བདེ་སྐྱིད།
དེང་སྐབས་རྒྱལ་སྤྱིའི་གསར་འགྱུར་ཛ་དྲག་ཆེ་ཤོས་ནི་ཏོག་དབྱིབས་ནད་ཡམས་ཁྱབ་སྤེལ་འགྲོ་ཤུགས་ཆེ་བ་དང་ཚོད་འཛིན་མ་ཐུབ་པའི་གནས་སྟངས་འོག་གནས་ཡོད་པ་དེ་རེད། དེ་རིང་ཞོགས་པ་སྔར་རྒྱུན་བཞིན་ཞོགས་ཇ་འཐུང་ཞོར་རྒྱལ་སྤྱིའི་གསར་འགྱུར་དང་བོད་དོན་གསར་འགྱུར་ཁག་ལ་བལྟ་ཀློག་བྱས་པ་ཡིན། ཞོགས་པ་ལས་ཀར་འགྲོ་ཁར་དུས་ཡུན་ཐུང་ངུའི་རིང་ཞོགས་ཇ་མངར་མོ་འཐུང་པ་དང་། ཞོགས་ཟས་བག་ལེབ་དང་སྒོ་ང་བཟའ་ཞོར་གསར་འགྱུར་དང་། ལས་དོན་དང་འབྲེལ་བའིི་ཡིག་ཆ་ཁག་བལྟ་ཀློག་བྱ་རྒྱུ་ནི་ཕྲན་གྱི་གོམས་གཤིས་སུ་འཇགས་འདུག གོམས་གཤིས་དེ་ནི་བཟང་ངན་གང་ཡིན་མི་ཤེས།
དེ་རིང་ཞོགས་པ་གཉིད་ལས་སད་མ་ཐག་གསར་འགྱུར་ག་རེ་ཡོད་དམ་སྙམ་པ་དང་། ཏོག་དབྱིབས་ནད་ཡམས་ཁྲོད་ནད་པའི་གྲངས་འབོར་ཇེ་ཉུང་བསྒྱུར་ཡོད་པ་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། གསར་འགྱུར་ལ་བལྟ་ཉན་སྐབས་ (འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་) ཞེས་པ་གཅིག་མཐོང་བས། ཡིག་འབེབ་དང་པོ་འཁྱུག་ཙམ་ཀློག་པ་ལས་གསར་འགྱུར་ཆ་ཚང་ཀློག་རྩིས་མེད་ནའང་། ཡིག་འབེབ་དང་པོའི་ནང་ལ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་འགལ་བའི་གནས་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པ་ལས། ཚབས་ཆེན་ཞེས་པའི་ཚིག་དང་། བཅའ་ཁྲིམས་དང་འགལ་བ་ཞེས་པའི་ཚིག་གཉིས་མཐོང་བས་གསར་འགྱུར་ཆ་ཚང་བཀླགས་པ་ཡིན།
དེང་སྐབས་གཞུང་འབྲེལ་གསལ་བསྒྲགས་སྤེལ་སྐབས་ཛ་དྲག་ཞེས་པ་དང་། ཚབས་ཆེན་ཞེས་པའི་ཚིག་དེ་རིགས་རང་གར་བྲིས་པ་ལས་གསལ་བསྒྲགས་འབྲི་མཁན་གྱི་ཚིག་དོན་ལ་བསམ་བློ་གཏོང་གི་ཨེ་ཡོད་བསམ། དེ་སྔ་སྐུ་ཕྱྭའི་ཞབས་རིམ་གསལ་བསྒྲགས་སྤེལ་བའི་འགོ་བརྗོད་ལ་ཛ་དྲག་གསལ་བསྒྲགས་ཞེས་པ་མཐོང་བས་གསལ་བསྒྲགས་མ་ཀློག་སྔོན་སེམས་ནང་ཞེད་སྣང་གིས་ཡུན་རིང་གསལ་བསྒྲགས་ཀློག་མི་ཐུབ་པའི་གནས་སྟངས་ཆགས་མྱོང་། གལ་ཆེའི་གསལ་བསྒྲགས་ཞེས་པ་སོགས་འབྲི་རྒྱུ་ཡོད། ད་ཐེངས་ཀྱི་གསལ་བསྒྲགས་དེའི་ནང་གི་ཚབས་ཆེན་ཞེས་པའི་ཚིག་བརྗོད་ནི་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་གསལ་བསྒྲགས་མ་བསྐྱངས་སྔོན་ནས་སྲིད་སྐྱོང་འོས་མི་རང་གཞན་གང་རུང་ནས་གསལ་བསྒྲགས་སམ་མིང་འདོན་བྱ་མཁན་རེ་ཟུང་བྱུང་བ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནས་དོན་ཚབས་ཆེན་རེད་ཅེས་པ་དེ་རེད། གསལ་བསྒྲགས་ནང་ཁྲིམས་སྒྲིག་གི་ལེའུ་དང་དོན་ཚན་གང་ཡིན་ཁ་གསལ་ལུང་འདྲེན་གནང་འདུག་ཀྱང་། ཁྲིམས་སྒྲིག་འགལ་མཁན་སུ་ཡིན་གསལ་ཁ་བཏོན་མེད་པར་རྒྱུགས་པ་ལེབ་རྡུང་གནང་བ་ནི་ཅུང་ཉེན་ཚབ་ཆེ་བར་མཐོང་། རྒྱུ་མཚན་ནི། ད་བར་རང་གཞན་གང་རུང་གིས་སྲིད་སྐྱོང་འོས་མིར་བསྒྲགས་པའི་མི་སྣ་ཚང་མས་ཁྲིམས་སྒྲིག་དགོངས་དོན་ལ་སྣང་མེད་པ་གསར་འགྱུར་བརྒྱུད་ཁག་ནས་གསལ་པོ་མཐོང་ཐུབ། དཔེ་མཚོན་གསལ་ཤོས་ནི། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༦ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་དྲ་རྒྱའི་ཐོག་འགོ་བརྗོད་ལ་ (ཁྱེད་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཀྱི་ཡོད་དམ།) ཞེས་པའི་གསར་འགྱུར་ལེ་ཚན་དེའི་ནང་ལ་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ ༢༠༢༡ སྲིད་སྐྱོང་འོས་མིར་བཞེངས་ཀྱི་ཡོད་པ་གྲགས་ནའང་། དོ་བདག་སྒེར་ནས་ལངས་མིན་གསལ་པོ་ཆགས་མེད་པ་རྣམས་ལ་བཀའ་འདྲི་ཞུས་འདུག སྲིད་སྐྱོང་འོས་མིར་ལངས་ཀྱི་ཡིན་ཞེས་བརྒྱུད་ལམ་ཁག་ལ་དངོས་ཤུགས་གང་རུང་ནས་གསུང་མཁན་རྣམས་ལ་བཅའ་འདྲི་ཞུས་མི་འདུག གསར་འགྱུར་ལེ་ཚན་དེའི་ནང་ལ་བཅའ་འདྲི་ཞུ་ཡུལ་མི་སྣ་ཁག་ལས་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཀའ་འདྲི་ཞུས་པའི་གནས་ཚུལ་དེ་ལྟར་བྲིས་འདུག ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། ད་ལྟའི་ཆར་གང་ཡང་བཤད་རྒྱུ་མེད་ལ། འོས་བསྡུ་ལས་ཁང་ནས་ལས་རིམ་གང་ཡང་མགོ་འཛུགས་བྱས་མེད་པ་རེད། ཅེས་གསུངས་པའི་གནས་ཚུལ་བོད་ཀྱི་དུས་བབ་ཐོག་གསལ་པོ་བྲིས་འདུག གནས་ཚུལ་དེ་ནས་ང་ཚོས་གསལ་པོ་མཐོང་ཐུབ་པ་ནི་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཁྲིམས་སྒྲིག་ཁག་ལ་གུས་བརྩི་དང་ཉམས་ལེན་གནང་གི་ཡོད་པ་གསལ་པོར་མཐོང་ཐུབ།
དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ཀློག་མཁན་དང་དོ་སྣང་ཅན་ཚོས་དོ་སྣང་བྱུང་ཡོད་ངེས་པ་ནི་གསལ་བསྒྲགས་ཚིག་བརྗོད་ཁག་རེད། དཔེར་ན། གསལ་བསྒྲགས་དེའི་ཡིག་འབེབ་དང་པོའི་ནང་ལ། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནས་དོན་ཚབས་ཆེ། ཡིན་པ་བྲིས་པ་དང་། ཡིག་འབེབ་གཉིས་པའི་ནང་། བཅའ་ཁྲིམས་ནང་གསལ་པོ་ཡོད་བཞིན་དུ་རང་འདོད་རློམ་པའམ་སྤྱང་གྲུང་དོད་མདོག་གིས་ཁྲིམས་སྒྲིག་ཁག་ལ་ཉམ་ལེན་ཚུལ་མཐུན་མ་བྱུང་བའི་འགལ་འཛོལ་ཞིག་ལ་སོང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆགས་ཁག་ནས་ཡིད་གཟབ་བྱ་དགོས་ནན་བསྐུལ་དང་། གལ་ཏེ་ད་དུང་གནས་དོན་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན། ཞེས་པ་དེ་རེད། དོ་བདག་རང་ངོས་ནས་སྲིད་སྐྱོང་འོས་མིར་ལངས་ཀྱི་ཡིན་ཞེས་བརྗོད་མཁན་ཐོན་ཟིན་པ་དང་། མ་འོངས་པར་ཐོན་སྲིད་པས་གསལ་བསྒྲགས་ནང་གསལ་ལྟར་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་ག་རེ་གནང་གི་རེད་དམ། གང་འདྲ་བྱས་ཏེ་གནང་གི་རེད་དམ། དེ་ནི་མང་ཚོགས་སམ་ཀློག་མཁན་ཚོས་དྲན་ངེས་པའི་དྲི་བ་ཞིག་རེད།
རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་ལ་ཞེད་སྣང་དང་། ཛ་དྲག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ཨ་རིའི་ནང་ལ་རྒྱལ་ཡོངས་འོས་བསྡུའི་ཐོག་དོ་སྣང་བྱེད་ཤུགས་ཆེ་བས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ནས་ཀྱང་ཀུན་གླེང་ལས་རིམ་དུས་ཡུན་རིང་པོ་མེད་ནའང་ད་བར་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ཐོག་ལ་བགྲོ་གླེང་མང་པོ་གནང་བར་རྒྱུ་མཚན་ངེས་ཅན་ཡོད་ངེས་པ་དང་། ཨ་རིའི་འོས་བསྡུར་དོ་སྣང་བྱེད་མཁན་ནི་བོད་པ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བརྒྱུད་ལམ་ཁག་ནས་དོ་སྣང་བྱེད་ཀྱི་ཡོད་པས་ཡ་མཚན་དགོས་དོན་མེད། བཙན་བྱོལ་བོད་མིའི་མི་འབོར་མང་པོ་མིན་ནའང་། སྲིད་སྐྱོང་འོས་བསྡུའི་དོ་སྣང་ཆེན་པོས་གླེང་སློང་བྱེད་པར་བཟང་ངན་གི་རྣམ་པ་གཉིས་ཀ་ལྡན་པ་ནི་དངོས་པོའི་གཤིས་ལུགས་ཡིན་ནའང་། ཁྲིམས་སྒྲིག་གི་དགོངས་དོན་མ་འགལ་བ་དང་། ཛ་དྲག་གི་གནས་ཚུལ་ལ་གཞིགས་ནས་སྐབས་སུ་བབ་པ་བོད་མིར་ཏོག་དབྱིབས་ནད་དུག་མི་ཕོག་པའི་སྔོན་འགོག་ཆེད་ལས་དོན་རྩོམ་རྒྱུ་ནི་གཞུང་སྒེར་ཚང་མའི་དོན་དངོས་ཀྱི་ཛ་དྲག་དང་། ཚབས་ཆེན་མི་ཡོང་བའི་ལས་ཀ་ཞིག་ཏུ་མཐོང་ངོ་། །
ད་པར་དུ་མི་མང་ལ་ཤ་ཚ་དང་འགན་ཁུར་ཡོད་པས་གསར་འགྱུར་ནི་བོད་ཀྱི་དེ་ཕོ་གཅིག་པོ་རེད་འདུག དེ་མིན་བཙན་བྱོལ་གཞུང་སྒེར་ཚང་མ་བརླག་ཚར་འདུག
བློ་བཟང་གའལ་པོ་ཤེས་དགོས་པ་ཞིཧ་ལ་ཁ་བརྡ་དྲ་བ་འདི་གསར་ཁང་ཞིག་ཡིན་ན་ཁྱེད་ཀྱི་བསམ་ཚུལ་དེར་འབྲེལ་བ་ཏོག་ཙམ་འདུག
ག་དུས་གསར་འགྱུར་ལ་ལྟས་ཀྱང་་་་་ནད་དུག་དེའི་སྐོར་ཤ་སྟག་ཡིན་འདུག་པ་ཅི་ཡིན།
འཛམ་གླིང་གི་གྲགས་ཅན་་་སྨན་པ་མཁས་པ་དང་མི་ཆེན་། དཔོན་ཆེན་སུ་ལ་དྲིས་ཀྱང་་་ནད་དུག་
དེའི་སྐོར་ལ་བསམ་ཚུལ་ཙམ་་་་ཡིན་གྱི་རེད། བསམ་གྱི་འདུག་་་ལྟ་བུ་ལས་་་ནད་དུག་དེ་འགོག་ཐབས་
འདི་རེད། སྨན་འདི་བཏང་ན་་་ངེས་པར་ཕན་པའི་སྐོར་གང་ཡང་བཤད་རྒྱུ་མི་འདུག་པ་་་ཅི་ཡིན།
མཁས་པ་ཡིན་ཟེར་མཁན། མི་ཆེན་དཔོན་ཆེན་ཡིན་ཟེར་མཁས་ཆེན་རྣམས་ནད་དུག་འདི་ལ་ཕན་པ་
པའི་ཐབས་ལམ་མེད་ན། མཁས་པའི་ལག་འཁྱེར་རྣམས་་་མར་གད་སྙིགས་ནང་དབྱུགས།
ཤེས་མེད་ཉམ་ཆུང་མགོ་མ་སྐོར།