རྟ་ནག་སྐལ་བཟང་ལུང་རིགས།
ཉེ་ བའི་ཆར་ལ་བོད་ནང་དུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བསྟུད་མར་བྱུང་དང་ འབྱུང་བཞིན་པ་དང་། བཙན་བྱོལ་གྱི་སློབ་གྲྭ་སོ་སོ་ནའང་ལས་འགུལ་དེ་དག་གི་རྒྱབ་དཔུང་དུ་བསྙད་དེ་ སྐད་རྒྱག་མཁན་ཤིན་ཏུ་ནས་མང་བ་བྱུང་དང་འབྱུང་ངོ་།།
བོད་ནང་གི་ལས་འགུལ་ གྱི་འབྱུང་རྐྱེན་ནི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ན་ཡོད་ཅིང་། དེའང་རང་སྐད་ཕལ་བ་དང་གཞན་སྐད་གཙོར་འཛིན་གྱི་སློབ་གསོའི་ངོས་ན་ཡོད་པ་ཞིག་ རེད། ཉེ་ཆར་རྒྱ་ཡིག་གི་པོ་ཞོན་དྲ་ཚིགས་སུ་འཁོད་པའི་གསར་འགྱུར་ཞིག་ལས་ཡུ་གུར་ རིགས་ཀྱི་སློབ་བུ་ཞིག་གིས་འདི་ལྟར་བསྙད་དེ།
ཁོ་ཚོས་བཤད་ཀྱིན་པའི་སྐད་གཉིས་སློབ་གསོ་འཕེལ་རྒྱས་དང་ལག་བསྟར་ཞེས་པ་ནི་ད་ ལྟ་རྒྱའི་སྐད་ཡིག་ཁོ་ན་དང་རྒྱའི་སྐད་ཡིག་གི་སློབ་གསོ་འབའ་ཞིག་ཏུ་བསྒྱུར་ སོང་ངོ་།། ཡུ་གུར་མི་རིགས་ཀྱིས་རྒྱའི་སྐད་ཡིག་སློབ་གཉེར་བྱེད་པར་རྒོལ་བ་བྱེད་མི་སྲིད་ དེ། ཁོ་ཚོས་རྒྱའི་སྐད་ཡིག་གི་ད་ལྟའི་གལ་ཆེན་རང་བཞིན་ཙམ་རྟོགས་ཡོད་པས་རེད། དེ་ལྟ་ནའང་།
སྐད་གཉིས་སློབ་གསོ་ཞེས་བསྙད་པའི་སློབ་གསོ་དེའི་དོན་སྙིང་ནི་ང་ཚོའི་སྐད་ཡིག་ ལ་བཙན་འཛུལ་དང་། ང་ཚོའི་ཡུམ་སྐད་ལ་གཏོར་བརླགས་བྱ་རྒྱུ་དེ་རེད་ཅེས་པའོ།། སློབ་བུ་འདིས་སྐད་ཆའི་ཟུར་དེད་ན་ཐེངས་འདིའི་ལས་འགུལ་གྱི་འབྱུང་རྐྱེན་ཡང་ རྟོགས་ངེས་པ་ཅན་རེད་དོ།།
མདོེར་དེད་ན་ཐེངས་འདིའི་ལས་འགུལ་ནི་གཞན་སྐད་ གཙོ་བོ་དང་རང་སྐད་ཕལ་བར་བལྟ་བའི་འཁྱོགས་གཟུགས་ཀྱི་རྩ་དོན་ལ་རྒོལ་བ་ཡིན་པས་ ན། བཙན་བྱོལ་གྱི་སློབ་མ་དག་ལ་ཇུས་གཏོགས་འཁྲི་ས་ཅི་ཡང་མེད་པ་ཡིན་དེ། ཁོ་ཚོ་རང་ཉིད་ཀྱང་རང་སྐད་ཕལ་བ་ལས་ཀྱང་ཕལ་བར་ལྟ་ཞིང་། གཞན་སྐད་འགངས་ཆེན་ལས་ཀྱང་གལ་ཆེན་དུ་བལྟ་བའི་སློབ་གསོ་དེས་བསྐྱེད་དང་སྐྱེད་ བཞིན་ཡོད་ཕྱིར།
