ཨ་མྱེས་སྲས་ཆུང་གིས།
ཕྱི་ཟླ་༣/༡༥ ནས་༥/༡༡ བར་ཟླ་བ་གཉིས་མ་ཟིན་ཙམ་རིང་ཟ་ཉལ་གཉིས་ལས་བྱ་བ་གཞན་མེད་པར་ནང་མི་ཚོ་མཉམ་དུ་ཧ་ཅང་ལྷོད་ལྷོད་བསྡད་རྒྱུ་བྱུང་བའི་རྒྱུ་མཚན་ནི་གཅིག་རང་རེད། དེ་ནི་ཏོག་དབྱིབས་ཅན་གྱི་ནད་དུག་འདི་ལ་གཡོལ་ཐབས་ཤིག་རེད།སྤྱི་སྟངས་ད་རིང་གི་ནད་ཡམས་འདི་ལ་གཡོལ་ཐབས་དང་གདོང་ལེན་བྱེད་ཐབས་ནི་འཛམ་བུ་གླིང་གི་མི་ཚང་མའི་བསམ་བློ་གཅིག་མཚུངས་རེད། ཕྱོགས་གཅིག་ནས་སའི་གོ་ལའི་ཁྱིམ་ཚང་ཆེན་མོ་འདི་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཡིན་པའི་བསླབ་བྱ་ཞིག་ཀྱང་ཐོབ་ཡོད། ཕྱོགས་གཞན་ནས་བཤད་ན། ཡོ་རོབ་ཧོ་ལན་ཌིའམ་( Netherland ) ཟེར་བའི་ལུང་པ་འདི་ལྟ་བུ་ཞིག་ལ་མཚོན་ན་ངའི་ཕ་ཡུལ་གསུམ་པ་ཞེས་འབོད་ཆོག་ལ། བུ་ཕྲུག་གཉིས་འཚར་ལོངས་བྱེད་ས་དང་སློབ་སྦྱོང་བྱེད་ཡུལ་གྱི་རྒྱལ་ཁབ་དེ་ཡིན། མཐའ་ན་ངེད་བཟའ་མི་གཉིས་ཀྱི་ཚེ་མཇུག་གི་དུད་ས་དེའང་ས་ཆ་འདིར་ཕལ་ཆེར་ཆགས་སྲིད། ལུང་པ་འདི་ནི་འཁོར་ཡུག་མཛེས་ཤིང་མཁའ་རླུང་གཙང་བ། མི་ལ་ཆེན་ཆུང་དང་ནོར་ལ་དབུལ་ཕྱུག མི་རིགས་དཀར་ནག་དང་ཆོས་ལུགས་འདྲ་མིན་སོགས་ཀྱི་ཁྱད་པ་མེད་པ་ཁྲིམས་གྱིས་དབང་བསྒྱུར་འོག་ཐོབ་ཐང་དང་རང་དབང་འདྲ་མཉམ་ཀྱིས་འཚོ་གནས་བྱེད་པའི་ལུང་པ་ཞིག་ཡིན། ལུང་པ་འདིའི་མི་རྣམས་ལ་མཚོན་ན་མི་རིགས་གཞན་དང་མ་འདྲ་བ་ཕན་ཚུལ་གུས་ཞབས་ཡོད་པ། གཅིག་ཕན་གཅིག་རོགས་ལ་དགའ་བ། ངོ་ཤེས་མིན་ལ་མ་བརྟེན་པར་ཐུག་ཚད་ལ་ཁམས་བདེའི་འཚམས་འདྲི་བྱེད་སྲོལ་ཡོད་པའི་ཆེས་ཡ་རབས་ཀྱི་མི་རིགས་ཤིག་རེད། ས་ལ་རྒྱུས་མེད། མི་ལ་རྒྱུས་མེད། སྐད་ལ་རྒྱུས་མེད། ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་ལུང་པ་འདིར་སྐྱབས་བཅོལ་ལ་ཐོག་མར་སླེབས་སྐབས། ཆེས་སེམས་འགུལ་ཐེབས་དགོས་པ་ཞིག་ནི་མི་རྣམས་ཀྱི་ཞལ་ནས་ལྷད་མེད་པའི་འཛུམ་མདངས་དེ་རེད། གལ་སྲིད་ལམ་ཁ་ཞིག་སྐད་ཆ་དྲིས་ན། རང་གི་ལས་དོན་མཚམས་བཞག་ནས་མི་གཞན་ལ་ལམ་ཁྲིད་རོགས་རམ་བྱེད་མཁན་ཐེངས་མང་ཐུག་རྒྱུ་ཡོད་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་རེད། ཡིན་ན་ཡང་ད་ཆར་རྒྱ་ནག་ནས་འཆད་པའི་རིམས་ནད་འདིས་རྐྱེན་པའི་མི་ཚང་མའི་གདོང་ནས་སྐྱོ་སྣང་རེ་དང་། སེམས་ནས་འཇིགས་སྣང་རེ། མི་དང་མིའི་བར་རྒྱང་ཐག་རིང་དུ་འགྲོ་བ། མི་དང་མིའི་བར་ལ་དོགས་ཟོན་ཆེ་རུ་འགྲོ་བ། མཐོང་ན་གཡོལ་ནས་འགྲོ་བ་སོགས་བཟང་སྤྱོད་ཀྱི་རྣམ་པ་མང་པོ་ཞིག་ང་ཚོའི་མིག་ལམ་ནས་ཡལ་བཞིན་པ་འདི་རེད། ད་དུང་སྣ་ལེབ་ལེབ་དང་མིག་ཆུང་ཆུང་རྒྱ་མི་རིགས་ཀྱི་གདོང་དབྱིབས་ཅན་གྱི་ཨེ་ཤི་ཡའི་མི་དག་ལ་དོགས་པ་དང་སྐྲག་སྣང་དེ་ལས་ཆེ་བ་མེད་དམ་སྙམ་པའི་ཚོར་སྣང་ཞིག་ངང་གིས་སྦྱིན་བཞིན་འདུག ཚེ་སྲོག་གི་གནས་དོན་ཞིག་ལ་ཐུག་དུས་ཁོང་ཚོ་ལ་ཡང་ཁག་ཅི་ཡོད། དེ་བརྟེན་ནག་ཉེས་གང་ཡང་མ་བསགས་པའི་ཉེས་མིག་ནི་སུས་ཀྱང་འཁུར་འདོད་མེད་པ་བཞིན། ནམ་རྒྱུད་བོད་པ་ཡིན་ལབ་པའི་སྤོབས་པ་མེད་མཁན་དང་། བོད་དྲི་ཡལ་ཟིན་པའི་གསར་སྐྱེས་ཚོས་ཀྱང་ད་རིང་སྐད་གསང་མཐོན་པོ་དང་། བཟོ་སྟབས་འདྲ་མིན་གྱིས་བོད་པའི་རྣམ་པ་ཞིག་ཨི་ཐོན་བསམ་མཁན་མང་པོ་ཡོད་རྒྱུ་རེད།དེ་ལོས་ཡིན། ང་ལ་ཡང་རིམས་ནད་སྣ་འདྲེན་ཀྱི་མི་རིགས་ཤིག་དང་མཐོང་སྣང་གཅིག་པ་ཆགས་གཅུག་འདོད་གཏན་ནས་མ་བྱུང་།ཉེས་མིག་དེ་ངའི་ཐོག་ལ་བབས་དགོས་དོན་མི་འདུག་སྙམ་ནས་འདང་མང་པོ་བརྒྱབ། བོད་ཆས་ཕྱུ་པ་ཞིག་གོན་རྒྱུ་བསམ་མནོ་གཏོང་ན། དེ་ཡང་སྟབས་བདེ་པོ་ཞིག་མ་རེད། ལག་ལ་ཕྲེང་མ་ཞིག་བཟུང་ནས་འགྲོ་ན་ཡང་མི་རིགས་གཞན་དང་ཆོས་ལུགས་གཞན་ལ་ཡང་ཕྲེང་མ་བཟུང་མཁན་མང་། མཐར་དབྱིན་ཡིག་ནས་བོད་( TIBET ) ཞེས་བྲིས་པའི་དཔེ་ཁུག་འདི་སེམས་ལ་འཁོར་བྱུང་། འདིས་ང་ལ་དཔངས་པོ་ཞིག་བྱེད་ཡོང་བསམ་པའི་རེ་བ་བཅང་། ད་རིང་གི་དུས་ཚོད་འདི་ལ། ནང་བོད་པ་ཙམ་མ་ཟད་ཕྱི་ལོགས་ཀྱང་བོད་པའི་རྣམ་པ་ཞིག་སྟོན་དགོས་རྒྱུ་གལ་ཆེན་པོ་ཆགས་འདུག མི་གཞན་གྱི་སེམས་ལ་དེ་ཙམ་གྱི་ནུས་པ་ཞིག་ཐོན་གྱིན་ཡོད་མེད་མི་ཤེས་ཏེ། དཔེ་ཁུག་འདི་མཉམ་ཁྱེར་གྱིས་ཕྱིར་ཐོན་ན་སེམས་ལ་དེ་ཙམ་མ་བདེ་བ་མི་འདུག་ལ། ཕྱོགས་གཅིག་ནས་སྤོབས་པ་ཞིག་ཀྱང་སླེབས་ཀྱིན་འདུག་པས། ནུབ་ཕྱོགས་ཡུལ་གྲུ་ཁག་ལ་བཞུགས་མཁན་གྱི་བོད་རིགས་སྤུན་ཟླ་ཚོར་འདི་ལྟ་བུའི་སེམས་འཚབ་ཡོད་མཁན་རིགས་ཡོད་ན། མི་རིགས་གཞན་གྱི་ནག་ཉེས་ཤིག་ང་ཚོས་འཁུར་དགོས་དོན་མེད་པས།ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ང་ཚོ་བོད་རིགས་ཡིན་པའི་རྣམ་པ་དེ་གསལ་པོ་སྟོན་ཐུབ་དགོས་པར་ཧ་ཅང་གལ་ཆེའོ།།