རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
བསྒྱུར་བ་པོའི་གཏམ།
དེ་ཡང་རྩོམ་ཡིག་འདི་ནི། སྐད་ཡིག་བཞི་བཅུ་ཞེ་ལྔར་བསྒྱུར་ཡོད་པའི་འཇིག་རྟེན་ན་སྙན་གྲགས་ཆེ་བའི་དེབ་《 འགྲོ་བ་མིའི་ལོ་རྒྱུས་མདོར་སྡུས་ 》 ཀྱི་རྩོམ་པ་པོ་ཡོའུ་ཝེལ་ནོཝཱ་ཧཱ་ར་རིས་ཀྱིས་བརྩམས་ཤིང་། བདུན་ཕྲག་སྔ་མའི་མཇུག་ཏུ་(2020/4/5) དཔལ་འབྱོར་དུས་བབ་ཏུ་བཀོད་པའི་རྒྱལ་སྤྱིའི་གྲགས་ཅན་རྩོམ་ཡིག་ཅིག་སྟེ། ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་བསམ་གཞིག་གལ་ཆེན་ཞིག་ཀྱང་ཡིན། དེའི་ནས་ད་ཐེངས་གུས་པས་དུས་ཚོད་ཅུང་ཟད་བཏང་ནས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན། ངས་བསམ་ན། ཁོང་གི་འཆར་སྣང་དང་དགོངས་ཚུལ་འདི་དག་ད་ལྟའི་ཆར་ང་ཚོ་ལ་གལ་ཆེན་པོ་ཆགས་ཀྱི་ཡོད།
དེ་ཡང་༧གོང་ས་མཆོག་གིས། ང་ཚོའི་དུས་ཀྱི་སྐྱོ་གནས་མཐའ་དག་སྤྱི་ཡོངས་ཀྱི་ཆ་ནས་ཕན་མེད་ཅིག་མིན། ཞེས་གསུངས་པ་དང་། དམ་པའི་ཆོས་རིན་པོ་ཆེའི་བསླབ་བྱ་དག་གི་ནང་དུའང་། རྐྱེན་ངན་གྲོགས་སུ་ཤར་བ་དང་། འགལ་རྐྱེན་ལམ་དུ་སློང་བ་ཞེས་ཡང་ཡང་འབྱུང་བ་དེའང་ཉམས་ཉེན་གོ་སྐབས་སུ་བསྒྱུར་ནས་བཟང་ཕྱོགས་ཀྱི་མ་འོངས་པ་ཞིག་ལ་རེ་བ་དང་གྲ་སྒྲིག་གི་ཆོད་སེམས་དང་ངོས་འཛིན་ཡོད་དགོས་པའི་དོན་ལོས་ཡིན།
དེ་བཞིན། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཕན་ཐོགས་ཡོད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་ཆིངས་ཡིག །གྲོས་མཐུན་སོགས་མང་པོ་ཞིག་ཀྱང་འཛམ་གླིང་གཡུལ་ཆེན་དང་པོ་དང་གཉིས་པ་ལྟ་བུའི་དཀའ་ངལ་གྱི་གོ་རིམ་བརྒྱུད་རྗེས་ཀྱི་གོ་རྟོགས་དང་ངེས་ཤེས་ལས་བྱུང་བ་འབའ་ཞིག་ཡིན་པ་མཁྱེན་གསལ་ལྟར་ཏེ། ང་ཚོས་ཀྱང་གོ་སྐབས་འདི་བརྒྱུད་ནས་ཤིན་ཏུ་མ་འདྲ་བའི་མ་འོངས་པ་ཞིག་ལ་རེ་བ་རྒྱག་དགོས།
ནད་ཡམས་འདིའི་རྗེས་སུ་མིའི་རིགས་ཀྱི་བསམ་བློ་དང་། སྲིད་གཞུང་དང་དཔལ་འབྱོར་གྱི་སྒྲོམ་གཞི། ལག་རྩལ་གྱི་བཀོལ་ཕྱོགས་སོགས་མང་པོ་ཞིག་ལ་འགྱུར་བ་ངེས་པར་འགྲོ་ངེས་ཡིན་ན། འགྱུར་བ་འདི་དག་དང་མཐུན་པའི་སེམས་ནང་གི་གྲ་སྒྲིག་རེ་ནི་ཅིས་ཀྱང་དགོས་པ་ཞིག་ཡིན་མཆི་སྙམ་ནས་ཀྱང་རྩོམ་ཡིག་འདི་བོད་ཡིག་ཏུ་བསྒྱུར་རྒྱུའི་འདུན་པ་སྐྱེས་པ་ཡིན།
ལར་དད་མོས་དང་རིག་གནས་མ་འདྲ་བ་དང་ཁོར་ཡུག་མི་འདྲ་བའི་མི་སོ་སོར་བསམ་བློ་གཏོང་སྟངས་མ་འདྲ་བ་རེ་ཡོད་ཆོག་མོད། ད་ལྟའི་དུས་འདིར་འཛམ་གླིང་གི་ས་ཁུལ་གཞན་ཞིག་ཏུ་བྱུང་བའི་དོན་དག་གང་ཡིན་ཡང་ང་ཚོ་ཚང་མ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་དང་། འཛམ་གླིང་སྤྱིའི་གནས་བབ་ཀྱི་འགྱུར་བ་ཆེ་ཆུང་ཚང་མས་ང་ཚོའི་མི་ཚེ་དང་འཚོ་བ་ལའང་ཐད་ཀར་ཤུགས་རྐྱེན་བྱེད་ཀྱི་ཡོད།
མཉམ་འབྲེལ་རྒྱལ་ཁབ་སོགས་ཀྱིས་ཉེ་ཆར་གྱི་བཤད་སྟངས་ལྟར་ན། ཐེངས་འདིའི་ཏོག་དབྱིབས་ནད་དུག་གི་གནོད་འཚེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་མིའི་རིགས་ལ་དཀའ་ངལ་ཆེ་ཤོས་སྤྲོད་མཁན་གྱི་གནོད་འཚེ་ཡིན་པར་མ་ཟད། ཉིས་སྟོང་བརྒྱད་ལོའི་དཔལ་འབྱོར་ཉམས་ཉེན་ལས་ལྡབ་བཅུ་ཕྲག་གིས་ཚབས་ཆེ་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ཅེས་ཟེར།
གང་ལྟར་མཇུག་ཏུ་ང་ཚོ་ཐུན་མོང་གི་རེ་བ་ནི། ད་ཐེངས་ཀྱི་དཀའ་ངལ་འདི་ང་ཚོའི་དུས་རབས་འདིར་གདོང་ལེན་དགོས་པའི་དཀའ་ངལ་ཆེ་ཤོས་ཐ་མ་དེ་ཡིན་པའི་རེ་བ་ཡོད་ལ། མིག་སྔུན་གྱི་གནས་བབ་གང་འདྲ་ཡིན་མིན་ལ་མ་ལྟོས་པར། ང་ཚོས་མ་འོངས་པ་དང་རང་བྱུང་ཁམས། མིའི་རིགས་བཅས་ལ་འགན་ཁུར་བའི་འབྱུང་འགྱུར་ཞིག་གི་ཆེད་དུ་ཡིད་ཆེས་དང་སྤོབས་པ་མ་ཞུམ་པའི་ཐོག་ནས་མདུན་དུ་བསྐྱོད་དགོས་སོ། །
ད་དུང་གསལ་བཤད་དགོས་པ་ཞིག་ནི། རྩོམ་ཡིག་འདི་ཁང་པ་སྤོ་ཞོར་གྱི་མི་ཁོམ་པའི་བར་གསེང་ཞིག་ནས་བསྒྱུར་བ་ཡིན་པས་ཚིག་དོན་ལ་ནོར་འཁྲུལ་ཡོད་སྲིད་མོད། ཆེད་སྤྱོད་ཀྱི་བརྡ་ཆད་དག་ནི་《གསར་བྱུང་རྒྱུན་བཀོལ་མིང་མཛོད་》གཞིར་བྱས་པས་ཡིད་རྟོན་ཕེལ་བ་ཡོད་ཅིང། ཚིག་གི་སྦྱོར་བ་ནི་ཟོར་ཡང་ཞིང་གོ་བདེ་ལ། སྒྲ་དང་དོན་གྱི་འགྱུར་ཆ་མཉམ་པ་བཅས་ལའང་བསམ་བློ་བཏང་བའི་ཁུལ་ཡིན། རྒྱ་ཡིག་གི་ཚིག་སྦྱོར་དང་མིང་གི་སྒྲ་གདངས་སོགས་གསལ་པོ་མ་ཤེས་པ་འགའ་ཞིག་དབྱིན་ཡིག་ལའང་བསྡུར་ནས་བསྒྱུར་བ་ཡིན་ནོ།།
ཞེས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་གི་རི་བོ་སྔོན་པོའི་རང་གི་སྡོད་གནས་སུ་རྩོམ་ཡིག་འདི་བསྒྱུར་བའི་སྔོན་གླེང་དུ་སྤྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༩ ལའོ། །
ད་ཆ་འགྲོ་བ་མིའི་རིགས་ཀྱིས་གོ་ལ་རང་བཞིན་གྱི་ཉེན་ཁ་ཞིག་ལ་གདོང་གིས་བསུ་བཞིན་ཡོད་ཅིང་། འདི་ནི་ང་ཚོའི་དུས་རབས་འདིའི་ཉེན་ཁ་ཆེས་ཆེ་ཤོས་དེ་ཡིན་སྲིད། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མ་འོངས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་གི་ཐག་གཅོད་དེ་དག་གིས་ཀྱང་འབྱུང་འགྱུར་ལོ་ངོ་དུ་མའི་ནང་གི་འཛམ་བུ་གླིང་ལ་འགྱུར་བ་གཏོང་སྲིད། ཐག་གཅོད་དེ་དག་གིས་ང་ཚོས་སྨན་བཅོས་འཕྲོད་བསྟེན་འགན་ལེན་གྱི་མ་ལག་ལ་ཤུགས་རྐྱེན་ཐེབས་པ་ཙམ་མ་ཡིན་པར་། ད་དུང་ང་ཚོའི་དཔལ་འབྱོར་དང་ཆབ་སྲིད་རིག་གནས་དང་བཅས་པར་ཡང་ཤུགས་རྐྱེན་ཐེབས་ཀྱི་རེད།
