འབྲི་རུ་སྐལ་བཟང་རྒྱལ་མཚན།
དེང་སང་ས་སྒང་འདིའི་ཐོག་སྟོབས་ཆེན་རྒྱལ་ཁབ་དང་འབྱོར་ཆེན་གྱི་ཚོང་པ་ཚོས། ཚན་རིག་བེད་སྤྱད་དེ་ཁྲོམ་རའི་དཔལ་འབྱོར་འགྲན་རྩོད་ཀྱིས་གོ་ལ་ཧྲིལ་པོ་ཁ་ལོ་བསྒྱུར་བའི་ཚ་རླབས་ཁྲོད་། ཉིན་རེ་ནས་ཉིན་རེར་ཅ་དངོས་གསར་པ་བརྗོད་ཀྱིས་མི་ཚར་བ་བཟོ་སྐྲུན་བྱེད་ཀྱི་ཡོད། ཅ་དངོས་ཤིག་ཐོན་མ་ཐག་ཏུ་བོད་ཀྱི་བརྡ་སྤྲོད་ལ་སུག་ལས་ཀྱི་ལག་མ་འཛངས་པའི་བོད་པ་མང་པོ་ཞིག་གིས་སུ་མགྱོགས་ཀྱི་འགྲན་སྡུར་ལྟར་སུ་ལ་ལྟོས་མེད་ངང་གནས་ལུགས་ལ་ཇི་མི་སྙམ་པར་ཐ་སྙད་གསར་པ་རེ་འདོགས་བཞིན་འདུག །དེ་ནི་ཐ་སྙད་གསར་པའི་དགེ་སྐྱོན་མ་ཤེས་པའམ་ཤེས་ཀྱང་མཁས་གྲགས་ལ་རྔམས་པའི་བྱ་འགུལ་ཡིན་མིན་བརྗོད་དཀའ།
བོད་ཀྱི་ཆོས་དང་རིག་གཞུང་ཞེས་པའི་འབོད་སྒྲའི་འོག་ད་བར་ཐ་སྙད་གསར་པ་ཕུང་གསོག་བྱས་པ་ནི་བོད་ཕྲུག་ཅིག་གིས་རིགས་གཅིག་རྐང་འཛིན་བྱས་ཏེ་གཞི་རིམ་ནས་འགོ་བཙུགས་ཏེ་སློབ་མཐར་མ་ཕྱིན་བར་སྦྱངས་ཀྱང་མི་ཚར་བའི་ཚད་དུ་སླེབས་འདུག །ཐ་ན་ཐ་སྙད་གསར་པ་སྔ་མ་ཞིག་ལ་དམིགས་འཛུགས་བྱས་ཏེ་འདི་ཅ་དངོས་ཅི་ཞིག་གི་མིང་ཡིན་དྲིས་ན་མིང་འདོག་པ་པོ་རང་ཉིད་ཀྱིས་ཀྱང་ངོ་ཐག་མི་ཆོད་པར་ཆགས་ཡོད། འཛམ་གླིང་འདིའི་ཐོག་རྒྱལ་ཁབ་དང་། ཚོགས་པ། མི་སྒེར་སུས་ཐོན་རྫས་བྱས་པའི་ཁྲོམ་རའི་དངོས་ཆས་རྣམས་ཐོག་མར་ཐོན་ཁུངས་སོ་སོ་ནས་མིང་གང་བཏགས་པ་དེ་ཉིད་རྒྱལ་ཁབ་སོ་སོའི་ཁྲིམས་ཐོག་ལ་དེབ་བསྐྱེལ་ཟིན་པའི་མིང་ Computer ལྟ་བུ་ལ། གློག་ཀླད་ཅེས་གཞན་ཞིག་གིས་མིང་འདོག་ཆོག་གི་ཡོད་མེད་མི་ཤེས་ལ། གལ་སྲིད་མི་གཞན་ཞིག་གིས་མིང་གསར་པ་རེ་འདོགས་ཆོག་པའི་དབང་ཚད་ཡོད་དུ་ཆུག་ཀྱང་། སྐེ་འདོད་ནས་ལྦ་བ་མི་འདོད་པའི་དཔེ་བཞིན་ཅ་དངོས་འདོད་ལ་མིང་མི་འདོད་པའི་བྱེད་སྟངས་ཤིག་རེད།
