རྭ་འཕྲིན། ༼ ཨ་རི ༽
དེང་སྐབས་འཛམ་གླིང་ཡུལ་གྲུ་ཀུན་ན་ཏོག་དབྱིབས་རིམས་ནད་ཀྱི་མེ་ལྕེ་ཛ་དྲག་ངང་འཕྱོ་བཞིན་པའི་སྐབས་ཤིག་ཡིན། རང་ཉིད་ཀྱང་རིམས་ནད་འདིའི་རྐྱེན་གྱིས་བཟང་བཙོན་ལྟ་བུའི་བཀག་སྡོམ་ལྷོད་པོ་ཞིག་གི་འོག་རང་ཁྱིམ་དུ་འཛུལ་ཏེ་སྡོད་དགོས་བྱུང་བས། རིམས་ནད་འདིའི་སྐོར་སྐད་ཆ་འགའ་བཤད་ན་བསམ།
འགྲོ་བ་མི་ཟེར་བ་འདི་གོད་ཆག་དང་དཀའ་ངལ་སྣ་ཚོགས་ཤིག་བརྒྱུད་ནས་ཡོང་བ་སྨོས་ཅི་དགོས། དཀའ་ངལ་རེ་རེའི་ནང་ནས་ང་ཚོར་སློབ་གསོ་དང་ཉམས་མྱོང་ཡང་མོད་པོ་ཞིག་ཐོབ་ཡོད་པ་རེད། སྐབས་སུ་བབས་པའི་ཏོག་དབྱིབས་རིམས་ནད་འདིས་ཀྱང་ང་ཚོར་ཧ་ཅང་མཁོ་བའི་སློབ་སྦྱོང་ཞིག་དང་ཡང་ན་བློ་སྐྱེད་ཅིག་ཅིས་ཀྱང་སྟེར་ངེས་ཡིན། གོད་ཆག་ འདི་ལྟ་བུ་འགྲོ་བ་མིའི་ཁྲོད་ལ་སྔོན་མ་ཡང་བྱུང་མྱོང་བ་ཞིག་རེད། འོན་ཀྱང་མིའི་འདོད་སེམས་མ་ཁེངས་པ་དང་། ཡང་ན་ཕྲག་དོག་བཅས་ཀྱི་ཉོན་མོངས་ཀྱི་དབང་ལ་ཤོར་ཏེ་ག་ལེར་བརྗེད་སོང་བ་འདྲ།
དེང་སང་འགྲོ་བ་མི་སྤྱི་དང་ཁྱད་པར་དུ། ཁོ་བོས་མཐོང་ཐོས་མྱོང་གསུམ་ལ་བརྒྱུད་པའི་མི་རྣམས་ལ་མཚོན་ན། རིམས་ནད་འདི་ལྟ་བུ་ཞིག་མ་བརྒྱུད་ན་ཆོག་ཤེས་ཟེར་བ་ཞིག་བསྟེན་མི་ཤེས་པ་འདྲ། ཚེ་སྲོག་དང་བདེ་སྡུག་གི་སྔུན་ནས་ད་གཟོད་ང་ཚོ་འགྲོ་བ་མི་ཟེར་བ་འདི་འདྲ་མཉམ་ཡིན་ལ། དཔོན་པོ་དབང་ཆེན་ཡིན་ན་འདྲ། རྒྱུ་ནོམ་པ་རི་རྒྱལ་ལྟ་བུ་ཡོད་པའི་ཕྱུག་བདག་ཚོ་ཡིན་ཀྱང་རུང་། མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་ཡིན་ཀྱང་ཆོག དཔའ་བོ་མཐུར་མེད་པ་ཞིག་ཡིན་ཟེར་མཁན་ཚོ་ཡིན་ཀྱང་རུང་། མཛངས་མ་སེང་ལྕམ་འབྲུག་མོ་ལྟ་བུ་ཞིག་ཡིན་ན་རེད།སྤྲང་བོ་ཁྱིམ་མེད་ཚོ་ཡིན་ཀྱང་ཆོག གང་ལྟར་རིམས་ནད་འདིའི་སྔུན་ནས་སྐྱག་པ་ཟོས་ན་ནད་འདི་འགོག་ཐུབ་ཀྱི་འདུག་ཅེས་རིགས་པའི་བསྒྲུབས་ན་སུ་ཡིན་རུང་ཟ་མདོག་ཁ་བོ་རེད་བསམ་གྱི་འདུག
