བདེ་སྐྱིད།
(ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཁྱིམ་ལ་ཕྲུ་གུ་དང་མཉམ་དུ་བཞུགས་མཁན་མང་བས། ལྷོད་སྡོད་ཀྱིས་དུས་ཚོད་བེད་མེད་དུ་མ་བཏང་པར་དཔེ་དེབ་མང་ཙམ་ཀློག་ཐུབ་པ་ཡིན་ན། རྐྱེན་ངན་གྲོགས་ཤར་ཡོང་ཐུབ།)
ཕྲུ་གུ། པཱ་ལགས། ཁྱེད་རང་ག་རེ་གནང་གི་ཡོད་པས།
པཱ་ལགས། ངས་བོད་ཡིག་དེབ་གཅིག་ཀློག་གི་ཡོད། ཁྱེད་རང་ག་རེ་བྱེད་ཀྱི་ཡོད་པས།
ཕྲུ་གུ། ངས་ཀྱང་བོད་ཡིག་དེབ་གཅིག་ཀློག་གི་ཡོད། པཱ་ལགས་ཁྱེད་རང་གིས་ཀློག་བཞིན་པའི་བོད་ཡིག་དེབ་ཀྱི་མིང་ལ་ག་རེ་རེད་པས། རྩོམ་པ་པོ་སུ་རེད།
པཱ་ལགས། ངས་གློག་བཞིན་པའི་དེབ་ཀྱི་མིང་ལ་ ( ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ) ཟེར་བ་དང་། དེབ་དེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་རྣམ་རེད། དེབ་འདི་ནི་ཨིན་ཡིག་ནང་དུ་ཡང་ཡོད། ཨིན་ཡིག་ཕྱག་དེབ་ཀྱི་མཚན་ལ་ ( My land and my people) རེད།
ཕྲུ་གུ། ཨ་ལས། ངས་ཀློག་བཞིན་པའི་དེབ་འདི་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་ཕྱག་དེབ་རེད། ཕྱག་དེབ་འདིའི་མཚན་ལ་ (བཙན་བྱོལ་ནང་གི་རང་དབང་) ཟེར་།ཕྱག་དེབ་འདི་ཐོག་མར་ཨིན་ཡིག་ཐོག་བྲིས་གནང་ཡོད་པ་དང་། ཕྱག་དེབ་ཀྱི་ཨིན་ཡིག་གི་མཚན་ལ་ Freedom in Exile ཞུ་གི་འདུག
པཱ་ལགས། ཨ་ལས། བྱས་ན་ང་གཉིས་ཀྱིས་ཀློག་བཞིན་པའི་དེབ་གཉིས་ཀ་༧གོང་ས་མཆོག་གི་མཛད་རྣམ་རེད་འདུག་ག
ཕྲུ་གུ། རེད་འདུག ད་དུང་ང་གཉིས་ཀྱིས་ཀློག་བཞིན་པའི་དེབ་གཉིས་ཀ་བོད་ཡིག་དེབ་རེད་འདུག པཱ་ལགས་ཁྱེད་རང་གིས་ཟླ་བ་གཅིག་ལ་དེབ་ག་ཚོད་ཀློག་གི་ཡོད་པས།
པཱ་ལགས། ལས་ཀ་བྲེལ་བ་ཞེ་དྲག་མེད་སྐབས་དེབ་མང་པོ་ཀློག་ཐུབ་ཀྱི་འདུག ཡིན་ནའང་། ཟླ་བ་རྟག་པར་ཉུང་མཐར་དེབ་གསུམ་ཀློག་གི་ཡོད། དེབ་མང་པོ་ཀློག་པ་ཡིན་ན་སྐད་ཡིག་རང་བཞིན་གྱིས་ཡར་རྒྱས་འགྲོ་གི་རེད། མ་གཞི་ཁྱེད་རང་གིས་ཟླ་བ་གཅིག་ལ་དེབ་ག་ཚོད་ཀློག་གི་ཡོད་པས།
ཕྲུ་གུ། པཱ་ལགས། ངས་དེབ་མང་ཤོས་སློབ་གྲྭ་གུང་སེང་ཡིན་སྐབས་ཀློག་ཐུབ་ཀྱི་འདུག པཱ་ལགས་ཁྱེད་རང་གིས་མཁྱེན་གསལ་ལྟར། ང་རང་ཀེལ་གྷི་རི་སྤྱི་ཚོགས་དཔེ་མཛོད་ཁང་ལ་འགྲོ་རྒྱུར་དགའ་པོ་ཡོད། ངས་སློབ་དེབ་མ་ཡིན་པ་ང་རང་གིས་དགའ་མོས་ཆེ་བའི་དེབ་ཟླ་བ་རེ་ལ་དེབ་བཞི་ལས་མ་ཉུང་བ་ཀློག་གི་ཡོད། དེབ་ཀློག་ན་སྐྱིད་པོ་འདུག
པཱ་ལགས། དེབ་མང་པོ་ཀློག་ཐུབ་ན་ཧ་ཅང་ཡག་པོ་རེད། དེབ་ཀློག་རྒྱུའི་གོམས་གཤིས་མ་བརླག་པ་བྱེད་དགོས་རེད་ད།
ཕྲུ་གུ། ལགས་སོ། པཱ་ལགས།
པཱ་ལགས། མ་གཞི་ནས་ཁྱེད་རང་གིས་དེབ་གང་འདྲའི་རིགས་ཀློག་རྒྱུར་དགའ་པོ་ཡོད་པས། དཔེར་ཆ་བཞག་ན། སྒྲུང་དེབ་དང་། ཡང་ན་ལོ་རྒྱུས་དེབ་ལྟ་བུ་གང་འདྲ་ཀློག་རྒྱུར་དགའ་པོ་ཡོད།
ཕྲུ་གུ། པཱ་ལགས། ང་ཆུང་ཆུང་ཡིན་དུས་སྒྲུང་དེབ་ཀློག་རྒྱུར་དགའ་པོ་ཡོད། ཡིན་ནའང་། དེང་སྐབས་ང་རང་འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་དེབ་ཀློག་རྒྱུར་དགའ་པོ་ཡོད། ད་ལྟ་ངས་༧གོང་ས་མཆོག་གི་མཛད་རྣམ་ཀློག་གི་ཡོད། དེའི་སྔོན་ལ་ངས་ནོ་ཝེའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིང་གཤེགས་ Nelson Mandela མཆོག་གི་སྐུ་ཚེའི་ལོ་རྒྱུས་ Long Walk to Freedom ཞེས་པའི་དེབ་ཐུག་པོ་ཤོག་གྲངས་མང་པོ་ཡོད་པ་དེ་ཆ་ཚང་ཞིབ་ཕྲ་བྱས་ནས་བཀླགས་པ་ཡིན། དེབ་ཐུག་པོ་ཡིན་ནའང་། ཧ་ཅང་སྙན་ པོ་དང་གནས་ཚུལ་མང་པོ་ཤེས་པས་མགྱོགས་པོ་བཀླགས་ཚར་སོང་།
པཱ་ལགས། རེད་རེད། དེབ་ཀློག་པ་ནི་གློག་བརྙན་བལྟས་པ་ནང་བཞིན་ཡོད་རེད་ལ། ཡང་སྐབས་རེ་དེབ་ཀློག་སྐབས་ཁྱེད་རང་ལ་དེབ་འབྲི་མཁན་གྱིས་སྐད་ཆ་བཤད་ཀྱི་ཡོད་པའི་ཚོར་སྣང་སླེབས་ཀྱི་རེད།
ཕྲུ་གུ། འདུག འཚམས་རེ་དེ་འདྲ་ཡོང་གི་འདུག