ལར་ནས་བོད་མི་རིགས་འདི་ཉིད་ཉིན་རེ་ནས་ཉིན་རེའི་ཐོན་རྫས་གསར་པ་རེ་ལ་ཐ་སྙད་གསར་བཟོ་བྱ་རྒྱུ་དང་སྦྱང་རྒྱུ་ལས་ལྷག་པའི་ཤེས་བྱ་མང་པོ་སྦྱང་ཡག་ལྷག་ཡོད། ད་ཆར་ཡར་ཐོན་གྱི་མི་རིགས་དང་རྒྱལ་ཁབ་དག་གིས་ཟླ་བའི་གོ་ལའི་སྒང་ལ་འགྲོ་བ་མི་འཚོ་གནས་ཐུབ་མིན་དང་། སྔོ་ཚལ་སོགས་སྐྱེ་བའི་ཐབས་ལམ་འཚོལ་བཞིན་པ་མ་ཟད། ཨ་རིའི་མཁའ་དབྱིངས་ཚན་རིག་པས་རྒྱུ་སྐར་མིག་དམར་གྱི་ཐོག་ཆུ་རྒྱུན་ཡོད་པ་འགྲེལ་བརྗོད་བྱེད་པའི་ཉེར་གཅིག་ཚན་རྩལ་གྱི་དུས་རབས་འདི་ལྟར་སླེབས་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཁབ་དང་ཙག་སྒྲ་ཙམ་ཡང་བཟོ་མི་ཤེས་པ་འདིས་ཐ་སྙད་གསར་བཟོའི་བྱ་གཞག་ཙམ་གྱིས་དུས་རབས་ཀྱི་རྗེས་ཟིན་ཐུབ་ཀྱི་མེད་པར་དྲན་སྐུལ་དང་ར་སྤྲོད་བྱས་ཡོད།
དེ་འདྲའི་མི་རིགས་ཤིག་ལ་མཚོན་ན། འཛམ་གླིང་གི་ཅ་དངོས་ཡོད་དོ་ཅོག་ལ་མིང་འཐོལ་པ་རེ་འདོག་དགོས་པ་དང་སྦྱང་དགོས་པའི་ལས་འགན་དང་འཇོན་ནུས་ཅི་ཞིག་ཡོད་དམ། གལ་སྟེ་ང་ཚོ་ལ་འཇོན་ཐང་ཡོད་ན་རང་སྣང་དག་པའི་ཉི་མའི་མངོན་བརྗོད་ལྟ་བུའི་ཐ་སྙད་ཙམ་ལ་མགོ་བོ་འཁོར་ནས་མ་བསྡད་པར། མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁ་བྲལ་ཐབས་མེད་པའི་ཚན་རིག་དང་། །ཁྲིམས་ལུགས། ས་ཁམས། དཔལ་འབྱོར། སྤྱི་ཚོགས་རིག་གནས་སོགས་ཀྱི་ཤེས་བྱ་གསར་པའི་ལེགས་ཆ་བསྡུ་ལེན་གྱིས་ནང་འདྲེན་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཞིག་ངེས་པར་དུ་བསྐྲུན་དགོས། དེ་དུས་སྤོབས་པ་དང་ལྡན་པའི་སྒོ་ནས་དངོས་ཟོག་རེ་ལ་ཐ་སྙད་གསར་པ་རེ་འདོགས་ཆོག་པའི་དུས་ལ་སླེབས་ཡོད་དོ།།
ཐ་སྙད་གསར་པའི་དགེ་སྐྱོན་ནས་བཤད་ན།