འདས་པའི་ལོ་རྒྱུས་ཁྲོད་ཀྱང་། དཔེར་ན་ཨེ་ཛི་ན་ཚ་དང་། མིར་སི། Middle East respirator syndrome MERS སར་སི། Severe acute respiratory syndrome SARS ཨེ་བྷོ་ལ་ཟེར་བ་ལྟ་བུ་འདས་པའི་ལོ་བཅུ་ཕྲག་གཅིག་གཉིས་ནང་ཡང་རིམས་ནད་དྲག་པོ་མང་དུ་བྱུང་བ་རེད། འོན་ཀྱང་ནད་ཡམས་བྱུང་ཐེངས་རེ་རེ་བཞིན་འགོག་སྨན་དང་། གསོ་སྨན་ལ་རེ་བ་བྱེད་པ་ཙམ་ལས། ནད་དུག་གི་རྩ་བའི་འབྱུང་རྐྱེན་ལ་བསམ་བློ་བཏང་མེད། གང་ཡིན་ཞེ་ན། རིམས་ནད་འདི་དག་ལས་ལྷག་པའི་འཇིགས་སུ་རུང་བ་དེ་མིའི་ཀུན་སྤྱོད་དང་སེམས་རྒྱུད་མི་གཙང་བར་གྱུར་བ་དེ་རེད། རིམས་ནད་འདི་ཚོའི་གང་ཡིན་རུང་མིའི་འདོད་བློ་མ་ཁེངས་པ་དང་། རང་གི་སེམས་ལ་བདག་པོ་རྒྱག་མ་ཐུབ་པར་བྱ་སྤྱོད་དྲ་མིན་སྣ་ཚོགས་ལ་ཞུགས་པ་ལས་བྱུང་བ་ཞིག་རེད་སྙམ།
རིམས་ནད་གང་ཡིན་རུང་ཚན་རིག་གི་ཐོག་ནས་འགྲེལ་བཤད་ཅིག་ཡོད་པ་རེད། ཆོས་ལུགས་པའི་ངོས་ནས་འགྲེལ་བཤད་མ་འདྲ་བ་ཞིག་ཡོང་གི་རེད། ཁོ་བོ་ནི་ཆོས་ལུགས་དང་ཚན་རིག་གང་ལ་བསླབས་མྱོང་མཁན་མིན་ལ། དེའི་སྐོར་གྱི་ཤེས་བྱའང་ཧ་ཅང་དམན། འོན་ཀྱང་མི་ཕལ་བ་ཞིག་གི་བསམ་བློའི་དཔག་ཚོད་ཀྱིས་བསམ་ན། རིམས་ནད་འདིའི་རིགས་གཏན་དུ་མེད་དགོས་ན།འགོག་དགོས་པ་ཉག་གཅིག་ནི་འགྲོ་བ་མིའི་སེམས་རྒྱུད་དེ་གཙང་མ་ཆགས་དགོས་པ་དེ་རེད། ཤིང་སྡོང་ཞིག་ལ་དཔེར་བླངས་ན་དེའི་རྩ་བ་རུལ་སོང་བ་ཡིན་ན་ཡལ་ག་གང་རུང་ལ་སྐྱོན་ཤོར་འགྲོ་བ་རེད། ཡལ་ག་དེ་བཅད་པ་ཙམ་གྱིས་ཤིང་སྡོང་དེ་སྐྱོབས་ཐུབ་ཀྱི་ཡོད་མ་རེད། ཡང་བསྐྱར་ཡལ་ག་གཞན་པ་ཞིག་སྐམ་འགྲོ་ཡ་དེ་མིག་མཐོང་ལག་ཟིན་རེད། དེའི་ཕྱིར་རྩ་བ་རུལ་བསྡད་ཡོད་པ་དེ་ཡག་པོ་ཆགས་སོང་ན་ད་གཟོད་ཡལ་ག་ལོ་མ་དང་ལྡན་པ་ཞིག་འབྱུང་ཐུབ་པ་རེད།