ཕར་རྒྱ་ནག་གི་སློབ་གསོའི་བྱེད་ཇུས་ལ་རྒོལ་བ་ལས་ཕྱིར་རང་ཉིད་ཀྱི་སློབ་གསོའི་ ལམ་ལུགས་ཕྱིར་རྟོག་བྱེད་པའི་དུས་ལ་བབ་འདུག་པས་མ་ཚད་འཕྱི་འདུག་གོ།།
བཙན་ བྱོལ་གྱི་སློབ་གསོའི་ལམ་ལུགས་དང་རྒྱ་ནག་གི་འཁྱོགས་གཟུགས་ཀྱི་སློབ་གསོའི་ དམིགས་ཡུལ་མི་འདྲ་ན་ཐང་མོད། མཐར་ཐུག་གི་གྲུབ་དོན་ཏེ་མི་རིགས་སྐད་ཡིག་གི་སྐྱེ་རྒྱུན་རྨེག་ནས་གཅད་རྒྱུ་ ཡིན་པའམ་བཅད་སོང་བ་ཅི་ནས་ཀྱང་མི་འདྲ་ས་ཞིག་མེད་པ་ཡིན་ནོ།།
ཐེངས་འདིར་ བཙན་བྱོལ་གྱི་སློབ་བུ་དག་གིས་རྒྱ་ནག་གི་སློབ་གསོའི་བྱེད་ཇུས་ལ་རྒོལ་བ་ནི་ དཔེ་ཞིག་དང་སྦྱར་ན་འདི་འདྲ་ཡིན་ཏེ། རྐུན་མས་རྐུན་མ་ལ“རྐུན་མ”ཞེས་སྨོད་པ་ཙམ་རེད་དོ།། དེ་བས། བོད་ནང་གི་སློབ་བུའི་ལས་འགུལ་གྱི་དམིགས་ཡུལ་ལ་བལྟས་ཏེ།
ཁ་ནང་དུ་ཕྱོགས་ནས་རང་ཉིད་ཀྱི་སློབ་གསོའི་ཁ་ཕྱོགས་འགྲིག་མིན་ལ་ཕྱིར་རྟོགས་ བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་ཡིན་ནོ།། དུས་རྒྱུན་གཞན་སྐྱོན་འཚོལ་ལ་མགུ་བའི་འུ་ཅག་གིས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ མི་ཟིན་པ་འདིས་ཕངས་པ་ལ་ཨང་།
༢༠༡༠ལོའི་ཟླ༡༠ཚེས༢༧ཉིན་སྦྱར།
ཁྱེད་ཀྱི་རྩོམ་ཡིག་འདི་ལ་མོས་མཐུན་ཡོད། སྔ་མོའི་གཏམ་དཔེ་ལ། མགོ་གསེར་སྐུས་རྡུང་དང་རྡོ་ཡི་རྡུང་། ན་ཚ་གཏོང་ལ་ཁྱད་པར་མེད། ཟེར་བ་བཞིན་བོད་ཀྱི་སྐད་ཡིག་བོད་ནང་ནས་རྒྱ་མིས་བཙན་དབང་གིས་ཉམས་པར་བྱས་པ་དང་། ཕྱི་ཕྱོགས་ནས་རང་དབང་གིས་ཉམས་པར་བྱས་པ་ལ་ཁྱད་མེད་པས་སོ།
བོད་མི་ས་ཡ་དྲུག་འདུས་སྡོད་བྱ་བའི་བོད་དང་མི་འབུམ་ལྷག་ཙམ་དང་དེ་ཡང་ཁ་འཐོར་དུ་གནས་པའི་བོད་མིའི་བར་ལ་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་སོགས་འགྲན་བསྡུར་བྱ་ཐབས་གཏན་ནས་མེད། དེས་ན་ངེས་བཙན་བྱོལ་བ་ཅིག་ཅིག་དང་མིག་མིག་མ་ཟེར་རོགས། གང་ཐུབ་ཅི་ཐུབ་བྱས་ཡོད་པ་མིག་ལ་གསལ་གསལ་ཐིང་ཐིང་རེད། མི་ལོ་ལྔ་བཅུའི་དུས་ཡུན། མི་འབུམ་གཅིག་ཙམ། དེ་ཡང་ཁ་ཐོར། གཞན་དང་བསྟུན་ནས་སྡོད་དགོས་པ་བཅས་ཀྱི་གནས་སྟངས་འོག་བོད་ཀྱི་ཆོས། སྐད་ཡིག