ང་ཚོས་ངེས་པར་དུ་མགྱོགས་མྱུར་ངང་འཕྲལ་ཐག་ཆོད་པོས་བྱ་སྤྱོད་ལག་ལེན་དུ་བསྟར་དགོས་ཀྱི་ཡོད་མོད། ལག་ལེན་དེ་དག་གི་དུས་ཡུན་རིང་པོའི་མཇུག་འབྲས་ལའང་བསམ་བློ་གཏོང་དགོས་ཀྱི་ཡོད། ཇུས་གཞི་མི་འདྲ་བ་དེ་དག་གི་བར་དུ་འདེམས་ཀ་བྱེད་པའི་སྐབས་སུ་ང་ཚོས་ཅི་ལྟར་བྱས་ནས་མིག་སྔུན་དུ་ཡོད་པའི་འཇིགས་སྣང་ལ་སྡུག་རུས་བྱ་ཐུབ་པ་ཞིག་དགོས་པར་རང་གིས་རང་ལ་དྲི་བ་འདོན་དགོས་པར་མ་ཟད། ད་དུང་ང་ཚོས་རང་གིས་རང་ཉིད་ལ་ཆར་རླུང་དྲག་པོ་འཇགས་རྗེས་ཀྱི་འབྱུང་འགྱུར་གྱི་ང་ཚོ་འཛམ་གླིང་གང་འདྲ་ཞིག་ཏུ་འཚོ་གནས་བྱ་རྒྱུ་ཡིན་པའི་ཐད་ལའང་དྲི་བ་འདོན་དགོས།
དེ་ག་རང་རེད། དྲག་ཆར་ནི་འདས་པར་འགྱུར་ལ། མི་རིགས་ནི་མུ་མཐུད་དེ་གནས་པར་འགྱུར། ང་ཚོའི་མི་ཕལ་མོ་ཆེ་ཡང་མ་འོངས་པའི་ཆར་སྔར་མུས་བཞིན་འཚོ་རྒྱུ་རེད། འོན་ཀྱང་། མ་འོང་པར་ང་ཚོའི་འཚོ་བ་ནི་འཛམ་གླིང་གཞན་ཞིག་ཏུ་སྐྱེལ་རྒྱུ་དེ་རེད།
ད་ལྟའི་དུས་ཡུན་ཐུང་ངུའི་ནང་གི་ཛ་དྲག་གི་བྱ་ཐབས་མང་པོ་ཞིག་མ་འོངས་པར་འཚོ་བའི་ཆ་ཤས་སུ་འགྱུར་རྒྱུ་རེད། འདི་ནི་ཛ་དྲག་བྱ་ཐབས་ཀྱི་རང་གཤིས་ཤིག་རེད། བྱ་ཐབས་དེ་དག་གིས་ལོ་རྒྱུས་ཀྱི་གོམ་སྟབས་མགྱོགས་ཏུ་གཏོང་གི་རེད། ནམ་རྒྱུན་གྱི་གནས་ཚུལ་འོག་ཏུ་ཁྲིམས་ཀྱི་གྲོས་གཞི་གང་ཞིག་ཐག་བཅོད་ཡོང་བར་ལོ་གྲངས་མང་པོའི་དུས་ཚོད་གཏོང་དགོས་སྲིད་པ་ཞིག་ལའང་། ད་ལྟ་ཆུ་ཚོད་ཁ་ཤས་ཀྱི་ནང་ནས་གྲོས་ཆོད་འཇོག་ཐུབ་པ་ཡོང་གི་ཡོད། མ་སྨིན་པ་དང་ཐ་ན་ཉེན་ཁ་ཡོད་པའི་ལག་རྩལ་གང་ཞིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་སུ་འཇུག་པ་ལྟ་བུར་གོ་མེད་ཚོར་མེད་དུ་རང་གར་བསྡད་ན་རྒྱལ་ཁབ་ཧྲིལ་པོ་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཚོད་ལྟའི་ཁྲོད་ཀྱི་རྒྱ་གར་ཙི་ཙི་རུ་འགྱུར་རྒྱུ་ཡིན་པས་ཉེན་ཁ་ལྷག་ཏུ་ཆེ་བ་ཞིག་ཡིན།
མི་རེ་རེ་བཞིན་ཚང་མ་ནང་དུ་ལས་ཀ་བྱེད་པ་དང་། དེ་ལས་ཀྱ་གལ་ཏེ་རྒྱང་རིང་ཕན་ཚུན་བསམ་བློ་རྗེ་རེས་བྱེད་པ་ཙམ་ལའང་གནས་ཚུལ་ཅི་ཞིག་ལྷག་བཞིན་ཡོད་དམ། སློབ་གྲྭ་དང་སློབ་ཆེན་ཧྲིལ་པོར་དྲ་ཐོག་ན་གནས་ཚུལ་ཅི་ཞིག་ལྷག་གིན་ཡོད་དམ། ནམ་རྒྱུན་གྱི་གནས་ཚུལ་འོག །སྲིད་གཞུང་དང་། ཚོང་ལས། སློབ་གྲྭ་བཅས་ཀྱིས་འདི་ལྟ་བུའི་ཚོད་ལྟའི་རིགས་ལག་ཏུ་ལེན་རྒྱུར་ནམ་ཡང་མོས་མཐུན་བྱ་མི་སྲིད་པ་ཡིན་ན་ཡང་ད་ཆ་རྒྱུན་ལྡན་མ་ཡིན་པའི་དུས་སྐབས་སུ་ཡོད་པས་དེ་ཚང་མ་རྒྱུན་ལྡན་དུ་འགྱུར་གྱི་ཡོད།
ཉེན་ཁའི་དུས་སུ། ང་ཚོར་ཧ་ཅང་གལ་འགང་ཆེ་བའི་གདམས་ཀ་གཉིས་དང་འཕྲད་ཀྱི་ཡོད་དེ། དང་པོ་ནི། དབང་སྡེམ་རང་ལུགས་ཀྱི་ལྟ་ཞིབ་དང་། དབང་ཚད་མི་མང་ལ་ཡོད་པའི་བར་གྱི་གདམ་ག་རེད་ལ། གཉིས་པ་ནི། མི་རིགས་རང་ལུགས་ཀྱི་ཁེར་རྐྱང་དང་། ས་གོ་ལའི་མཐུན་སྒྲིལ་བར་གྱི་འདེམས་ཀ་རེད།
པགས་པའི་འོག་གི་ལྟ་མྱུལ།
རྒྱ་ཁྱབ་ཡམས་ནད་འདི་རིགས་ལ་བཀག་སྡོམ་ཡོང་བའི་ཆེད་དུ་མི་ཚང་མས་ངེས་པར་དུ་ཚད་གཞི་འགའ་ཞིག་ལ་བརྩི་སྲུང་བྱད་དགོས་ཀྱི་ཡོད་པ་རེད་ལ། ཐབས་ཤེས་གཙོ་ཆེ་བ་གཉིས་ཀྱིས་དམིགས་ཡུལ་འདི་མངོན་དུ་འགྱུར་ཐུབ། ཐབས་ལམ་གཅིག་ནི་སྲིད་གཞུང་གིས་མི་མང་ལ་ལྟ་མྱུལ་བྱེད་ཅིང་། སྒྲིག་འགལ་བྱེད་མཁན་གྱི་མི་ལ་ཆད་པ་གཅོད་པ་དེ་རེད། ད་ཆ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་ཐོག་མར་ལག་རྩལ་གྱིས་ཐད་ཀར་མི་ཚང་མ་ལ་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད། ལོ་ལྔ་བཅུའི་སྔོན་ཁི་གྷི་པཱོ(KCB)ཡིས་ཉིན་རྟག་པར་ཆུ་ཚོད་ཉིར་བཞིའི་རིང་སུའུ་ལེན་གྱི་མི་མང་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལ་རྗེས་འདེད་གཏོང་མི་ཐུབ་ལ། ལག་ཏུ་ཐེབས་པའི་ཆ་ཕྲིན་ཡོད་ཚད་ནུས་པ་ལྡན་པའི་ཐོག་ནས་ཐག་གཅོད་བྱེད་པ་ནི་མི་སྲིད་པ་ཞིག་རེད། ཁི་གྷི་པཱོ་ཡིས་མིའི་རིགས་ཀྱི་གསང་མྱུལ་བ་དང་དབྱེ་ཞིབ་པར་རྟེན་དགོས་པས་མི་སེར་རེ་རེ་བཞིན་རྗེས་འདེད་གཏོང་བ་ནི་ཡོང་མི་སྲིད་པ་ཞིག་རེད། ཡིན་ན་ཡང་ད་ལྟ་སྲིད་གཞུང་གིས་མ་ཁྱབ་ས་མེད་པའི་ཆེད་ཚོར་འཕྲུལ་ཆས་དང་ཤུགས་ཆེ་བའི་རྩི་ཐབས་བཅས་ཀྱིས་དམིགས་འདུན་འདི་ཉིད་མངོན་གྱུར་བྱས་ཡོད།
ཏོག་དབྱིབས་ནད་དུག་དང་འཐབ་རྩོད་ཀྱི་ཁྲོད་དུ་སྲིད་གཞུང་འགའ་རེས་ལྟ་མྱུལ་གྱི་ལག་ཆ་གསར་པ་དེ་འདྲ་བཀོད་སྒྲིག་བྱས་ཚར་བས་དམ་བསྒྲགས་ཆེ་བའི་ལྟ་མྱུལ་བརྒྱུད་མི་རྣམས་ཀྱི་ཤེས་ནུས་ཀྱི་ཁ་པར་ལ་ལྟ་མྱུལ་བྱེད་པ་དང་། བེད་སྤྱོད་ཀྱི་གྲངས་ཚད་ཁྲི་བརྒྱ་ཕྲག་བརྒལ་བའི་ངོ་གདོང་ངོས་འཛིན་གྱི་བརྙན་མིག་གིས་ཀྱང་མི་རྣམས་ལ་བརྟགས་དཔྱད་དང་ཁོང་ཚོའི་གཟུགས་པོའི་དྲོད་ཚད་དང་འཕྲོད་བསྟེན་གནས་ཚུལ་བཅས་ཡར་ཞུ་བྱེད་ཀྱི་ཡོད།
ཨི་ཟི་རེལ་གྱི་སྲིད་བློན་བྷེན་ཇའ་མིན་ནེ་ཐན་ཡ་ཧུ་(Benjamin Netanyahu་ཡིས་ཉེ་ཆར་རང་ཨི་ཟི་རེལ་བདེ་འཇགས་ལས་ཁུངས་ལ་ལྟ་མྱུལ་ལག་རྩལ་བཀོད་སྒྲིག་གིས་ཏོག་དབྱིབས་ནད་པ་དག་ལ་རྗེས་འདེད་གཏོང་རྒྱུའི་དབང་ཆ་སྤྲད་ཡོད། ལག་རྩལ་འདི་ནི་ནམ་རྒྱུན་ཡིན་ན་འཇིགས་སྐུལ་རིང་ལུགས་པ་དང་དམག་འཐབ་ཀྱི་སྐབས་སུ་བེད་སྤྱོད་བྱེད་པ་ཞིག་རེད། གྲོས་ཚོགས་ཀྱིས་བྱ་ཐབས་འདིར་ཆོག་མཆན་འགོད་རྒྱུར་དགག་བྱ་བྱེད་པའི་སྐབས་སུ་ནེ་ཐན་གྱིས་ཀྱིས་ཛ་དྲག་བཀའ་རྒྱ་བཏོན་ཡོད།
