་ཡོད་པ་དང་། ཚོད་ལྟ་བྱ་ཡུལ་གྱི་མི་གྲངས་བརྒྱ་ཆ་ ༩༠ ལ་དུས་རིམ་དང་པོའི་སྐབས་ཀྱི་ནུས་པ་ཐོན་ཡོད་མེད་དབྱེ་ཞིབ་བྱེད་སྐབས་གློ་ཚད་ཏོག་དབྱིབས་ནད་འབུ་ SARS-CoV-2 ཡི་མངོན་རྟགས་ཅི་ཡང་མེད་པར་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་བྱེད་ཐུབ་པའི་ནུས་པ་ཐོན་ཡོད། དེར་བརྟེན་ mRNA ལ་རྨང་གཞི་བྱས་པའི་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་མཁན་མི་མང་ཆེ་བར་ཏོག་དབྱིབས་གཉན་རིམས་ ༡༩ འགོ་ཕོག་མི་བྱེད་པར་སྔོན་འགོག་བྱེད་ཐུབ། གྲུབ་འབྲས་འདིས་འཛམ་གླིང་མི་དམངས་ལ་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལྟར་ཁ་ཚ་དགོས་གཏུགས་ཆེ་བའི་སྨན་ཁབ་མཁོ་སྤྲོད་བྱས་ཏེ་གོ་ལའི་ནད་ཡམས་འདི་རྩ་མེད་བཟོ་ཐུབ་པའི་སྐལ་བཟང་ཉིན་མོ་སླེབས་ལ་ཉེ་བས། ལས་གཞི་འདིར་འཕྱར་གྲུ་མཉམ་འདེགས་གནང་མཁན་མི་རེ་ངོ་རེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་ཁ་འདི་ཚན་རིག་ལ་ཡིད་ཆེས་མཁན་ཁྱེད་ཅག་གི་ལྷག་བསམ་དང་སེམས་ཤུགས་ནས་བྱུང་བ་ཞིག་ཡིན་༽ཞེས་གསུངས་ཡོད།
གནས་ཚུལ་ཞིབ་ཕྲ་གཤམ་གསལ་དྲ་ཚིགས་ལ་གཟིགས་རྒྱུ།
གསར་འགྱུར་འདི་ཡག་གི
བོད་པ་མང་བོ་ཞིག་གིས་གནས་ཚུལ་འདི་ཤེས་ན་ལེགས་སྙམ།