ད་སྐབས་ཀྱི་སྤྱི་ཚོགས་ནང་མི་ཐམས་ཅད་དཔལ་འབྱོར་དང་ཁེ་དབང་གཅིག་བུར་མགོ་འཁོར་ཏེ། དེ་དག་གི་ཆེད་དུ་སོ་སོའི་གྲོགས་པོ་དང་། ཐ་ན་ཕ་མ་དང་སྤུན་མཆེད་སོགས་ལ་ཡང་མགོ་སྐོར་བསླུ་བྲིད་བྱེད་པར་ཡ་མི་ང་བ་ཉུང་ཉུང་ཞིག་ག་ལ་ཡིན། ངས་འདི་ནས་རྒྱུ་འབྲས་དང་ལས་དབང་གི་སྐད་ཆ་བཤད་ཀྱི་མེད། མ་གཞི་ནས་སེམས་ལྡན་འགྲོ་བ་མི་ཞིག་གི་རྣམ་དཔྱོད་གཅིག་པོ་ལ་བརྟེན་ནས་བསམ་བློ་བཏང་ན། རང་ཉིད་ཀྱི་ཁེ་བཟང་གཅིག་བུར་དམིགས་ཏེ་འགྲོ་བ་མིའི་རིན་ཐང་ལ་མཐོང་ཆུང་བྱེད་རྒྱུ་དང་། དབང་ཆ་ཆེན་པོ་ཡོད་མཁན་དང་དཔལ་འབྱོར་ཆེན་པོ་ཡོད་མཁན་ཞིག་ཡིན་ན་དེ་དག་ནི་རང་བཞིན་གྱིས་མི་རྣམས་ཀྱི་མཆོག་ལྟ་བུ་ཆགས་འགྲོ་བ་དང་། ཁོ་ཚོས་ཀྱང་ཡིན་ཤག་ཤག་བྱས་ནས་སོ་སོའི་དབང་ཤུགས་དང་སྟོབས་འབྱོར་དེ་དག་བེད་སྤྱད་དེ་ང་རྒྱལ་སྐྱེ་བ་དང་། མི་གཞན་པ་སུ་ཡིན་རུང་མཐོང་ཆུང་བྱེད་རྒྱུ་དང་ཡང་ན་སྣང་མེད་དུ་འཇོག་པ། མདོར་བསྡུས་ན་མིའི་རིན་ཐང་ལ་དམའ་འབེབས་བྱས་ནས་རང་བཞིན་གྱིས་མི་དང་མི་འདྲ་མཉམ་མ་ཡིན་པའི་བློ་ཞིག་སྐྱེས་ཡོང་གིན་ཡོད་པ་རེད། དེ་ལྟ་བུ་ཡང་འགྲོ་བ་མིའི་སྤྱི་ཚོགས་ནང་དུ་མཐོང་རྒྱུ་མང་པོ་འདུག འོན་ཀྱང་དོན་གྱིས་བཤད་ན་ང་ཚོ་ཚང་མའི་ཚེ་སྲོག་དང་འཇིགས་སྣང་། བདེ་བ་འདོད་པའི་བློ་དང་མི་ཞིག་གི་བརྩི་མཐོང་དེ་འཇོག་དགོས་ཀྱི་ཡོད་པ། སྡུག་བསྔལ་ལ་སྐྲག་ནས་ཤི་འདོད་མེད་པ་ལ་སོགས་པའི་ཐད་ནས་ཚང་མ་འདྲ་མཉམ་ཡིན་པ་གསལ་བོར་ངོས་འཛིན་བྱེད་ཐུབ་ན། ད་གཟོད་མི་གཞན་ལ་བརྩི་བཀུར་ཡོང་བ་དེ་ཆོས་ཉིད་རེད། བྱས་ཙང་ཐེངས་འདིའི་ཏོག་དབྱིབས་རིམས་ནད་འདིའི་སྔུན་ནས་འགྲོ་བ་མི་ཚང་མ་འདྲ་མཉམ་རེད་འདུག་ག རིམས་ནད་ཀྱིས་ཁྱོད་དབང་ཆེན་རེད། རྒྱུ་ཆེན་པོ་རེད། ང་ཁྱོད་ལ་མི་ཕོག འདི་ཉམ་ཆུང་ཞིག་རེད། ང་འདི་ལ་ཕོག་གི་ཡིན་ཟེར་གྱིན་བདམས་ནས་ཕོག་གི་ཡོད་མ་རེད། འཛམ་གླིང་གི་མི་སྣ་སྐད་གྲགས་ཅན་ག་ཚོད་ལ་ཕོག་སོང་། ཁྱད་པར་མི་འདུག་ག། དེའི་ཕྱིར་འགྲོ་བ་མིའི་སྤྱི་ཚོགས་ལ་མཚོན་ན་རིམས་ནད་འདི་འདྲ་བ་ཞིག་བརྒྱུད་ནས་སློབ་གསོ་མ་ཐོབ་པ་ཡིན་ན་རྗེས་ཕྱོགས་ནད་ཡམས་འདི་ལས་ཐུ་བ་བྱུང་མི་སྲིད་པ་མ་རེད་སྙམ།
