རིག་འཛིན་བསོད་ནམས།
ང་ཚོས་ཆོས་དང་རིག་གཞུང་ཞེས་བརྗོད་སྐབས། ཤེས་བྱ་དང་རིག་པ། རིག་གནས་དང་རིག་བྱེད། རིག་གཞུང།དང་གཙུག་ལག ལེགས་བྱང།དང་ཤེས་རིག ཤེས་ཡོན་སོགས་ཐ་སྙད་མང་པོ་ཞིག་གི་བསྟན་དོན་དང་འབྲེལ་ནས་བརྗོད་ཀྱི་ཡོད་པ་གཅིག་མཚུངས་ཡིན་ནའང༌། རྣམ་གྲངས་དང་དབྱེ་བ་འབྱེད་སྟངས་ཀྱི་ངོས་ནས་བཤད་ན། དེ་ནི་གོང་བཀོད་ཐ་སྙད་ཁག་གི་གོ་དོན་དང་ངོས་འཛིན་བྱེད་སྟངས་ལ་གཞིགས་ནས་ཕྱེས་པ་ཞིག་མ་ཡིན་པར། མི་རིགས་རང་ཉིད་ཀྱི་སྒེར་ཆོས་ལྟ་བུར་གྱུར་དང་མ་གྱུར་གྱི་ངོས་ནས་ཆོས་དང་རིག་གཞུང་ཞེས་པའི་དབྱེ་བ་གཉིས་ཕྱེས་པ་ཡིན་ཞིང༌། དེ་ཡང་ཐུན་མོང་མ་ཡིན་པ་བོད་ཀྱི་ནང་པའི་རིག་གནས་དང༌། བཟོ་དང་གསོ་བ་རིག་པ་སོགས་ཐུན་མོང་བའི་རིག་གནས་སུ་ངོས་བཟུང་ནས་དབྱེ་ཡི་ཡོད། གོང་དུ་བཀོད་པའི་ཐ་སྙད་ཚང་མ་ཕྱོགས་དང་ངོས་གང་ནས་དཔྱད་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་ངེས་པ་སྟེ། ཡུལ་ཁོ་ནའི་སྒོ་ནས་བཏགས་པ་ཆོས་ལུགས་དང་སྲིད་ལུགས། གཞུང་ལུགས་ལྟ་བུ། ཡུལ་ཅན་གྱི་སྒོ་ནས་བཏགས་པ་རིག་པ་དང་ཤེས་རིག་ཅེས་པ་ལྟ་བུ། ཡུལ་དང་ཡུལ་ཅན་གཉིས་ངོས་ནས་བཏགས་པ་རིག་གནས་དང་ཤེས་བྱ་ཞེས་པ་ལྟ་བུ་ཡིན།
བོད་ཀྱི་ཆོས་དང་རིག་གཞུང་ཞེས་དང༌། བོད་ཀྱི་ལེགས་བྱང་ཞེས་བརྗོད་པ་སོགས་མང་པོ་ཞིག་ཡོད་པ་ཚང་མའི་དོན་གྱི་འབབ་ས་ནི་བོད་ཀྱི་རིག་གཞུང་ཞེས་པ་འདི་རེད། བོད་པའི་རིག་གཞུང་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། དེང་སང་རིག་གཞུང་ཞེས་པའི་ཐ་སྙད་ལ་གོ་བ་ལེན་སྟངས་ལྟར་བྱས་ན་བོད་པའི་སྒོ་གསུམ་གྱི་སྤྱོད་པ་ལ་བོད་ཀྱི་རིག་གཞུང་ཞེས་ལབ་དགོས་ཤིང།དོན་དུ་འབྱོར་བའང་ཡིན་པར་སྙམ།
ད་ནི་ང་ཚོ་འབྲེལ་ཆེའི་ཐ་སྙད་ཁག་ཅིག་གི་གོ་དོན་ལ་སྦྱར་ནས་བཤད་ན། གཙུག་ལག་ཅེས་ལབ་ན་རིག་གནས་ལ་གོ་ཡི་ཡོད་པ་ནི། གཙུག་ལག་རབ་འབྱམས་ལ་མཁས་པ། གཙུག་ལག་སྨྲ་བ་ཞེས་སོགས་ཀྱིས་གོ་བ་སྟེར་གྱི་འདུག་ལ། དེ་བཞིན་གཙུག་ལག་གཉིས་ཞེས་ལབ་ན། ཆོས་ཀྱི་གཙུག་ལག་དང་སྲིད་ཀྱི་གཙུག་ལག་ལ་གོ་བ་སོགས་སྣང་ཡང༌། གཙུག་ལག་ཞེས་ལབ་ན་གསུང་རབ་ལ་གོ་བ་བླངས་ནས་གཙུག་ལག་རབ་འབྱམས་ཟེར་བ་དང་གསུང་རབ་རབ་འབྱམས་ཟེར་བ་དོན་གཅིག་ཏུ་བྱེད་པའི་སྐབས་ཀྱང་ཡོད། དཔེ་ཞིག་བཞག་ན། གཙུག་ལག་ཁང་ཞེས་ལབ་ན་ཁ་ཤས་ཀྱིས་གསུང་རབ་བཞུགས་ཁང་ལ་གོ་བ་བླངས་ནས། གཙུག་ལག་ནི་གསུང་རབ་ཁོ་ནར་གོ་བ་ལེན་པ་དང༌། ཡང་ཁ་ཤས་ཀྱིས་གཙུག་ལབ་ན་གསུང་རབ་དང་ལག་ལབ་ན་སངས་རྒྱས་དང་དགེ་འདུན། དེ་གཉིས་ཀྱི་བཞུགས་གནས་ལ་གཙུག་ལག་ཁང་ཟེར་ཞེས་གོ་བ་ལེན་གྱི་ཡོད། འདི་ལྟར་བསམ་གཞིགས་བྱས་པས་གཙུག་ལག་ཅེས་ལབ་ན་སྐབས་རེར་རིག་གནས་ཟེར་བའི་གོ་དོན་དང་འདྲ་བའི་ཕྱོགས་ཀྱང་ཡོད་པར་སྣང༌།