ཁྱོད་ཀྱིས་གཅིག་བྱས་ན་འདི་ཚོ་ལ་ནང་དོན་གསར་པ་མི་འདུག་ཅེས་དགག་པ་རྒྱག་སྲིད། ཉེ་བའི་ལོ་དུས་ནས་སྲིད་གཞུང་དང་སྤྱི་གཉེར་ཁང་ཚང་མས་གཅིག་ལས་གཅིག་སྔོན་ཐོན་ཡིན་པའི་ལག་རྩལ་གྱིས་མི་རྣམས་ལ་རྗེས་འདེད་དང་ལྟ་མྱུལ་ཚོད་འཛིན་བྱས་བྱེད་ཀྱི་ཡོད། ཡིན་ན་ཡང་། གལ་ཏེ་ང་ཚོས་གཟབ་གཟབ་མ་བྱས་པ་ཡིན་ན། ད་ལྟའི་རྒྱ་ཁྱབ་ནད་ཡམས་འདི་ཉིད་མིའི་རིགས་ཀྱི་སོ་མྱུལ་གྱི་ལོ་རྒྱུའི་ཐོག་གི་གལ་འགང་ཆེ་བའི་ཆུ་རྒྱུན་འབྱེད་མཚམས་ཤིག་ཏུ་འགྱུར་སྲིད།
ནད་དུག་འདིའི་རྐྱེན་གྱིས་སྔར་ནས་ད་བར་བེད་སྤྱོད་བྱ་རྒྱུར་བཀག་པའི་གཞི་རྒྱ་ཆེ་བའི་མི་ཤུགས་ལྟ་མྱུལ་གྱི་རྒྱལ་ཁབ་དག་གི་ནང་དུའང་ལྟ་མྱུལ་ཚོད་འཛིན་རྒྱུན་ལྡན་དུ་གྱུར་པར་མངོན་བཞིན་ཡོད་ཅིང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། པགས་པའི་ཐོག་ཏུ་ཡོད་པའི་ལྟ་མྱུལ་དང་ཚོད་འཛིན་དེ་ཉིད་པགས་པའི་ཐོག་ནས་པགས་པའི་ནང་རིམ་དུ་གོམས་སྟབས་མྱུར་པོས་འཕོ་འགྱུར་འགྲོ་བཞིན་ཡོད།
སྔར་ཡིན་ན། ཁྱོད་ཀྱིས་འཛུབ་མོོས་ཤེས་ནུས་ཁ་པར་གྱི་འཆར་ངོས་ལ་རེག་ཐུག་དང་དེ་ནས་འབྲེལ་ཐག་ལ་སྣུན་པའི་དུས་ན་སྲིད་གཞུང་གིས་ཁྱོད་ཀྱི་ལག་པའི་འཛུབ་མོས་ཡང་སྙིང་གང་ལ་བརྡེགས་བཞིན་ཡོད་པ་ཤེས་འདོད་ཡོད་པ་དེ་འདྲ་ཞིག་ཡིན་ན་ཡང་། ད་ཆ་ཏོག་དབྱིབས་ནད་དུག་གི་ཐད་ནས་སྲིད་གཞུང་གིས་དོ་སྣང་བྱ་ཡུལ་གཙོ་བོ་དེར་འགྱུར་བ་སོང་ཟིན་ཅིང་། ད་ལྟ་སྲིད་གཞུང་གིས་ཁྱོད་ཀྱི་ལག་པའི་འཛུབ་མོའི་དྲོད་ཚད་དང་དེའི་པགས་པའི་འོག་གི་ཁྲག་གི་འཕར་རྩ་བཅས་ཤེས་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ཛ་དྲག་གི་ཕི་ཐུད།
ལྟ་སྐུལ་ཚོད་འཛིན་གྱི་ལག་རྩལ་དེ་དག་ངོ་མ་ཧ་ལས་དགོས་པའི་མགྱོགས་ཚད་ཀྱིས་འཕེལ་རྒྱས་འགྲོ་བཞིན་འདུག་སྟེ། ལོ་བཅུའི་སྔོན་གྱི་ཚན་རྟོག་གློག་བརྙན་གྱི་སྒྲུང་གཏམ་དེ་དག་ད་ཆ་ང་ཚོའི་རྒྱུན་ལྡན་གྱི་གསར་འགྱུར་དུ་གྱུར་ཟིན་པ་དེ་རེད། བསམ་བློའི་ཚོད་ལྟའི་རྣམ་གྲངས་ཤིག་གི་ངོས་ནས། ང་ཚོས་ཐོག་མར་སྲིད་གཞུང་ཞིག་བློས་བསླངས་བྱས་རྗེས། གལ་ཏེ་དེ་ལྟ་བུའི་སྲིད་གཞུང་ཞིག་གིས་མི་སེར་ཚང་མ་ལ་ཉི་མ་རེ་རེ་བཞིན་དུ་སྐྱེ་དངོས་ཀྱི་ཁྱད་རྟགས་ངོས་འཛིན་བྱེད་པའི་ལག་གདུབ་འདོགས་དགོས་པའི་བླངས་བྱ་བཏོན་ཅིང་། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་གི་གཟུགས་པོའི་དྲོད་ཚད་དང་སྙིང་གི་འཕར་ཚད་སོགས་ལ་ལྟ་འཇལ་བྱས་རྗེས་གང་ཞིག་ཐོབ་པའི་དན་གྲངས་སྲིད་གཞུང་གི་རྩི་ཐབས་བརྒྱུད་ནས་གསོག་ཉར་དང་དབྱེ་ཞིབ་བཅས་བྱས་པ་ཡིན་ན། རྩི་ཐབས་འདི་དག་གིས་ཐ་ན་ནད་རྟགས་མ་ཐོན་པའི་སྔ་རོལ་ནས་ཀྱང་ཁྱོད་རང་ནད་ཀྱིས་ཐེབས་པ་དེ་ཤེས་ཐུབ་ཀྱི་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཁོང་ཚོས་ད་དུང་ཁྱོད་རང་གང་དུ་ཕྱིན་པ་དང་སུ་དང་ཐུག་པ་སོགས་ཀྱང་ཤེས་པར་འགྱུར་བས་འགོས་ཁྱབ་བརྒྱུད་ལམ་གྱི་ཁྱབ་ཡུལ་རྒྱ་ཧ་ཅང་རྒྱ་ཆུང་དུ་གཏོང་ཐུབ་ལ། ཐ་ན་ཡོངས་སུ་རྒྱུན་གཅོད་ནུས་པས་དེ་ལྟ་བུའི་མ་ལག་གིས་ཉི་མ་ཁ་ཤས་ཀྱི་ནང་ལ་རྒྱ་ཁྱབ་ཡམས་ནད་ཀྱི་འགོས་ཁྱབ་མཚམས་ཆད་དུ་འཇུག་ནུས་ཞེས་བརྗོད་ཆོག །དེ་འདྲ་དེ་གོ་ཡོང་དུས་ཧ་ཅང་ཡག་པོ་འདུག །མ་རེད་པས། ཡིན་ན་ཡང་དེ་ལ་སྐྱོན་ཆ་ཞིག་ཡོད་པ་ནི། འདི་ལྟ་བུའི་འཇིགས་སུ་རུང་བའི་ལྟ་མྱུལ་མ་ལག་གསར་པ་དེ་ཉིད་ནམ་ཞིག་ཁྲིམས་མཐུན་རང་བཞིན་ཅན་དུ་གྱུར་པའི་མཇུག་འབྲས་རེད།
དཔེར་ན། གལ་ཏེ་ཁྱོད་ཀྱིས་ངའི་འཛུབ་མོས་བརྡེགས་ས་དེ་ཧྥོག་སི་གསར་འགྱུར་གྱི་འབྲེལ་ཐག་ཡིན་པ་ལས་སི་ཨེན་ཨེན་གྱི་འབྲེལ་ཐག་མ་ཡིན་པར་ཤེས་པ་དང་། དེ་ག་རང་ལ་ང་དང་འབྲེལ་བའི་ཆབ་སྲིད་ཀྱི་ལྟ་ཚུལ་དང་། ཐ་ན་མི་གཤིས་ཀྱི་ཆ་འཕྲིན་ཀྱང་ཁྱོད་ལ་གསལ་སྟོན་བྱེད་ཀྱི་རེད། ཡིན་ན་ཡང་། གལ་ཏེ་ཁྱོད་རང་གིས་ངས་བརྙན་འཕྲིན་ལ་ལྟ་བཞིན་པའི་སྐབས་སུ་ངའི་གཟུགས་པོའི་དྲོད་ཚད་དང་ཁྲག་ཤེད་མཐོ་དམན། སྙིང་གི་འཕར་ཚད་མགྱོགས་བུལ་སོགས་ལ་ལྟ་མྱུལ་བྱེད་ཐུབ་པ་དང་། ང་དགོད་པ་དང་ངུ་བ་ནས་ང་སྤྲོ་ལངས་དུ་འཇུག་པའི་རྒྱུ་མཚན་ངོ་མ་ཡང་ཤེས་རྟོགས་ཐུབ་ཀྱི་ཡོད།
གལ་ཆེ་ཤོས་ཤིག་ནི། ཁོང་ཁྲོ། དགའ་སྤྲོ། ཉོབ་སྣང་། བརྩེ་བ་སོགས་སྐྱེ་དངོས་ཀྱི་སྣང་ཚུལ་ཏེ། དེ་ནི་ཚ་བ་རྒྱས་པ་དང་གློ་ལུ་བ་ནང་བཞིན་རེད། ལག་རྩལ་གྱིས་གློ་ལུ་བར་ངོས་འཛིན་བྱེད་པ་དང་མཉམ་དུ་གད་མོ་ཤོར་བའང་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་རེད། གལ་ཏེ་སྤྱི་གཉེར་ཁང་དང་སྲིད་གཞུང་གིས་ང་ཚོའི་སྐྱེ་དངོས་ངོས་འཛིན་གྱི་དན་གྲངས་འབོར་ཆེན་འཚོལ་བསྡུད་བྱེད་མགོ་ཚུགས་པ་ན། མ་འོངས་པར་ང་ཚོ་རང་ཉིད་ལས་ཀྱང་མང་བ་ཞིག་ཁོ་ཚོ་ང་ཚོ་ལ་ཆ་རྒྱུས་ཆེ་བ་ཆགས་ཀྱི་རེད། དེ་འདྲ་ཡིན་སྟབས། ཁོ་པ་ཚོས་ང་ཚོའི་ཚོར་བ་ལ་སྔོན་དཔོག་ཐུབ་པ་ཙམ་མ་ཡིན་པར། ད་དུང་ང་ཚོའི་ཚོར་བ་ལ་ཚོད་འཛིན་ཡང་ཐུབ། མ་ཟད་ང་ཚོས་སོ་སོ་ལ་ཡོད་ན་བསམ་བཞིན་པའི་ཅ་དངོས་གང་འདྲ་ཞིག་ཡིན་ཡང་དེ་ཁོ་ཚོས་ཤེས་པའི་ཐོག་ནས་ང་ཚོར་ཚོང་བསྒྱུར་བྱེད་པ་དང་། ད་དུང་ཐོན་རྫས་དང་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ཀྱང་ཕྱིར་འཚོང་བྱེད་ཀྱི་རེད།