པཱ་ལགས། ཁྱེད་རང་གིས་དེབ་མང་པོ་མུ་མཐུད་ནས་ཀློག་པ་ཡིན་ན། མ་འོངས་པར་སྐད་ཡིག་ལ་དཀའ་ངལ་མི་ཡོང་བ་མ་ཚད། ཁྱེད་རང་རྩོམ་པ་པོ་ཞིག་ཆགས་ཐུབ་ཀྱི་རེད།
ཕྲུ་གུ། པཱ་ལགས། དེབ་མང་པོ་ཀློག་ན་རྩོམ་པ་པོ་གང་འདྲ་བྱས་ནས་ཆགས་ཐུབ་ཀྱི་རེད།
པཱ་ལགས། ད་ལྟ་ང་ཚོས་མཐོང་རྒྱུ་ཡོད་པའི་དེབ་འབྲི་མཁན་དང་། གསར་འགྱུར་འབྲི་མཁན་སྐད་གྲགས་ཆེན་པོ་ཚང་མ་དེབ་མང་པོ་ཀློག་མཁན་རེད། ཁྱེད་རང་གི་དེབ་དགའ་ཤོས་ཀྱི་རྩོམ་པ་པོའི་ལོ་རྒྱུས་ལ་དྲ་རྒྱའི་ཐོག་ནས་ལྟོས་དང་། ཁྱེད་རང་གིས་གསལ་པོ་ཤེས་ཀྱི་རེད།
ཕྲུ་གུ། པཱ་ལགས། ཁྱེད་རང་ད་ལྟ་ཀློག་བཞིན་པའི་དེབ་ཀློག་ཚར་ན་དེབ་ག་རེ་ཀློག་རྩིས་ཡོད་པས།
པཱ་ལགས། ད་ལྟ་ཁྱེད་རང་གིས་ཀློག་བཞིན་པའི་༧གོང་མཆོག་གི་མཛད་རྣམ་ (བཙན་བྱོལ་ནང་གི་རང་དབང་ Freedom in Exile ) ཞེས་པ་ཨིན་ཡིག་ཐོག་༧གོང་ས་མཆོག་དང་ལྷན་དུ་འབྲི་མཁན་རྩོམ་པ་པོ་ Alexander Norman གྱིས་ཉེ་ཆར་༧གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་གསར་པ་ THE DALAI LAMA An Extraordinary Life ཞེས་པ་འདོན་སྤེལ་བྱས་ཡོད་པ་དེ་ཀློག་རྩིས་ཡོད།
ཕྲུ་གུ། ཨ་ལས། བྱས་ན་པཱ་ལགས་ཀྱིསཕྱག་དེབ་དེ་ཀློག་ཚར་པ་དང་། ང་ལ་ཀློག་རྒྱུར་གནང་རོགས།
པཱ་ལགས། ཡིན་དང་ཡིན། །
མཁས་པ་སློབ་པའི་དུས་ན་སྡུག།
བདེ་བར་སྡོད་ལ་མཁས་མི་སྲིད།
བདེ་བ་ཆུང་ལ་ཆགས་པ་དེ།
ཆེན་པོའི་བདེ་བ་ཐོབ་མི་སྲིད།
ཨ་མ་ལགས། ཨ་ཕ་ལགས།
མ་ལགས། ཕ་ལགས།
་
པྰ་ལགས་འདི་དགོས་ས་མི་འདུག
དཔེ་དེབ་དོར་བ་ནི་ཤེས་ཡོན་དོར་བ་ཡིན་ཞེས་བརྗོད་མཁན་ཡོད་ལ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བསྟེན། ཞེས་གསུངས་ཡོད་པས། དཔེ་ཀློག་ནི་ཐོས་པའི་ནང་གི་གལ་ཆེན་ཞིག་ཆགས་ཡོད། གོང་གི་རྩོམ་ཡིག་ནང་དོན་གཙོ་བོ་ནི་དཔེ་ཀློག་གི་གལ་ཆེན་རང་བཞིན་བསྟན་འདུག་པ་དང་། འབྲི་སྟངས་ཡང་གླེང་མོལ་ལམ་ནས་ཚང་མས་གོ་བདེ་བ་དང་གསོན་ཉམས་ལྡན་པ་བྲིས་འདུག་པས་ཡི་རང་ཞུ་བཞིན་ཡོད། མཆན་ཁོངས་སུ་པཱ་ལགས་མ་རེད། ཕ་ལགས་རེད་ཟེར་མཁན་ཞིག་འདུག་མོད་ཁས་ལེན་བྱེད་ཐུབ་དཀའ། དུས་རྒྱུན་གླེང་མོལ་སྐབས་སུ་པཱ་ལགས་ཞེས་པས་ཕ་ལགས་ཞེས་པ་མེད་པ་ཡོངས་གྲགས་ཡིན་ལ། བརྗོད་བདེ་འདྲེན་ཚུལ་ནས་ཀྱང་པཱ་ལགས་བརྗོད་བདེ་བ་དངོས་ཡོད་གནས་ཚུལ་རེད། ད་དུང་དེང་སྐབས་སྐད་ཡིག་སློབ་ཁྲིད་གནང་མཁན་མང་པོ་ཞིག་གིས་ཉིན་རེའི་འཚོ་བ་དངོས་ཀྱི་གནས་ཚུལ་དང་སྦྱར་ནས་སློབ་ཁྲིད་བྱེད་ཐུབ་པ་ཡིན་ན་སྐད་ཡིག་ཤེས་པ་ཙམ་མིན་པར་སྐད་ཡིག་བེད་སྤྱོད་གཏོང་ཤེས་པ་གསུངས་ཡོད། དེ་སྔ་ལེགས་བཤད་ལྗོན་དབང་ཆ་ཚང་ལེགས་པོ་ཤེས་ནའང་། ཉིན་རེའི་འཚོ་བའི་ནང་ལ་རང་ཉིད་ཀྱིས་གང་བསམ་པ་གཞན་པ་བཤད་འབྲི་བྱེད་མི་ཐུབ་མཁན་མི་ཉུང་བ་ཡོད་པ་དེ་ནི་སྦྱོང་བྱེད་ཀྱི་སྐད་ཡིག་དང་། སྤྱོད་བྱེད་ཀྱི་སྐད་ཡིག་གཉིས་མི་འདྲ་བར་ངོས་འཛིན་པའི་ནོར་འཁྲུལ་ལས་བྱུང་ཡོད། དོན་དུ་སྐད་ཡིག་སྦྱོང་ནས་ཤེས་མིན་གྱི་ཚད་ནི་དུས་རྒྱུན་འཚོ་བའི་ནང་ལ་རང་ཉིད་ཀྱི་བསམ་ཚུལ་གཞན་ལ་བཤད་འབྲི་ཐུབ་པ་དང་། གཞན་གྱི་བསམ་ཚུལ་རང་གིས་ཉན་ཀློག་ཐུབ་པ་ཞིག་དགོས་པས། གོང་གསལ་རྩོམ་ཡིག་དེ་ནི་གནད་དུ་སྨིན་པ་ཞིག་བྱུང་འདུག འབྲི་མཁན་དང་སྤེལ་མཁན། ཀློག་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡོད། ད་དུང་དེ་བས་མང་བར་འབད་པར་འཚལ་ལོ། །
ཀོ་རོ་ན་ཀོ་རོ་ན་ཞེས་པའི་ནད་དུག་འདི།
འབྱུང་ཁུངས་རྒྱ་ནག་དམར་ཤོག་རྒྱལ་ཁབ་རེད།
རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་ནང་ཁྱབ་།
ད་དུང་འཛམ་གླིང་མཁས་པ་ང་ཡིན་ཟེར་པ་ཚོས།
ནད་དུག་འགོག་ཐུབ་སྨན་ཁབ་ད་དུང་བཟོ་ཐུབ་མེད་།
ངན་དུག་ནུས་དབང་དཀོན་མཆོག་ལས་ཀྱང་ཆེ།
འདི་བསམ་བཞིན་བསམ་བཞིན་ཡིད་རེ་སྐྱོ།