ལེགས་བྱང་ཟེར་བ་ནི། སཾསྐྲིཏའི་སྐད་ཀྱི་ཝིཀྲྀཏི་ཞེས་པ་དོན་བསྒྱུར་བྱས་པ་ཞིག་ཡིན་པ་དང༌། དེའི་དོན་ནི་རང་བཞིན་ནས་ལེགས་པར་བྱང་བའམ་ཡར་རྒྱས་སུ་ཕྱིན་པ་ཞིག་ལ་གཱུ་ཡི་ཡོད་པ་འདྲ་བས། ལེགས་བྱང་ཞེས་པ་འདི་རང་བཞིན་གྱིས་གཤིས་ལ་འཇགས་པའམ་གོམས་པར་གྱུར་པ་ཞིག་ལ་གོ་ན་འགྲིག་པ་འདྲ་ཞིག་རེད། དངོས་གནས་བྱས་ན་དེང་སང་དཔལ་ཡོན་ཟེར་བའི་ཐ་སྙད་ཅིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་དང་འདི་གཉིས་གོ་དོན་གཅིག་པ་ལྟ་བུ་རེད། གཞན་ཡང་ཤེས་པར་བྱ་བའི་ཡུལ་དང་ཤེས་པར་བྱེད་པའི་བློ་གྲོས་ཀྱི་ནུས་པ་གཉིས་ཀྱི་འབྲེལ་བ་གཞི་ལ་བཞག་ནས་བཏགས་པ་ཤེས་རིག་སོགས་ཐ་སྙད་མང་པོ་ཡོད།
ཡང་ང་ཚོས་སྐབས་མང་པོ་ཞིག་ཏུ་ཆོས་དང་རིག་གཞུང་ཞེས་པའི་འབོད་སྟངས་འདི་བེད་སྤྱོད་བྱེད་ཀྱི་ཡོད་ཅིང༌། དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གཙོ་བོར་བྱས་ནས་བརྗོད་ཀྱི་ཡོད་པ་རེད། དེ་ལས་ཆོས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། བཟོ་རིག་པ་དང༌། གསོ་བ་རིག་པ། གཏན་ཚིགས་རིག་པ། སྒྲ་རིག་པ་བཅས་ནི་ཐུན་མོང་བའི་རིག་གནས་ཡིན་པ་དེ་གཙོ་བོ་དང་ཕལ་བའི་སྟོན་སྟངས་འདྲ་ཞིག་ཀྱང་ཆགས་ཡོད་པ་རེད།
བོད་ཀྱི་ལོ་རྒྱུས་རྣམས་སུ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པའི་དབྱེ་བསྡུ་དེ་དུས་རབས་བཅུ་བཞི་པའི་ནང་དར་བར་བཤད་ཡོད་པ་མང་ནའང༌། དེ་ནི་དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ཆེན་པོ་ཞང་ཡེ་ཤེས་སྡེས་བསྒྱུར་བའི་ས་ཡི་དངོས་གཞིའི་ནང༌། རིག་པའི་གནས་ལྔ་གང་ཞེ་ན། ནང་རིག་པ་དང༌། གསོ་བ་རིག་པ། གཏན་ཚིགས་རིག་པ། སྒྲའི་རིག་པ། བཟོའི་ལས་ཀྱི་རིག་པ་ཞེས་བཀོད་འདུག་སྟབས་དཔྱད་པ་གཏོང་དགོས་པ་ཞིག་རེད།
ང་ཚོས་རིག་གནས་དང་རིག་གཞུང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ནའང༌། དེར་ཡང་ཁྱད་པར་ཞིག་ནི་ཡོད་པ་སྟེ། རིག་གནས་དང་རིག་གཞུང་གི་ཁྱད་པར་གྱི་ངོས་ནས་བཤད་ན། རིག་གནས་ནི་ཤེས་པར་བྱ་བའི་གནས་སྤྱི་ལ་གོ་དགོས་པ་དང༌། རིག་གཞུང་ནི་རིག་པའི་གཞུང་ལུགས་ཀྱི་བསྡུས་མིང་སྟེ། གང་ཞིག་རིག་པས་གསལ་བར་བྱས་པའམ་གཏན་ལ་ཕབ་པའི་གནས་ལུགས་དང་རྒྱུ་མཚན་རིགས་བཀོད་པའི་རིམ་པ་ཞིག་ལ་རིག་གཞུང་ཞེས་གོ་བ་ལེན་དགོས་པའི་ངོས་ནས་བལྟས་ན་ཁྱར་པར་ཞིག་ནི་ཡོད་པ་ཡིན། དེ་ལྟར་ནའང་དེང་སང།རིག་གནས་ཞེས་ལབ་པ་དང་རིག་གཞུང་ཞེས་ལབ་པ་ལ་ཁྱད་པར་འབྱེད་ཀྱི་མི་འདུག