སྐྱེ་དངོས་དབྱེ་འབྱེད་ངོས་ཛིན་གྱི་ཚོད་འཛིན་གྱིས་ཁམ་བྷིརི་རྗི་ཨན་ན་ལི་ཀྲིགཱ་ (Cambridge Analytica )སྤྱི་གཉེར་ཁང་གི་དན་གྲངས་མགྲོན་ནག་གི་བྱེད་ཐབས་སྤྱད་དེ་ཕར་ལྟ་སར་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་མིན་ནམ་སྙམ་པ་ཆགས་སུ་འཇུག་གི་རེད།
ང་ཚོས་རྟོག་འཆར་བློས་བཀོད་ཅིག་བྱས་ན། སྤྱི་ལོ་ཉིས་སྟོང་སུམ་ཅུ་ཐམ་པའི་ལོར་ཐོན་དུས། བྱང་ཁོ་རེ་ཡའི་མི་མང་ཚང་མས་ཉི་མ་རྟག་པར་ཆུ་ཚོད་ཉེ་ཤུ་རྩ་བཞིའི་རིང་དབྱེ་འབྱེད་ངོས་འཛིན་གྱི་ལག་གདུབ་ངེས་པར་དུ་གྱོན་དགོས་པར་མ་ཟད། གལ་ཏེ་ཁྱོད་ཀྱི་རླབས་ཆེན་གྱི་དབུ་ཁྲིད་གང་དེའི་གསུང་བཤད་མཉན་པའི་སྐབས་སུ་ཁྱོད་ཀྱི་ལབ་གདུབ་ཀྱིས་ཁྱོད་རང་ལ་བྱུང་བའི་ཁོང་ཁྲོའི་མངོན་རྟགས་དེ་ཚོ་ཧ་གོ་བར་འགྱུར། སྐབས་དེར་ཁྱོད་རང་རྦད་དེ་ཚར་བ་རེད།
ཡིན་སྟ་ཡིན། སྲིད་གཞུང་གིས་སྐྱེ་དངོས་ཀྱི་ཁྱད་རྟགས་དབྱེ་འབྱེད་ངོས་འཛིན་ཐུབ་པ་དང་། ཛ་དྲག་གནས་ཚུལ་འོག་གི་གློ་བུར་གྱི་བྱ་ཐབས་ལ་བེད་སྤྱོད་བྱེད་པ་དང་། གལ་ཏེ་ཛ་དྲག་གི་གནས་ཚུལ་མཇུག་དྲིལ་ན། བྱ་ཐབས་འདི་དག་ཕྱིར་འཐེན་བྱེད་པ་དེ་འདྲ་ཡོང་ཆོག་གི་རེད། ཡིན་ན་ཡང་། བར་བརྒལ་གྱི་བྱ་ཐབས་ལ་དུས་ཡུན་རིང་པོར་རྒྱུན་བསྲིངས་བྱེད་པའི་གོམས་གཤིས་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོད་པ་རེད། ཁྱད་པར་དུ་ཛ་དྲག་གི་གནས་ཚུལ་གསར་པ་དེ་འདྲ་བསྐྱར་ལོག་རྒྱག་མིན་ལ་བསམ་བློ་གཏོང་སྐབས་དེ་བས་ཀྱང་དེ་འདྲ་ཞིག་རེད།
དཔེར་ན། ངའི་མེས་རྒྱལ་ཨི་ཟི་རེལ་གྱིས་སྤྱི་ལོ་ ༡༩༤༨ ལོའི་རང་བཙན་དམག་འཐབ་ཀྱི་དུས་རིམ་ནང་ཛ་དྲག་གནས་བབས་ཁྱབ་བསྒྲགས་བྱས་ཤིང་། སྐབས་འཕྲལ་གྱི་བྱེད་ཐབས་རབ་དང་རིམ་པ་ཞིག་གཏན་འབེབས་བྱས་པ་དེ་དག་གི་ནང་དུ་གསར་འགྱུར་ཞིབ་བཤེར་དང་ས་ཆ་གཞུང་བཞེས་ནས་ཕེ་ཐུད་བཟོ་བ་སོགས་དམིགས་བསལ་གྱི་གཏན་འབེབས་མང་པོ་ཞིག་འདུས་ཡོད། རང་བཙན་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་རིང་ཞིག་ལོན་ན་ཟིན་ན་ཡང་། ཨི་ཟི་རེལ་གྱི་འཛའ་དྲག་གནས་བབ་མཇུག་དྲིལ་ཟིན་པའི་ཁྱབ་བསྒྲགས་ནམ་ཡང་བྱེད་མྱོང་མེད་ལ། སྤྱི་ལོ་ ༡༩༤༨ ལོའི་སྐབས་འཕྲལ་གྱི་བྱེད་ཐབས་དེ་ཚོ་དོར་མེད། (རྩོམ་པ་པོའི་མཆན། ཛ་དྲག་གི་ཕི་ཐུད་བཀའ་རྒྱ་སྤྱི་ལོ་ ༢༠༡༡ ལོར་གཞི་ནས་རྩིས་མེད་དུ་བཏང་བ་རེད། )
ཏོག་དབྱིབས་ནད་དུག་འགོས་མཁན་ཀླད་ཀོར་དུ་མར་ཕབ་ཟིན་པའི་གནས་སྟངས་ཀྱི་འོག་ཏུ་ཡང་། མི་སེར་གྱི་དན་གྲངས་རག་པར་འདོད་པའི་སྲིད་གཞུང་འགའ་ཞིག་གིས་ཏོག་དབྱིབས་ནད་དུག་བསྐྱར་དུ་རྒྱ་ཁྱབ་དུ་མཆེད་པའི་ཞེད་སྣང་ངམ། ཨ་ཧྤེ་རི་ཁའི་དབུས་རྒྱུད་དུ་གསར་དུ་མངོན་བཞིན་པའི་དབྱི་པོ་ལ་ནད་དུག་སོགས་རྒྱ་མཚན་དུ་བྱས་ནས་ཁོ་ཚོས་སྐྱེ་དངོས་ཁྱད་རྟགས་ངོས་འཛིན་གྱི་མ་ལག་མུ་མཐུད་འཁོར་སྐྱོད་རྒྱུན་སྐྱོང་དགོས་པར་བརྗོད་སྲིད།
གང་རེད་ཟེར་ན། ཁྱོད་ཀྱིས་ཤེས་གསལ་ལྟར། ཉེ་བའི་ལོ་དུས་ནས་ང་ཚོའི་སྒོས་གསང་གི་གནད་དོན་ཐད་འཐབ་རྩོད་ཤུགས་དྲག་པོ་ཞིག་དུས་ཡུན་རིང་པོར་འགྲོ་བཞིན་པ་དེ་རེད། དེའི་ཆ་ནས་ཏོག་དབྱིབས་ནད་དུག་གི་ཉམས་ཉེན་ནི་ཅིག་བྱས་ན་འཐབ་རྩོད་འདིའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་སྲིད། རྒྱུ་མཚན་གང་ཡིན་ཟེར་ན། མི་ཚོའི་སྒོས་གསང་དང་བདེ་ཐང་གཉིས་ཀྱི་བར་དུ་གདམ་ག་བྱེད་སར་ཐོན་དུས་ནམ་རྒྱུན་ཁོང་ཚོས་བདེ་ཐང་འདེམས་ཀྱི་ཡོད་པ་རེད།
འདག་ཆལ་གྱི་ཉེན་རྟོག
དོན་དངོས་ཐོག མི་རྣམས་ལ་སྒོས་གསང་དང་བདེ་ཐང་གི་བར་དུ་གདམ་ག་བྱེད་དགོས་པའི་དགོས་འདུན་འདོན་པ་ནི་གནད་དོན་གྱི་རྩ་བ་ཐུག་ས་དེ་ཡིན་ཏེ། རྒྱུ་མཚན་ནི། འདི་ཉིད་ནོར་འཁྲུལ་ཅན་གྱི་གདམ་ག་ཞིག་ཡིན་པས་རེད། ང་ཚོས་སྒོས་གསང་དང་བདེ་ཐང་ནི་མཉམ་གཅིག་ཏུ་ལོངས་སུ་སྤྱོད་འོས་པ་ཞིག་དང་། དེ་ནི་ཡོང་ཐུབ་པ་ཞིག་ཀྱང་རེད། ང་ཚོས་རང་ཉིད་ཀྱི་བདེ་ཐང་སྲུང་སྐྱོབ་ལ་གདམ་ག་བྱེད་པ་དང་མཉམ་དུ་ཏོག་དབྱིབས་ནད་དུག་རྒྱ་ཁྱབ་ཏུ་འགྲོ་བར་བཀག་འགོག་བྱེད་དགོས་པ་ལས། དབང་སྡེམ་རིང་ལུགས་ཀྱི་ལྟ་མྱུལ་ལམ་ལུགས་བརྒྱུད་ནས་ཡོང་བ་ཞིག་མིན། མ་ཟད་ང་ཚོས་ཀྱང་སྤྱི་དམངས་ཀྱི་དབང་ཚད་མཐོ་རུ་གཏོང་རྒྱུར་འདེམས་ཆོག །
ཉེ་བའི་བདུན་ཕྲག་འགའ་ཞིག་གི་ནང་ཡ་གླིང་གི་རྒྱལ་ཁབ་དང་ས་ཁུལ་འགའ་ཞིག་གི་ནང་དུ་ཞིབ་མོའི་བློ་ཡིས་རྒྱལ་ཁ་ཧ་ཅང་ཆེན་པོ་ཐོབ་པའི་ཏོག་དབྱིབས་ནད་དུག་གི་ཡམས་ནད་བཀག་སྡོམ་གྱི་བྱ་ཐབས་འགའ་ཞིག་ལག་བསྟར་བྱས་ཡོད། མ་གཞི་ཁོང་ཚོས་རྗེས་འདེད་ཀྱི་བཀོལ་སྤྱོད་བསྒྲིགས་རིམ་བེད་སྤྱོད་བཏང་བ་ཞིག་ཡིན་ན་ཡང་། དེ་ལས་ཀྱང་མང་བ་ཞིག་ནི་རྒྱ་ཁྱབ་ཚད་ལེན་ཚོད་ལྟ་དང་་། བདེན་པ་བདེན་ཐུབ་ཀྱི་སྙན་ཞུ་ནས་མཐོང་རྒྱ་ཡོད་པའི་སྤྱི་པའི་རང་མོས་ཀྱི་མཉམ་ལས་བཅས་ལ་བརྟེན་ཡོད།
གཅིག་བསྡུས་ལྟ་མྱུལ་དང་། ཉེས་ཆད་ནན་མོ་གཅོད་པ་ནི་མི་རྣམས་ཀྱིས་དོན་ཕན་ལྡན་པའི་སྒྲིགས་ལམ་ལ་བརྩི་སྲུང་བྱེད་དུ་འཇུག་པའི་ཐབས་ཤེས་གཅིག་པུ་དེ་མ་རེད། དེ་ཡང་མི་རྣམས་ལ་ཚན་རིག་གི་དོན་དངོས་ཤེས་སུ་འཇུག་ཅིང་། སྤྱི་པའི་དབང་འཛིན་ལས་ཁུངས་ཀྱིས་བཤད་པའི་དོན་དངོས་འདི་དག་ལ་སྤྱི་དམངས་ཁོང་ཚོས་ཡིད་ཆེས་བྱེད་པའི་སྐབས་སུ་ཨ་ཇོ་རྒན་པ་ལགས་ཀྱིས་ཁོང་ཚོའི་ཕྲག་པའི་ཐོག་ན་མར་ལྟ་བཞིན་མེད་ན་ཡང་ཁོང་ཚོས་ལས་ཀ་ཡག་པོ་བྱེད་ཀྱི་རེད། ཡར་ཐོན་གྱི་བསམ་བློ་ཡོད་པ་དང་། ཤེས་ཡོན་འབྱམས་སུ་ཀླས་པའི་མི་ཚོགས་ནི་ནམ་རྒྱུན་ནས་སྦྱོང་བརྡར་ཐོབ་པའི་བླུན་རྨོངས་ཀྱི་མི་ཚོགས་ལས་སྟོབས་ཤུགས་ཆེས་ཆེ་བ་ཡིན།