མཐའ་དོན་ང་ཚོ་བོད་པའི་སྤྱི་ཚོགས་གཞིར་བཟུང་ནས་བལྟས་ན་ཡང་། སྔར་གྱི་མི་རྣམས་མི་གཤིས་ཡག་ཐག་ཆོད་འདྲ་བོ་ཞིག་ཡོད་རེད། དེ་དུས་མཁས་པ་ཡིན་ཟེར་མཁན་ཉུང་། འོན་ཀྱང་སློབ་གཉེར་བྱེད་མཁན་མང་། དེ་དུས་ཡིག་རྨོངས་པ་མང་། འོན་ཀྱང་ལྟ་ལོག་པ་ཉུང་། དེ་དུས་རྒྱུ་དང་དཔལ་འབྱོར་སྒྲུབ་མཁན་ཉུང་། འོན་ཀྱང་ཤ་ཁྲག་ཉེ་རིང་མང་། འོན་ཀྱང་དེང་སྐབས་ཐམས་ཅད་དཔལ་འབྱོར་གྱི་ཕྱོགས་ལ་ཟེར་ན་འདྲ། རྒྱུ་ནོམ་པའི་ཆེད་དུ་ཟེར་ཀྱང་ཆོག གང་ལྟར་རང་གི་ཁེ་བཟང་དང་མཚན་སྙན་གྲགས་ཀྱི་ཆེད་དུ་བྱ་བ་གང་འདྲ་ཞིག་ལས་དགོས་རུང་ལས་ཕོད་པ། སོ་སོར་ཕན་པ་ཞིག་མེད་ན་ནང་ཕུ་ནུ་ཡིན་རུང་བརྩེ་བ་དང་བརྩི་འཇོག་མེད་པའི་མགོ་མཇུག་གོ་ལོག་གི་སྤྱི་ཚོགས་ཤིག་གྲུབ་དང་འགྲུབ་བཞིན་པ་མངོན་གསལ་རེད། རྟགས་མཚན་འདི་དག་ནི་མིའི་སེམས་རྒྱུད་དང་ཀུན་སྤྱོད་ལ་སྐྱོན་ཤོར་སོང་བ་ཡིན་པ་གསལ་བོ་རེད། ཏོག་དབྱིབས་རིམས་ནད་འདི་དང་འདི་ལྟ་བུའི་གཤིན་རྗེ་གཤེད་པོ་དག་གི་སྔུན་ནས་ད་གཟོད་བསམ་ཞིག་ཤེས་ཡོད་དམ། ཚེ་སྲོག་གི་རིན་ཐང་ཟེར་བ་ཞིག་གཞི་ནས་རྙེད་བྱུང་ངམ། འགྲོ་བ་མི་ཟེར་བ་འདི་ཅི་འདྲའི་ཆུང་ཆུང་ཅིག་དང་ནུས་མེད་ཞིག་ཡིན་པ་རྟོགས་སོང་ངམ། མི་རིགས་འདིའི་སེམས་རྒྱུད་དང་ཀུན་སྤྱོད་བརླག་ཏུ་འགྲོ་རྒྱུ་མང་དྲགས་ན་ཉི་མ་གཅིག་ལ་རིམས་ནད་འདི་འདྲ་བ་དང་། ཡང་ན་འདི་ལས་ལྷག་པའི་ནད་ཡམས་དག་ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ནང་ཁུལ་ལ་འབྱུང་མི་སྲིད་པ་མ་རེད་བསམ། ད་ལྟའི་བོད་ཡུལ་གྱི་ཨེ་ཛི་ནད་ཚ་གཅིག་པུ་ལ་བལྟས་ན་གསལ་བོར་ཤེས་ཐུབ་བོ། །
མཇུག་མཐར་འགྲོ་བ་མི་ཡོངས་སུ་རྫོགས་པ་ཐེངས་འདིའི་ཏོག་དབྱིབས་རིམས་ནད་ལས་མྱུར་དུ་རྒྱལ་གྱུར་ཅིག་ཅེས་སྨོན་ལམ་དང་བཅས། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནས་རང་ཁྱིམ་དུ་བཟང་བཙོན་ལ་སྡོད་སྐབས་རྭ་འཕྲིན་གྱིས་བྲིས་པ་དགེའོ།།
སྤྱི་ལོ་༢༠༢༠ ལོའི་ཟླ་༣་ཚེས་༢༠ ཉིན།