རིག་གཞུང་སོགས་བདག་སྐྱོང་བྱས་དང་བྱེད་བཞིན་པ་འདི་བྱས་རྗེས་ཆེན་པོ་རེད་དྲན་གི་འདུག
ས་ཡ་དྲུག་དང་འབུམ་གཅིག་སྲང་ལ་གཞལ་ནས་ལྕི་ཡངས་ལྟ་བ་འདི་རང་སྡུག་ཉོ་བ་དང་འདྲ།
མེ་ཏོག་དཀར་པོ་དྲ་ངོས་སུ་མ་མཇལ་ཡུན་རིང་ཕྱིན་སོང་།
དེ་རིང་འདི་ནས་མཇལ་བར་དགའ་ནས་ཡོད།
སྐད་ཆ་བཙན་པོ་རེད། གནས་ལུགས་ངོ་མ་རེད། དེ་ལ་ཁས་ལེན་བྱེད་དགོས་པ་ཡིན། མི་གྲངས་བསྡུར་ནས་བཤད་སྲོལ་མེད། ཚགས་འཚུད་ཡོད་མེད་དང་རང་དབང་ལྡན་མིན་ནས་གླེང་ན་འོས་པོ་ཡོད་པ་རེད།
མེ་ཏོག་དཀར་པོའི་སྐད་ཆ་དེ་བདེན་ཁ་སྟེར་འདོད་བྱུང་། ད་དུང་ཆུང་ཚེ་རིང་གི་ཟིན་བྲིས་དག་ཀློག་ཐུབ་ན་དོན་དག་འགའ་རེ་གསལ་བོ་ཆགས་ཡོང་གི་འདུག་སྙམ།
མི་གྲངས་བསྡུར་ནས་ཤོད་སྲོལ་ཡོད་རུང་འདྲ། མེད་རུང་འདྲྲ། ཁྱད་པར་གནམ་ས་ལྟ་བུ་ཡོད་དེ། དེ་ལས་དཀའ་ངལ་ཆེ་ཤོས་དེ་བོད་ཡིག་གི་ཁོར་ཡུག་རེད། སྐད་ཡིག་གང་ལ་སྤྱོད་མཁན་མི་ཇི་ཙམ་མང་ན་དེ་ཙམ་གྱིས་དུས་དེབ། ཚགས་པར། སྒོ་བྱང་རིགས། བརྙན་ཕྲིན། གླུ་གཞས། ཅ་ཆས་ཉོ་ཚོང་གི་རིགས་ལ་བོད་ཡིག་ཁ་བྱང་རྒྱབ་རྒྱུ། བོད་ཡིག་སྦྱོང་མཁན། དེ་ལ་སློབ་མཁན་སོགས་མང་བས་རང་བཞིན་གྱིས་སྐད་ཡིག་སྲུང་སྐྱོབ་དུ་འགྲོ།
དེ་ལས་ལྡོག་པ་བཙན་བྱོལ་ཁོར་ཡུག་ནང་དེ་འདྲ་ཤིན་ཏུ་དཀའ།
བོད་ནང་ལ་མེ་མདའི་བཙན་དབང་གིས་རང་སྐད་སྤྱོད་རྒྱུའི་འགོག་རྐྱེན་ཡོད་ཀྱང་གཞན་ཡུལ་ནང་སྟབས་སྟུན་གྱི་བཙན་དབང་ཡོད་པས་ལས་སླ་པོ་ག་ལ་ཡིན། རང་ས་ནས་རང་ཡིག་སྲུང་མ་ཐུབ་ན་གཞན་ས་ནས་རང་ཡིག་ཅི་ལྟར་སྲུང་། དེ་ནི་མེ་དཀར་གྱིས་བཤད་པ་བཞིན་ས་ཡ་དང་འབུམ་གྱི་གྲངས་ཀ་བསྡུར་ཐབས་མེད་ལ་གནས་ཀྱི་ཆ་ནས་དེ་བས་མེད། ད་ལྟ་ཁམས་དང་ལྷ་ས་བ་བོད་ཡིག་ཤེས་མཁན་ཉུང་ཞིང་རྒྱ་ཡིག་ལ་དུང་ཞེན་ཆེ་ཁར་ཁོང་ཚོའི་བྲིས་བའི་རྩོམ་ཡང་རྒྱ་ཡིག་ཡིན་ཕྱིན་རྒྱ་རིགས་ཆེན་པའི་རིག་གཞུང་ལ་ཞབས་འདེགས་སུ་གྱུར་བས་རྒྱ་ནག་གི་སྲིད་ཇིས་ལ་གྲུབ་འབྲས་ཐོན་པའི་དཔང་རྟགས་སུ་གྱུར་བས་རྒྱ་ནག་པས་སྲིད་ཇིས་འདི་རྒྱུན་འཁྱོངས་བྱེད་ངེས་རེད། འོན་ཀྱང་བོད་ཕྱོགས་ནས་དེ་འགོག་སྲུང་ཅི་ལྟར་བྱེད་དགོས་སམ། ནེའུ་གཡོག་དོན་སྤྱོད་ཀུན་དགའ་བཀྲ་ཤིས་ཀྱིས་སྐྱེས་དགུའི་མདོའི་དྭ་ཕྲུག་རྣམས་བོད་ནས་མ་བཞག་པ་རྒྱ་ནག་ཏུ་བཏང་བ་ནི་ཁོང་ཚོའི་མ་འོངས་བའི་མདུན་ལམ་ལ་ཕན་ཚུན་བཤད་ཀྱང་དེ་ནི་བོད་མི་རྣམས་དོན་དངོས་རྒྱ་རིགས་སུ་སྒྱུར་བ་རེད། བོད་སྐད་ཡག་པ་མི་ཤེས་ཤིང་ནང་མི་རྒྱ་མི་ཡིན་མཁན་ཞིག་གིས་བོད་ཀྱི་རྩ་དོན་ལ་ཕན་རྒྱུ་དཀའ་ཞིང་དེ་ལས་ལྡོག་སྟེ་འབའ་བ་ཕུན་དབང་ལྟར་རྒྱལ་ཚོང་བ་འགྱུར་ངེས་རེད། ཁོང་བོད་ནས་བཞག་ཚེ་འཚོ་བ་སྣུམ་པོ་མེད་སྲིད་ཀྱང་རང་ཉིད་བོད་མི་ཡིན་པའི་དེ་ཉིད་བརླགས་མི་སྲིད། རྒྱ་ནག་གིས་བོད་ཕྲུག་རྣམས་རྒྱ་ནག་ཏུ་འཁྱེར་བ་ནི་འཇར་མན་གྱིས་རྒྱོའུ་མི་རིགས་ཀྱི་ཕྲུ་གུ་བུ་ཚབ་བླངས་བ་ལྟ་བུ་རེད། དེའི་མཐའ་ཐུག་ནི་མི་དེའི་ངོ་སྒྱུར་རྒྱུ་དེ་རེད།
བཙན་བྱོལ་བའི་སློབ་མའི་འདུ་ཤེས་འཛིན་སྟངས་དང་
བྱ་བ་སྒྲུབ་སྟངས་མ་ནོར་བ་སྐལ་བཟང་ལུང་རིགས་ལགས་ནས་བཟུང་ཚར་འདུག
ཁྱེད་ཚོས་གཅིག་གཅིག་མུག་མུག་བཤད་མ་བཤད་མི་འདུག
བརྒྱ་ཁ་དང་ཁྲི་ཁ་ག་ཚོད་ཡོད་ཀྱང་རང་ལག་ཏུ་ཡོད་པ་རེད།
སུས་ཀྱང་བཙན་དབང་དང་བཀག་འགོག་བྱེད་ཀྱིན་མེད་མོད།
རང་གིས་རང་སྐད་ལ་མཐོང་མི་སྤྲོད་པ་མངོན་གསལ་རེད།
དཔེ་མཚོན་ཙམ་ཞུས་ན་མཛངས་མ་འགྲན་སྡུར་གྱི་འགན་འཛིན་
བློ་བཟང་དབང་རྒྱལ་ལགས་ཀྱི་བཀའ་མོལ་ནང་༼ང་ཚོའི་དབྱིན་ཇིའི་སྐད་༽
འདི་འདྲ་ཞིག་གསུངས་པ་གོ་སོང་།
ཁོང་བཙན་བྱོལ་ནང་གི་འཇོན་ཐང་ཅུང་ཡོད་གྲལ་རེད་དེ་ལྟ་གྲུབ་
ཡང་སྤྱིར་བཏང་བ་དེ་འདྲ་ཞིག་རེད།