འདག་ཆལ་གྱིས་ལག་པ་འཁྲུད་པ་ནི་དེའི་དཔེ་མཚོན་ཞིག་རེད། འདི་ནི་མིའི་རིགས་ཀྱི་འཕྲོད་བསྟེེན་རིག་པའི་ཐོག་གི་རླབས་ཆེ་བའི་ཡར་རྒྱས་ཀྱི་ནང་གསེས་ཤིག་རེད། སྟབས་བདེ་བའི་འགུལ་སྟངས་འདི་ཁོ་ནས་ཀྱང་ལོ་རེ་བཞིན་དུ་མི་ས་ཡ་ཁ་ཤས་ཀྱི་ཚེ་སྲོག་སྐྱོབ་ཐུབ་ཀྱི་ཡོད། སྤྱིར་བཏང་། ང་ཚོས་ཀྱང་འདི་ནི་ཡིན་ཤག་ཤག་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ན་ཡང་། དོན་དངོས་ཐོག་དུས་རབས་བཅུ་དགུ་པར་ཐོན་སྐབས་གཞི་ནས་ཚན་རིག་པ་དག་གིས་འདག་ཆལ་གྱིས་ལག་པ་འཁྲུད་རྒྱུའི་གལ་ཆེན་གྱི་རང་བཞིན་གསར་དུ་ཤེས་རྟོགས་བྱུང་བ་ཞིག་རེད། སྔོན་ཆད་སྨན་པ་དང་སྨན་ཞབས་དག་གིས་ཀྱང་ཕྱི་ནད་གཤགས་བཅོས་ནས་ཁོག་ནད་གཤགས་བཅོས་ཀྱི་བར་གྱི་བཤའ་བཅོས་ཆ་ཚང་ཞིག་གི་རིང་ལའང་ལག་པ་འཁྲུད་དགོས་ཀྱི་མེད་ན་ཡང་། ད་ཆ་མི་གྲངས་ཐེར་འབུམ་དུ་མ་ཞིག་གིས་ཉི་མ་རེ་རེ་བཞིན་དུ་ལག་པ་འཁྲུད་ཀྱི་ཡོད་པ་དང་། དེ་ཡང་ཁོང་ཚོ་ཉེན་རྟོག་པའི་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་པའི་ཞེད་སྣང་ལྟ་བུས་མ་ཡིན་པར་དེ་ལས་ལྡོག་སྟེ། ཁོང་ཚོས་(ལག་པ་བཀྲུས་པའི་ཕན་ནུས་ཀྱི་)དོན་དངོས་ཤེས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་རེད།
དེ་བཞིན་དུ། ངས་འདག་ཆལ་སྤྱད་ནས་ལག་པ་འཁྲུད་པ་ནི་ང་རང་ཉིད་ཀྱིས་ནད་དུག་དང་ཕྲ་སྲིན་གྱི་སྐོར་ལ་གོ་ཐོས་ཡོད་པ་དང་། ཕྲ་ལ་ཆུང་བའི་སྐྱེ་དངོས་འདི་དག་གིས་ནད་རིགས་སློང་གི་ཡོད་པ་ཤེས་པའི་རྒྱུ་མཚན་གྱིས་ཡིན་པ་དང་། ད་དུང་འདག་ཆལ་གྱིས་དེ་ཚོ་གཙང་སེལ་བཟོ་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད་པས་རེད། ཡིན་ན་ཡང་། དེ་ལྟ་བུའི་སྒྲིགས་ལམ་དང་མཐུན་པ་དང་མཉམ་འབྲེལ་གྱི་ཚད་གཞིར་སོན་དགོས་ན་དེ་ནི་ཁྱོད་ཀྱི་ཡི་ཆེས་ཡོད་དགོས་ལ། དེ་ཡང་མི་ཚོ་ཚན་རིག་ལ་ཡིད་ཆེས་པ་དང་། སྤྱི་པའི་དབང་གྲགས་ལ་ཡིད་ཆེས་པ་ནས་འཕྲིན་སྦྱོར་ལ་ཡིད་ཆེས་པ་བཅས་དགོས་ཀྱི་ཡོད།
འདས་པའི་ལོ་འགའ་ཞིག་གི་རིང་ལ། འགན་མི་འཁུར་མཁན་གྱི་ཆབ་སྲིད་པ་ཚོས་བསམ་བཞིན་དུ་ཚན་རིག་དང་སྤྱི་པའི་དབང་འཛིན་ལས་ཁུངས། འཕྲིན་སྦྱོར་བཅས་ལ་ཡིད་ཆེས་བརླགས་སུ་བཅུག་ཡོད་ལ། ད་ཆ་ཡང་འགན་མི་འཁུར་མཁན་གྱི་ཆབ་སྲིད་པ་དག་གིས་སྒེར་གཅོད་རིང་ལུགས་ཀྱི་ལམ་དུ་ཕྱོགས་སུ་ལྷུང་སྲིད། ད་དུང་ཁོང་ཚོས་སྤྱི་ཚོགས་ཀྱི་མི་ཚོས་བྱ་བ་ཡག་པོ་སྒྲུབ་ཐུབ་རྒྱུར་ང་ཚོ་ཡིད་ཆེས་མེད་ཅེས་རྩོད་པའང་བྱེད་སྲིད།
བསླད་སྐྱོན་ཐེབས་ནས་ལོ་མང་ཕྱིན་ཟིན་པའི་ཡིད་ཆེས་དེ་མཚན་མོ་གཅིག་གི་རིང་ལ་བསྐྱར་སྐྲུན་ཡོང་མི་ཐུབ་པ་ནི་རྒྱུན་ལྡན་ཞིག་ཡིན་མོད། ད་ལྟ་རྒྱུན་ལྡན་གྱི་དུས་སྐབས་མིན་པར་ཉམས་ཉེན་གྱི་དུས་ཚོད་དུ་ཡོད་པ་དང་། བསམ་བློ་ཡང་མགྱོགས་མྱུར་གྱིས་འགྱུར་བ་འགྲོ་ཡི་རེད། ལོ་མང་པོ་ནས་བཟུང་། ཁྱོད་ཀྱི་སྤུན་ཟླ་མིང་སྲིང་དག་གི་བར་དུ་ཡང་ཁ་རྩོདྲག་པོ་ཤོར་གྱི་ཡོད་སྲིད་ན་ཡང་། ཛ་དྲག་གི་གནས་ཚུལ་ལྷགས་པའི་སྐབས་སུ་ཁྱོད་ཀྱིས་སྦས་ཐབས་སུ་ཡོད་པའི་ཡིད་ཆེས་དང་མཛའ་གྲོགས། འཆམ་མཐུན་དེ་ཚོ་གློ་བུར་དུ་མཐོང་ཡོང་གིན་ཡོད་པའི་ཁར། ད་དུང་འཕྲལ་མར་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད། དེས་ན་ཚན་རིག་དང་སྤྱི་པའི་དབང་འཛིན་ལས་ཁུངས། འཕྲིན་སྦྱོར་བཅས་ལ་མི་མང་གི་ཡིད་ཆེས་སྐྲུན་རྒྱུ་ནི་ལྟ་སྐུལ་གྱི་ལམ་ལུགས་འཛུགས་པ་དེ་མ་རེད། ད་ལྟ་ད་དུང་ཕྱི་དྲགས་པའི་ཚད་དུ་བསླེབས་མེད།
ང་ཚོས་ལག་རྩལ་གསར་པ་འདི་དག་བེད་སྤྱོད་གཏོང་འོས་པ་སྨོས་མེད་ཡིན་ན་ཡང་། ལག་རྩལ་འདི་དག་གིས་སྤྱི་དམངས་ཀྱི་ཁེ་དབང་ལ་དོ་ཕོག་གཏོང་མི་འོས། རང་ཉིདཀྱི་དྲོད་ཚད་དང་ཁྲག་ཤེད་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་དེར་ངས་ཀྱང་མཐའ་གཅིག་ཏུ་མོས་མཐུན་བྱེད་བཞིན་ཡོད་ན་ཡང་། དན་གྲངས་འདི་དག་བཀོལ་ནས་བྱེད་ནུས་ཤིན་ཏུ་ཆེ་བའི་སྲིད་གཞུང་ཞིག་གསར་འཛུགས་བྱེད་པ་ནི་མི་འོས་པ་ཞིག་ཡིན། དེ་ལས་ལྡོག་སྟེ། དན་གྲངས་འདི་དག་གིས་ང་ལ་སྔར་ལས་ཀྱང་བློ་རིག་གསལ་བའི་མི་སྒེར་གྱི་གདམ་ག་ཡོད་པ་ཞིག་ཡོང་དགོས།
གལ་ཏེ། ངས་ཉི་མ་གཅིག་གི་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རང་ཉིད་ཀྱི་ནད་ཀྱི་གནས་སྟངས་ལ་རྗེས་འདེད་ཐུབ་པ་ཡིན་ན་དེས་ང་ལ་རང་ཉིད་ཀྱིས་མི་གཞན་ལ་ཉེན་ཁ་བཟོ་ཡི་ཡོད་མེད་ཤེས་རྒྱུར་ཕན་ཐོགས་ཀྱི་ཡོད་པར་མ་ཟད། གོམས་གཤིས་གང་དང་གང་གིས་རང་ཉིད་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་པའང་ཤེས་ཐུབ། ད་དུང་གལ་ཏེ་ངས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དང་འབྲེལ་བའི་ཡིད་རྟོན་རུང་བའི་དན་གྲངས་ཀྱི་སྡོམས་རྩིས་བཅར་འདྲི་དང་དབྱེ་ཞིབ་ཐུབ་པ་ཡིན་ན། ང་རང་ཉིད་ཀྱིས་སྲིད་གཞུང་གིས་ང་ལ་དངོས་ཡོད་གནས་ཚུལ་ངོ་མ་ཤོད་ཀྱི་ཡོད་མེད་དང་། སྲིད་གཞུང་གིས་སྲིད་ཇུས་ཡང་དག་གི་བྱ་ཐབས་སྤྱད་ནས་ནད་ཡམས་ལ་ཁ་གཏད་གཅོག་གིན་ཡོད་མེད་བཅས་ལའང་བརྡར་ཤ་གཅོད་ཐུབ། མི་གཞན་པ་ཚོ་དང་མྱུལ་ཞིབ་ཀྱི་སྐོར་ལ་བགྲོ་གླེང་བྱེད་སྐབས། ང་ཚོས་ནམ་ཡིན་ཡང་། གཅིག་མཚུངས་ཀྱི་ལྟ་ཞིབ་ལག་རྩལ་དེ་ཉིད་སྲིད་གཞུང་གིས་མི་སྒེར་ལ་མྱུལ་ཞིབ་བྱེད་པ་ཁོ་ན་ཙམ་ཞིག་མ་ཡིན་པར་མི་སྒེར་གྱིས་སྲིད་གཞུང་ལ་ལྟ་ཞིབ་བྱེད་པར་ཡང་བེད་སྤྱོད་ཆོག་པ་ཞིག་ཡིན་པ་འདི་ངེས་པར་དུ་དྲན་པ་གནང་དགོས། དེའི་ཆ་ནས། ཏོག་དབྱིབས་ནད་དུག་གི་ནད་ཡམས་ཁྱབ་བརྡལ་དུ་ཕྱིན་པ་ནི་སྤྱི་དམངས་ཐོབ་ཐང་གི་ཚོད་བགམ་གལ་ཆེན་ཞིག་ཡིན།
མ་འོངས་པའི་དུས་ཡུན་ནིང་། ང་ཚོ་མི་རེ་ངོ་རེ་ཚང་མས་ཚན་རིག་དང་དན་གྲངས། སྨན་བཅོས་ཉེན་སྐྱོབ་བཅས་ལ་ཡིད་ཆེས་བྱ་རྒྱུར་འདེམས་ཀ་བྱེད་འོས་པ་ལས། ཁུངས་ལུང་སྤུ་ཙམ་མེད་པའི་ལྐོག་གཡོ་སྨྲ་བ་དང་། སྒེར་སེམས་ཆེ་བའི་ཆབ་སྲིད་པར་ཡིད་ཆེས་བྱ་མི་རུང་། གལ་ཏེ་རང་རེ་ཡིས་འདིའི་ཐད་ཡང་དག་པའི་འདེམས་ཀ་ཞིག་བྱེད་མ་ནུས་ཚེ། ནམ་ཞིག་ང་ཚོས་རང་ཉིད་ངོ་མས་རང་ཉིད་ཀྱི་ཆེས་རྩ་ཆེ་བའི་རང་དབང་བློས་བཏང་བ་དང་། སྲིད་གཞུང་ལྟ་སྐུལ་ཚོད་འཛིན་རྒྱ་ཡན་དུ་བཏང་ནས་དེ་ཁོ་ན་ང་ཚོབདེ་ཐང་སྲུང་སྐྱོབ་བྱེད་པའི་འགྲོ་ལམ་གཅིག་པུ་དེ་ཡིན་པར་ཡིད་ཆེས་བྱེད་པ་ཞིག་ཡིན་པ་ཤེས་ཡོང་གི་རེད།
ང་ཚོ་ལ་འཛམ་གླིང་ཡོངས་ཀྱི་འཆར་གཞི་ཚན་པ་ཞིག་དགོས།
ང་ཚོའི་མདུན་དུ་ལྷག་པའི་གལ་ཆེ་བའི་འདེམས་ཀ་གཉིས་པ་ནི་མི་རིགས་རིང་ལུགས་ཀྱི་ཁེར་རྐྱང་དང་གོ་ལ་ཡོངས་ཀྱི་མཐུན་སྒྲིལ་བར་གྱི་གདམ་ག་ཅི་ལྟར་བྱེད་པ་དེ་རེད། རྒྱ་ཁྱབ་ནད་ཡམས་དེ་ཉིད་དང་དེ་ལས་བྱུང་བའི་དཔལ་འབྱོར་གྱི་ཉམས་ཉེན་ཚང་མ་གོ་ལ་རང་བཞིན་གྱི་གནད་དོན་ཡིན་སྟབས། འཛམ་གླིང་ཡོངས་རྫོགས་ཀྱིས་མཉམ་ལས་བྱས་པ་ཡིན་ན་གཞི་ནས་གནད་དོན་འདི་དག་ནུས་པ་ལྡན་པའི་ཐོག་ནས་ཐག་གཅོད་བྱེད་ཐུབ།
ཐོག་མར་ནད་དུག་ལས་རྣམ་པར་རྒྱལ་བའི་ཆེད་དུ་ང་ཚོས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲེལ་ཡོད་ཆ་འཕྲིན་གྱི་གནས་ཚུལ་མཉམ་སྤྱོད་བྱེད་དགོས། འདི་ནི་ནད་དུག་དང་བསྡུར་ན་ལྟོས་བཅས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཆ་རྐྱེན་ཡག་ཤོས་ཤིག་རེད།
རྒྱ་ནག་གིས་ཏོག་དབྱིབས་ནད་དུག་དང་དེེ་ལ་གདོང་ལེན་བྱེད་ཐབས་ཀྱི་རྩ་ཆེ་བའི་ཉམས་མྱོང་མང་པོ་ཞིག་ཨ་མེ་རི་ཁར་སློབ་སྟོན་བྱེད་ཆོག་ལ། ཨི་ཐ་ལའི་སྨན་པས་ཞོགས་པ་མིས་ལཱན་(Milan)གྲོང་ཁྱེར་དུ་ཤེས་རྟོགས་བྱུང་བའི་དོན་དག་ཅིག་གིས་དགོང་མོ་ཏ་ཟིག་གི་རྒྱལ་ས་ཐྲེ་རན་( Tahran)གྱི་ཚེ་སྲོག་ཞིག་བསྐྱབས་པ་ཡོང་སྲིད།
དབྱིན་ཇིའི་སྲིད་གཞུང་གིས་སྲིད་ཇུས་ཚན་པ་འགའ་ཞིག་ཐག་མ་ཆོད་པར་ལུས་བསྡད་ཡོད་པའི་སྐབས་སུ་ཟླ་བ་གཅིག་གི་སྔོན་དུ་ཕྱོགས་མཚུངས་ཀྱི་དཀའ་ངལ་འཕྲད་ཟིན་པའི་ལྷོ་ཁ་རེ་ཡའི་མིའི་ས་ནས་སྲིད་ཇུས་དེར་སྨན་པའི་བསམ་ཚུལ་རག་ཆོག་པ་ཞིག་ཡིན། ཡིན་ན་ཡང་། འདི་ཉིད་དངོས་སུ་ལག་ཏུ་ལོན་དགོས་ན་ང་ཚོར་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་ཡིད་ཆེས་ཀྱི་སྙིང་སྟོབས་ཤིག་ཡོད་དགོས།
དེ་ཡང་། རྒྱལ་ཁབ་ཁག་གིས་ཡོངས་གྲགས་ཀྱི་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་པ་དང་། ཁེངས་བསྐྱུངས་ཀྱིས་བསམ་ཚུལ་འཚོལ་བསྡུད་བྱེད་པའི་འདུན་པ་ཡོད་དགོས་ཤིང་། དེ་ཙམ་མ་ཟད། ལག་ཏུ་འབྱོར་བའི་དན་གྲངས་དང་ལྟ་ཚུལ་ལ་ཡིད་ཆེས་ཀྱི་བྱེད་དགོས་པ་དང་། ང་ཚོར་ད་དུང་འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་ཀྱི་འབད་བརྩོན་ལ་རྟེན་ནས་སྨན་བཅོས་མཁོ་ཆས་སྤྱི་དང་། ཁྱད་པར་དུ་ཚད་ལེན་ཚོད་ལྟའི་ཆ་རྐྱེན་དང་འབྱིན་རྔུབ་ཡོ་ཆས་(ཐ་སྙད་འདི་སྒྱུར་བ་པོས་བཏགས)ཐོན་སྐྱེད་དང་བགོ་འཚོང་དགོས་ཀྱི་ཡོད།
རྒྱལ་ཁབ་ཚང་མས་རང་རང་གི་ས་གནས་ས་ཐོག་རང་དུ་ཐོན་སྐྱེད་དང་བཀར་འཇུག །ཉར་གསོག་སོགས་ཀྱི་ཚོད་ལྟ་གང་འདྲ་ཞིག་ལས་ཀྱང་། འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་ཀྱིས་ཁ་འཁོར་ས་དང་ལག་ལེན་ས་གཅིག་བྱས་ནས་འབད་བརྩོན་བྱས་ན་དེས་ཅི་ལ་མི་དགའ་སྟེ། ཐབས་ལམ་དེ་རང་གིས་ཐོན་སྐྱེད་ཀྱི་མྱུར་ཚད་ཧ་ཅང་མགྱོགས་སུ་གཏོང་ཐུབ་པར་མ་ཟད། དེ་བས་དྲང་སྙོམས་ཀྱིས་སྲོག་སྐྱོབ་ཀྱི་མཁོ་ཆས་བགོ་བཤའ་རྒྱག་རྒྱུར་ཁག་ཐེག་ནན་ཏན་བྱེད་ཐུབ།
རྒྱལ་ཁབ་ཁག་གིས་དམག་འཁྲུག་གི་ཁྲོད་དུ་གལ་གནད་ཅན་གྱི་ཐོན་ལས་རྒྱལ་དབང་ཅན་དུ་འགྱུར་བར་བྱེད་པ་ནང་བཞིན། ཅིག་བྱས་ན། མིའི་རིགས་དང་ཏོག་དབྱིབས་ནད་དུག་གི་དམག་འཁྲུག་ཀྱིས་ཀྱང་ང་ཚོར་གལ་གནད་ཅན་གྱི་ཐོན་ལས་ཀྱི་ལམ་ཐིག་འཛམ་གླིང་ཅན་དུ་འགྱུར་དགོས་པའི་ཆ་དགོས་འདུན་འདོན་སྲིད། ཏོག་དབྱིབས་ནད་དུག་གིས་ན་མཁན་ཅུང་ཟད་ཉུང་བའི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཀྱང་ཏོག་དབྱིབས་ནད་དུག་གིས་ན་མཁན་ཅུང་ཟད་མང་བའི་དབུལ་ཕོངས་ཀྱི་རྒྱལ་ཁབ་ལ་རྩ་ཆེའི་མཁོ་ཆས་མཁོ་འདོན་བྱེད་རྒྱུའི་འདུན་པ་ཡོད་དགོས་ལ། དེ་ལས་ཀྱང་མ་འོངས་པར་རོགས་པ་དགོས་པའི་སྐབས་སུ་རྒྱལ་ཁབ་གཞན་གྱིས་ཀྱང་རང་ཉིད་ལའང་གཅིག་མཚུངས་ཀྱིས་རོགས་དན་ཐོབ་ངེས་ཡིན་པ་དེར་ཡིད་ཆེས་ཡོད་དགོས།