དེ་གང་གིས་ཤེས་ཤེ་ན། དཔེར་ན། བོད་ཀྱི་གོམས་གཤིས་བྱེ་བྲག་པ་གླུ་ལེན་གར་རྩེད་ལྟ་བུ་ཞིག་ལ་ཆ་མཚོན་ན། དེ་རིག་གནས་ཀྱི་ཁོངས་སུ་འདུ་བ་ལས་རིག་གཞུང་གི་ཁོངས་སུ་འདུ་ཡི་ཡོད་པ་མ་རེད་དེ། རིག་གཞུང་གི་ཆ་ཤས་ཤིག་རེད་ཅེས་བཤད་ཀྱི་ཡོད་པ་ལྟ་བུ་རེད། སྤྱིར་བཏང་གི་ཆ་ནས་བྱས་ན། རིག་གནས་ནི་རིག་པར་བྱ་བའི་གནས་མཐའ་དག་དང༌། རིག་གཞུང་ནི་རིག་པར་བྱ་བའི་གནས་གང་ཞིག་རྟོགས་པར་བྱེད་པའི་འགྲེལ་བཤད་དམ་ཐབས་ལམ་ལྟ་བུ་ཞིག་རེད།
ཡང་ང་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ནང་མ་འདུས་པའི་རིག་གནས་ཀྱང་ཡོད་པར་བསྙད་མི་རུང་སྟེ། དེ་ནི་གཞུང་ལུགས་ཀྱི་ངོས་ནས་དབྱེ་སྟངས་ཡིན་པར་བདེན་ཁ་སྤྲོད་དགོས་ནའང༌། རིག་གནས་ཞེས་པའི་ཐ་སྙད་ཀྱི་བསྟན་དོན་ལ་བྱེད་ལས་ཀྱི་ངོས་དང་ངོ་བོའི་ངོས་ནས་ཞིབ་ཀྱིས་དཔྱད་ན། དེས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་འབྲེལ་བའི་ལུས་ངག་གི་བྱ་སྤྱོད་དང་ལུགས་སྲོལ་གོམས་འདྲིས་ཡོད་དོ་ཅོག་ལ་ཁྱབ་པའི་གནས་ལུགས་ཤིག་སྟོན་གྱི་ཡོད་པའང་ཡིན་པར་འདུག་གོ།
སྤྱིར་རིག་གནས་ཞེས་པའི་༼རིག་༽འདི་ཡུལ་རྟོགས་བྱེད་ཀྱི་བློ་ལ་གོ་བ་དང་། རིག་གནས་ཅེས་པའི༼གནས་༽འདི་ཤེས་བྱའི་ཡུལ་ལ་གོ་བ་སོགས་ཀྱང་ཡིན། རིག་གཞུང་ཞེས་པ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཚད་མ་ཡོད་པ་ཞིག་ལ་གོ་དགོས་སམ་སྙམ། དེས་ན་རིག་གཞུང་ལ་རིག་གནས་ཀྱི་ཁྱབ་ཀྱང་། རིག་གནས་ལ་རིག་གཞུང་གི་མ་ཁྱབ་པོ་སྙམ་མོ།
རིག་གནས་ཟེར་ན། སློབ་ཚན་ཅིག་དང་། རིག་གཞུང་ཞེས་པ་རིག་པའི་གཞུང་ལུགས་ཀྱི་སྡུས་ཚིག་ཏུ་གྱུར་པས། རིག་གནས་དང་ཁྱད་མེད་པར་གྱུར་པ་མཐོང་ནས། རིག་གཞུང་ལ་མིང་གསར། ལེགས་བྱང་ཞེས་གསར་གཏོད་བྱས་པར་སྣང་ཡང་། རིག་གཞུང་ལ། ལེགས་གཞུང་ཞེས་བཏགས་ན། མི་འགྲིག་པ་མི་འདུག གང་ཡིན་ཞེ་ན། མི་རིགས་ཅིག་གི་སྔར་སྲོལ་༼ལེགས་༽ཆ་རྣམས་ཆུ་བོའི་༼གཞུང་༽ལྟར་མུ་མཐུད་གནས་པ་ཞིག་ལ་གོ་ནའོ།།
མིང་ཚིག་བེད་སྤྱོད་གཏོང་སྟངས་ཕྱོགས་ལ་གཟབ་རོགས།
http://www.tibettimes.net/news.php?showfooter=1&id=8495