ང་ཚོས་འཛམ་གླིང་ཡོངས་ཀྱི་འབད་བརྩོན་གྱི་བྱ་ཐབས་ཧ་ལམ་འདྲ་པོ་སྤྱད་ནས་སྨན་བཅོས་མི་སྣ་བསྡུ་སྐོང་བྱེད་རྒྱུར་བསམ་བློ་གཏོང་སྲིད། ད་ལྟའི་ཆར་ཤུགས་རྐྱེན་ཅུང་ངུ་ལས་ཐེབས་མེད་པའི་རྒྱལ་ཁབ་ཁག་གིས་འཛམ་གླིང་ཐོག་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡུལ་ཁག་ཏུ་སྨན་བཅོས་མི་སྣ་མངག་གཏོང་གིས་ཁོང་ཚོར་རོགས་པ་བྱེད་པ་དང་། དེ་ལས་རྩ་ཆེ་བའི་ཉམས་མྱོང་རག་ཐུབ། གལ་ཏེ་མ་འོངས་པར་རྒྱ་ཁྱབ་ནད་ཡམས་ཀྱི་ནད་གཞི་ཁྱབ་ཚད་ཀྱི་ཁ་ཕྱོགས་ལ་འགྱུར་བ་བྱུང་བ་ཡིན་ན། རོགས་རམ་གྱི་ཁ་ཕྱོགས་ཀྱང་སྔར་ལས་ལྡོག་སྟེ་འཕོ་བསྐྱོད་ཡོང་གི་རེད།
དཔལ་འབྱོར་གྱི་ཕྱོགས་ལ་ཡང་། འཛམ་གླིང་ཡོངས་ཀྱི་མཉམ་ལས་ནི་ཧ་ཅང་དགོས་ངེས་ཤིག་ཡིན་ཏེ། དཔལ་འབྱོར་དང་མཁོ་འདོན་གྱི་དྲ་བས་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་བའི་འཛམ་གླིང་རང་བཞིན་གྱི་ངོས་ནས་བསམ་བློ་བཏང་ན། གལ་ཏེ་སྲིད་གཞུང་ཚང་མས་སྲིད་གཞུང་གཞན་དག་གི་གནས་ཚུལ་ལ་གཏན་ནས་མི་ལྟ་བའི་གནས་ཚུལ་གྱི་འོག་ཏུ་རང་ཉིད་ཀྱི་བྱ་བ་སྒྲུབ་ན། དེའི་མཇུག་འབྲས་ནི་མ་འོངས་པར་ཟང་ངེ་ཟིང་ངེ་དང་ཉམས་ཉེན་ཇེ་ཆེར་གཏོང་བ་དེ་རེད། དེའི་ཕྱིར། ང་ཚོ་ལ་འཛམ་གླིང་ཡོངས་ཀྱིས་ལག་ལེན་དུ་བྱེད་པའི་འཆར་གཞི་ཚན་པ་ཞིག་དགོས་ངེས་ཡིན་པར་མ་ཟད། དེ་ཡང་མྱུར་བ་མྱུར་དུ་ལག་ལེན་དུ་འགེལ་དགོས་ཀྱི་ཡོད།
དེ་ལས་གཞན་པའི་དགོས་དོན་ཞིག་ནི། འཛམ་གླིང་འགྲུལ་བཞུད་ཀྱི་གྲོས་དོན་ཞིག་ལ་གྲོས་མཐུན་ཡོང་དགོས་ཤིང་། རྒྱལ་སྤྱིའི་འགྲུལ་བཞུད་གནས་སྐབས་ཟླ་བ་དུ་མའི་རིང་འཕྲལ་དུ་མཚམས་འཇོག་བྱ་དགོས་བྱུང་ན་དཀའ་ངལ་ཤིན་ཏུ་ཆེན་པོ་འབྱུང་ངེས་ཤིང་དེས་ཏོག་དབྱིབས་ནད་དུག་གི་དམག་འཁྲུག་ལའང་བར་ཆད་བྱེད་ཀྱི་རེད། དེས་ན་མ་མཐའ་ཡང་གཞི་རྒྱ་ཆུང་ལ་དགོས་གལ་ཆེན་པོ་ཡོད་པའི་འགྲུལ་པ་སྟེ། ཚན་རིག་པ་དང་། སྨན་པ། གསར་འགོད་པ། ཆབ་སྲིད་མི་སྣ། ཚོང་པ་བཅས་ཧྲག་བསྡུས་ཤིག་མུ་མཐུད་རྒྱལ་ཁོངས་བརྒལ་ནས་ཕྱོགས་སྐྱོད་བྱེད་ཐུབ་པ་དགོས་ཤིང་དེའི་ཆེད་དུ་རྒྱལ་ཁབ་ཁག་གིས་མཉམ་ལས་བྱེད་དགོས། འདིས་འགྲུལ་བཞུད་མཁན་ལ་རང་གི་རྒྱལ་ཁབ་ཀྱིས་གྲ་སྒྲིག་གི་ལྟ་བཤེར་ཡང་འཛམ་གླིང་གྲོས་མཐུན་བརྒྱུད་ནས་མངོན་གྱུར་བྱེད་ཐུབ། འགྲུལ་པ་དེ་ཚོ་ལྟ་བཤེར་ནན་པོ་བརྒྱུད་ཟིན་ན་གཞི་ནས་གནམ་གྲུར་འདུག་ཆོག་པ་དེ་གལ་ཏེ་ཁྱོད་ཀྱིས་ཤེས་པ་ཡིན་ན། དེ་དུས་ཁྱོད་ཀྱིས་ཁོང་ཚོ་ཁྱོད་ཀྱི་རྒྱལ་ཁབ་ཏུ་ཡོང་རྒྱུར་དང་ལེན་བྱེད་རྒྱུའི་ལྷག་ཏུ་མོས་མཐུན་ཐུབ་པ་ཞིག་ཡོང་གི་རེད།
ཡིན་ན་ཡང་། སྐབས་མ་ལེགས་པ་ཞིག་ལ། ད་ལྟའི་ཆར་རྒྱལ་ཁབ་ཁག་གིས་དོན་དག་འདི་རིགས་ཀྱི་ཐད་ཕལ་ཆེར་གང་ཡང་བྱས་མེད་པ་ལྟ་བུ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནི་མཉམ་གཅིག་ཏུ་གཟའ་རོར་གྱུར་ཅིང་། ཁང་མིག་དག་གི་ནང་དུ་ཕལ་ཆེར་མི་དར་མ་གཅིག་ཀྱང་མེད་པ་དང་ལྟ་བུ་ཞིག་རེད།
མི་ཚོས་མ་གཞི་ནས་བདུན་ཕྲག་འགའ་ཞིག་གི་སྔོན་ལ་འཛམ་གླིང་གི་དབུ་ཁྲིད་དག་ཛ་དྲག་ཚོགས་འདུ་འཚོགས་ཏེ་ཐུན་མོང་ལག་ལེན་གྱི་འཆར་གཞི་རེ་གཏན་འབེབས་ཡོང་བ་མཐོང་རེ་བྱས་ན་ཡང་། རྒྱལ་ཁབ་བདུན་གྱི་ཚོགས་པའི་དབུ་ཁྲིད་ཀྱིས་བདུན་ཕྲག་འདི་རང་ལ་བརྙན་འཕྲིན་ཚོགས་འདུ་ཞིག་གོ་སྒྲིག་བྱས་པ་ཙམ་ལས་འདིའི་ཕྱོགས་ཀྱི་འཆར་གཞི་དང་འབྲེལ་བའི་གཏན་འབེབས་ནི་གང་ཡང་བྱུང་མེད།
དེ་སྔའི་འཛམ་གླིང་གི་ཉམས་ཉེན་གཞན་(རྩོམ་པ་པོའི་མཆན། དཔེར་ན། སྤྱི་ལོ་༢༠༠༨ ལོའི་དཔལ་འབྱོར་ཉམས་ཉེན་དང་། སྤྱི་ལོ་ ༢༠༡༤ ལོའི་དབྱི་པོ་ལཱའི་རིམས་ནད་ཀྱི་གནས་ཚུལ་ལྟ་བུ་)དག་གི་ཁྲོད་དུ་ཨ་རིས་འཛམ་གླིང་གི་སྣེ་ཁྲིད་ཀྱི་འགན་ཁུར་ཡོད་མོད། ཡིན་ན་ཡང་། ད་ལྟའི་ཨ་རིའི་སྲིད་གཞུང་ལས་ཐོག་པས་སྣེ་ཁྲིད་ཀྱི་ལས་འགན་དེ་ཉིད་བློས་བཏང་བྱས་ཚར་བ་རེད། ཨ་རིའི་གཞུང་གིས་ཁོ་ཚོས་སེམས་ཁུལ་བྱ་ཡུལ་དེ་ཨ་མེ་རི་ཁ་ཇི་ལྟར་རླབས་ཆེན་བྱེད་རྒྱུ་དེ་ཡིན་པ་ལས་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་མིན་པ་དེ་ཧ་ཅང་ཁ་གསལ་པོའི་ཐོག་ནས་གསལ་སྟོན་བྱས་ཟིན་པ་ཞིག་རེད།
སྲིད་གཞུང་འདིས་ཐ་ན་ཁོང་ཚོ་དང་ཆེས་མཛའ་ཤིང་གཤིན་པའི་མནའ་ཤག་དག་ཀྱང་དབྱུག་ཟིན་པ་སྟེ། ཁོ་ཚོས་ཡོ་རོབ་མནའ་འབྲེལ་གྱི་ས་ཁུལ་ནས་ཡོང་བའི་འགྲུལ་བཞུད་ཡོངས་རྫོགས་བཀག་སྡོམ་བྱེད་པའི་སྐབས་སུ་ཐ་ན་ཁོང་ཚོས་ཐག་གཅོད་དེ་ཐོག་མར་ཡོ་རོབ་མནའ་འབྲེལ་ལ་ལབ་དགོས་པ་ཙམ་ཡང་སེམས་ལ་དྲན་མེད་ན། ཡོ་རོབ་མནའ་འབྲེལ་དང་བྱ་ཐབས་གལ་ཆེན་དག་གི་ཐོག་གྲོས་མོལ་མི་བྱེད་པ་ནི་སྨོས་མ་དགོས་པ་ཞིག་རེད།
གོ་ཐོས་ལ། ཨ་མི་རི་ཁས་འཇར་མན་གྱི་སྨན་རྫས་བཟོ་གྲྭ་ཞིག་ལ་ཏོག་དབྱིབས་ནད་དུག་གི་རིམས་འགོག་སྨན་ཁབ་ཀྱི་སྒེར་སྡོམ་གྱི་བདག་དབང་ཨ་རིར་བཙོང་ན་ཨ་རིས་ཨ་སྒོར་ཐེར་འབུམ་གཅིག་སྤྲོད་རྒྱུ་ཡིན་ཞེས་བཤད་པར་འཇར་མན་སྲིད་གཞུང་ཧང་སངས་ཡོད། མཐའ་མ་ཨ་རིའི་ལས་ཐོག་སྲིད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཏེ་འཛམ་གླིང་ཡོངས་ཀྱི་ལག་ལེན་གྱི་འཆར་གཞིའི་རྣམ་གྲངས་ཤིག་བཏོན་པ་ཡིན་ན་ཡང་། འགན་མི་ཁུར་མཁན་དང་། ནོར་འཁྲུལ་ལ་ནམ་ཡང་ངོས་ལེན་མི་བྱེད་མཁན། ད་དུང་འགན་འཁྲི་ཡོངས་རྫོགས་ངན་ཁག་གཞན་མགོར་དཀྲི་བ་དང་། རྒྱལ་ཁ་ཡོངས་རྫོགས་རང་གི་མགོ་ཁྲིད་ཀྱི་ཡིན་པར་བྱེད་མཁན་ཞིག་གི་རྗེས་སུ་འབྲང་མཁན་ནི་ཧ་ཅང་ཉུང་ཉུང་ལས་ཡོད་རྒྱུ་མ་རེད།
ཨ་རིས་བཞག་པའི་སྟོང་ཆ་དེ་ཁ་སྐོང་བྱེད་མཁན་གྱི་རྒྱལ་ཁབ་གཞན་པ་ཞིག་མེད་པ་ཡིན་ན། དེ་ནས་མིག་སྔུན་གྱི་ཡམས་ནད་བཀག་འགོག་བྱེད་རྒྱུ་དེའང་དཀའ་ཁག་ཆེ་རུ་འགྲོ་བར་མ་ཟད། འདི་ལྟ་བུའི་སྟོང་ཆས་མ་འོངས་པའི་ལོ་དུ་མའི་རིང་གི་རྒྱལ་སྤྱིའི་འབྲེལ་ལམ་ལའང་མུ་མཐུད་དུག་སྐྱོན་བཟོ་ཡི་རེད།
འོན་ཀྱང་། ག་དུས་ཡིན་ན་ཡང་། ཉམས་ཉེན་ནི་གོ་སྐབས་ཤིག་ཀྱང་ཡིན། ང་ཚོས་ངེས་པར་དུ་མིག་སྔུན་གྱི་ཡམས་ནད་འདི་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་མཐུན་སྒྲིལ་མི་བྱེད་པ་ལས་བྱུང་བའི་ཚབས་ཆེའི་ཉེན་ཁ་ངོས་ཟིན་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པར་རེ་བ་རྒྱག་དགོས།
ད་ནི་འགྲོ་བ་མིའི་རིགས་ཀྱིས་འདེམས་ཀ་ཞིག་བྱེད་དགོས་ལ། དེ་ནི་ང་ཚོ་འཛམ་གླིང་མཐུན་སྒྲིལ་གྱི་ལམ་དུ་འགྲོའམ། ཡང་ན་མུ་མཐུད་སོ་སོ་སོ་སོའི་ལམ་དུ་འགྲོ་རྒྱུ་དེ་གཉིས་ཡིན། གལ་ཏེ་ང་ཚོས་མཐུན་སྒྲིལ་མི་བྱེད་རྒྱུ་བདམས་པ་ཡིན་ན། གདམ་ག་འདིས་ཉམས་ཉེན་གྱི་དུས་ཡུན་རིང་དུ་གཏོང་བ་ཙམ་དུ་མ་ཟད། མ་འོངས་པར་འདི་ལས་ཀྱང་ཚབ་ཆེ་བའི་གནོད་འཚེ་སློང་སྲིད།
གལ་ཏེ་ང་ཚོས་འཛམ་གླིང་མཐུན་སྒྲིལ་གྱི་ལམ་བུ་བདམས་པ་ཡིན་ན། འདིས་མ་འོངས་པར་ཏོག་དབྱིབས་ནད་དུག་གི་དམག་འཁྲུག་ལས་རྒྱལ་རྒྱུ་ཡིན་པར་མ་ཟད། དུས་རབས་ཉི་ཤུ་རྩ་གཅིག་པར་མིའི་རིགས་ལ་འཇབ་རྒོལ་བྱེད་པའི་བྱེད་སྲིད་པའི་མ་འོངས་པའི་རྒྱ་ཁྱབ་ནད་ཡམས་ཀྱི་ཉེན་ཁ་མཐའ་དག་ལས་རྒྱལ་ཁ་ཐོབ་པ་ཞིག་ཀྱང་ཡིན།
རྫོགས་སོ།།
ཐུགས་རྗེ་ཆེ།
སྔོན་བརྡ་མེད་པའི་ཆམ་པ་འདིས།།
འཛམ་གླིང་ཧྲིལ་བོ་ཆམ་པ་ཕབ།།
དེ་ཕྱིར་”ཆམ་པའི་”ཐ་སྙད་འདི།།
མ་འོངས་ལུང་བསྟན་རེད་འདུག་ག།
ཐུགས་རྗེ་ཆེ།
སྔོན་བརྡ་མེད་པའི་ཆམ་པ་འདིས།།
འཛམ་གླིང་ཧྲིལ་བོ་ཆམ་ལ་ཕབ།།
དེ་ཕྱིར་”ཆམ་པའི་”ཐ་སྙད་འདི།།
མ་འོངས་ལུང་བསྟན་རེད་འདུག་ག།
ཧ་ར་རི་ཞུ་བ་ཁོང་གཞོན་སྐྱེས་བསམ་བློ་བ་དང་གཏམ་བཤད་པ་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཁོང་གི་བརྩམས་ཆོས་པོད་གསུམ་ཡོད་པ་དག་འཛམ་གླིང་གི་སྐད་ཡིག་ཆེ་ཁག་ཕལ་མོ་ཆེའི་ནང་བསྒྱུར་གནང་ཡོད། ཁོང་ནི་ཨེ་ཛི་རལ་མི་རིགས་ཤིག་ཡིན་པ་དང་། རྩོད་རྙོག་ཆེ་ཤོས་ཀྱི་ལུང་པ་ཞིག་གི་ནང་འཚར་ལོང་བྱུང་རྗེས་མཐར་ཨོསུ་ཧྥོཌ་སློབ་ཆེན་ནས་ལོ་རྒྱུས་རིག་པའི་ཐོག་འབུམ་རབས་པའི་ཁྱག་འཁྱེར་བཞེས། ཁོང་ཆོས་ལུགས་བྱེ་བྲག་པ་ཞིག་གི་རྗེས་འཇུག་ལར་ནས་མིན་རུང་། ལོ་མང་པོ་ཞིག་གི་སྔོན་ཁོང་རྒྱ་གར་གྱི་སློབ་དཔོན་ཨ་ཡེན་གྷར་གྱི་དྲུང་ནས་སྒོམ་ཁྲིད་ཞུས་ཏེ་སྒོམ་སེམས་ནང་དུ་འཇོག་ཚུལ་སྐོར་ངོ་སྤྲོད་བྱུང་བ་འདི་ཁོང་གི་མི་ཚེའི་ནང་བློ་བསྐྱེད་ཆེ་ཤོས་དེ་ཡིན་ཞེས་ཡོངས་གྲགས་གསུང་གནང་གི་འདུག ལོ་དེ་ནས་བཟུང་ལོ་ལྟར་རྒྱ་གར་དུ་སྒོམ་ཁྲིད་ཞུ་བར་བཅར་གྱི་ཡོད་པ་དང་། ཉིན་ལྟར་སྒོམ་རྒྱག་གནང་གི་ཡོད་འདུག་ཅིང་། དེའི་ཁོང་གི་ཉམས་ཞིབ་ཀྱི་རིགས་པ་ལ་ཕན་ཐོག་རླབས་ཆེན་བྱུང་སྐོར་བརྗོད་འདུག ཁོང་གི་བརྩམས་ཆོས་ཀྱི་ཁྱད་ཆོས་གཙོ་ཆེ་ཤོས་ཤིག་ནི། ལོ་རྒྱུས་ལྟ་བུ་ཞིག་བཤད་སྐབས། དུས་དེ་དང་དེ་ལ་ལོ་རྒྱུས་འདི་དང་དེ་བྱུང་ཟེར་བ་ལྟ་བུ་མ་ཡིན་པར་ལོ་རྒྱུས་ཀྱི་སྐྱོག་མཚམས་ཆེན་པོ་དག་གི་རྒྱབ་ལྗོངས་གང་ཡིན་རིག་པའི་ལམ་ནས་འགྲེལ་གནང་བ་མ་ཟད། དེ་ཡང་མཁས་པས་མ་གཏོགས་མི་གོ་བ་ལྟ་བུ་མ་ཡིན་པར། ལོ་རྒྱུས་དང་ཤེས་བྱའི་སྡེ་ཚན་དེ་ལ་རྒྱབ་ལྗོངས་གི་གོ་རྟོགས་ཡོད་མེད་ཚང་མས་གོ་ནུས་པའི་ཁྱད་ཆོས་ལྡན། ཉེ་སྔོན་གུས་པས་ཀྱང་ཁོང་གི་དཔེ་དེབ་ཀྱི་ལེའུ་དང་པོ་ནས་སྡེ་ཚན་རེ་འགར་བསྒྱུར་ནས་དྲ་བ་འདིར་བཀོད་པ་ཡིན། ད་ཆ་སྐད་གཉིས་སྨྲ་བ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཧ་ར་རིའི་བསམ་བློ་ལ་ཐུགས་སྣང་དང་། ཁོང་གི་དཔྱད་བརྗོད་འདི་རང་རེའི་སྐད་དུ་བསྒྱུར་གནང་བར་དགའ་འོས་པའི་གནས་ཚུལ་མང་པོ་འདུག དྲང་མོ་བཤད་ན་ང་ཚོ་བོད་ལ་བཟང་ཕྱོགས་ཀྱི་སློབ་གསོའི་གཞུང་ལུགས་ཀྱི་མ་འདང་བའི་ཆ་མེད་པས་གྷི་རིག་གི་ལྟ་གྲུབ་སོགས་བསྒྱུར་བ་ལ་དགོས་པ་ཆེན་པོ་ཡོད་མེད་མི་ཤེས། འོན་ཀྱང་ད་ཆ་མ་རྩ་རིང་ལུགས་ཀྱིས་གཡོ་བྱུང་འོག་ཡར་རྒྱས་དང་བག་མེད་ལོངས་སྤྱོད་གཉིས་འཁྲུལ་ནས་བོད་ཡུལ་འདི་དེང་རབས་སྤྱི་ཚོགས་ལྟ་བུ་དང་། ཡང་ན་ལྷ་ཚེ་རིང་གི་གནས་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད་པ་མིན་པས། བོད་མི་ཚང་མ་སངས་རྒྱས་ཀྱི་ལམ་ལ་འཁྲིད་མ་ཐུབ་ནའང་། བོད་ཡུལ་འདི་མ་རྩ་རིང་ལུགས་ཀྱི་བྲན་གཡོག་ལམ་ལུགས་ནས་ངེས་པར་དུ་སྐྱོབས་ཐུབ་དགོས། དེ་ལྟར་ཡོང་བ་ལ་མ་རྩ་རིང་ལུགས་དང་། བག་མེད་ལོངས་སྤྱོད་རིང་ལུགས་པ་ཚོའི་མང་ཚོགས་ལ་ཡར་རྒྱས་དང་དེང་རབས་ཅན་དུ་བསྒྱུར་བའི་མིང་བྱང་འོག་མི་མང་དཀྱུས་པ་མགོ་སྐོར་གང་འདྲ་གཏོང་མིན་སོགས་ངེས་པར་དུ་ཤེས་དགོས་ལ། དེ་ལྟར་ཤེས་པ་ལ་ཧ་ར་རི་ལྟ་གྲུབ་ཀྱིས་ཕན་ཐོག་ཆེན་པོ་ཡོང་ངེས་པས་ལོ་ཙྰ་བ་རྫ་ཚེ་བཀྲ་ནས་འགྱུར་རྩོམ་འདི་གལ་ཆེན་པོ་བརྩིས་ནས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
རྡོ་ཆག་བཙན་སྒྲིག་རེད། འདི་འདྲའི་ཡིག་སྒྱུར་པ་ཞིག་གིས་་་སྐད་ཡིག་རིག་གནས་གང་ལའང་ཕན་འབྲས་འདོན་པའི་ཚབ་ཏུ། སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་་་ལག་པ་གང་ལའང་འཆང་ཕོད་པའི་་ངན་གཤིས་་་་་ཤིག་ཁྱབ་གདལ་གཏོང་གི་འདུག