Computer ལ་གློག་ཀླད་དང་། རིག་མཛོད་འཕྲུལ་འཁོར། རིག་མཛོད་འཕྲུལ་ཆས། རྩིས་རྒྱག་འཕྲུལ་འཁོར་བཅས་དང་། CD ལྟ་བུ་ལ། འོད་སྡེར་དང་། སྲེག་ཕབ་ཟེར་སྡེར། ཕབ་སྡེར། བརྙན་སྡེར། བརྙན་འཁོར་སོགས་མགོ་བོ་གདུགས་ལྟར་འཁོར་དགོས་པའི་ཐ་སྙད་མང་པོ་བཏགས་ཡོད་ཀྱང་དད་སེམས་ཀྱི་ངར་ཡོད་ཀྱང་ཤེས་ཡོན་གྱི་དཔུང་ཤུགས་མེད་པའི་མི་མང་གི་མགོ་ལ་གཡོག་པའི་ཐོམ་ཞྭ་ཞིག་ཆགས་ཡོད། དཔེ་མཚོན་ཞིག་བརྗོད་ན། བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་ལ་ཐོག་མར་མཆོད་སྦྱིན་ཞེས་མིང་བཏགས་པས་བྲམ་ཟེའི་ཁྱེའུ་འཁྲུལ་མེད་དུ་གོ་བའི་དངོས་མིང་ཞིག་ཡིན་ཀྱང་། རྗེས་སུ་སྒྲ་བཤད་དུ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ལྷས་བྱིན་གྱིས་སེངྒེ་དང་། བྲམ་ཟེ་ཁ་ཆེ། བྲམ་ཟེ་སྣ་ཉག་སོགས་ཅི་ཙམ་བཏགས་ཀྱང་མིང་གི་རྣམ་གྲངས་མི་འདྲ་བ་ཙམ་ལས་དོན་ལ་ཕན་འབྲས་མེད་པ་དང་ཀུན་ནས་མཚུངས་ཡོད།
༡༩༨༧ ཡས་མས་སུ་computer བཟོ་ལས་ཐོས་རྫས་ཁང་ནས་ Computer གསར་གཏོད་བྱས་ཏེ་འཛམ་གླིང་འདིའི་ཐོག་ཡོངས་གྲགས་སུ་ Computer ཞེས་བརྡ་སྦྱར་བ་ལྟར་དོན་དེ་འཁྲུལ་མེད་གོ་ནུས་པའི་མིང་ཞིག་ཡོད་བཞིན་དུ། སུས་ཀྱང་མི་གོ་བའི་བཏགས་མིང་གློག་ཀླད་ཅེས་པ་ཞིག་བཟོས་ནས་ Computer ཞེས་པ་ཉེས་ཅན་དང་། གློག་ཀླད་ཅེས་ཉེས་མེད་དུ་བརྩིས་ནས་འདི་ནི་བོད་སྐད་དོ། འདི་ནི་བོད་ཀྱི་ཐ་སྙད་དོ། འདི་ནི་ཡང་དག་པ་ཉིད་དོ་ཞེས་འུད་སྒྲོགས་བྱེད་བཞིན་འདུག །གློག་ཀླད་ཅེས་པ་བོད་སྐད་དུ་རློམས་པ་རྣམས་ལ། འདི་བོད་སྐད་ཇི་ལྟར་ཡིན་དྲིས་ན། ཐ་སྙད་འདིའི་རྩོམ་གཞིའི་གློག་དང་ཀླད་པ་གཉིས་བོད་སྐད་ནང་ཡོད་པས་དེ་གཉིས་ཀྱི་ཚོགས་དོན་ཡིན་པའི་ཕྱིར་ཟེར་རམ། ཡང་ན་ཐ་སྙད་འདི་བོད་པས་བྱས་པ་ཡིན་པའི་ཕྱིར་སྐྱོན་མེད་ཡིན་པའི་ཕྱིར་ཟེར་རྒྱུ་ལས་ལྷག་མེད། དེ་ཡང་རྣམ་འགྲེལ་ལས། ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་རྗོད་པར་བྱེད། ཅེས་པའི་དོན་ཐར་ལམ་གསལ་བྱེད་ལས་ཚིག་རྣམས་དོན་ལོག་པར་སྟེན་པ་ཉིད་ཀྱི་རྒྱུ་བརྩེ་བ་མེད་པ་དང་མི་ཤེས་པ་ལ་སོགས་པའི་ཉེས་པ་རྣམས་སྐྱེས་བུ་ལ་བརྟེན་པའི་ཕྱིར། སྐྱེས་བུས་མ་བྱས་པའི་ཚིག་ཡིན་ན། བདེན་པའི་དོན་ཅན་ཡིན་པས་ཁྱབ་སྟེ། དེ་ལ་དོན་ལོག་པར་སྟོན་པའི་རྒྱུ་མེད་པའི་ཕྱིར། ཞེས་གསུངས་པ་བཞིན་རིག་བྱེད་པས་བཤད་པ་དང་ཀུན་ནས་མཚུངས་སོ།།
འགའ་ཤས་ཀྱི་ཞེ་འདོད་ལ་ཐ་སྙད་ཀྱི་རྣམ་གྲངས་ཅི་ཙམ་མང་ན་ཐ་སྙད་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པས་དཔེར་ན། ཉི་མ་གཅིག་པུར་བོད་སྐད་ནང་ཐ་སྙད་མི་འདྲ་བ་བརྒྱ་ཕྲག་ཡོད་པ་ལྟར་ཡིན་པས་དགེ་ལས་སྐྱོན་མིན་སྙམ་ཡང་། འདི་ནི་ལྷག་བསམ་ལ་རྨ་མེད་ཀྱང་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་པ་ལྟར་གྱུར་ཡོད། སྙན་ངག་འབྲི་བརྗོད་བྱ་རྒྱུ་ལས་མེད་པའི་སྔ་མོའི་རྒྱ་གར་གྱི་སྨྱུག་ཐོགས་པས། ལོ་ངོ་སྟོང་ཚོ་མང་པོའི་རིང་གསོག་སྒྲུབ་བྱས་པའི་སྙན་ངག་ལ་བཀོལ་སྤྱོད་བྱ་རྒྱུ་ཉི་མའི་མངོན་བརྗོད་ལྟ་བུ། དཔེ་མཚོན་དུ་བགྲངས་ན། ཞྭ་དཔེ་ལྷམ་ལ་བཀབ་པ་དང་མཚུངས་པས། དེ་དག་གི་བློའི་འདུ་ཤེས་ནི། ཐ་སྙད་གསར་པ་ནི་ཚིག་གི་ཕྲེང་བ་སྤེལ་པའི་སྙན་ངག་གི་རྐང་པ་རྐྱང་བསྐུམ་གྱི་ཆ་ལག་ཙམ་ལས་དེང་རབས་ཀྱི་ཤེས་བྱ་གསར་པར་ངོ་ཐག་གཅོད་བྱེད་ཅིག་ཡིན་པར་བསམ་ཤེས་བྱེད་ཀྱི་མེད།
ཉི་མ་གཅིག་པུ་ལ་མིང་བརྒྱ་ཕྲག་ཡོད་ཟེར་བ་བདེན་ཏེ། འགའ་ཞིག་དཔེ་མཚོན་བགྲངས་ན། རྟ་བདུན་བདག་པོ། རྟ་བདུན་པ། རྟ་ལྗང་དབང་པོ། རྟ་ལྗང་ཅན། རྟག་ཏུ་འཆར། འཆར་བྱེད། མཐུ་བསྒྲགས། གྲགས་ལྡན། འཐུང་བྱེད། སྐེམ་བྱེད། ཆུ་ཡི་ཆོམ་རྐུན། ཆུ་འཐུང་དབང་པོ། དུས་ཀྱི་བྱེད་པོ། དུས་ལས་རྒྱལ། དུས་ལ་དགའ། ལྟ་བུ་ཡིན།
འདི་ལྟར་དངོས་པོ་གཅིག་ལ་མིང་མང་པོ་བཏགས་ན་དེང་རབས་ཀྱི་དངོས་ཆས་གསར་པ་གོ་བརྡ་སྤྲོད་ཡག་ལ་ཕན་འབྲས་ཅི་ཞིག་འབྱུང་ངམ། མཐོ་རིམ་ཤེས་ཡོན་པའི་ཁྲོད་དུ་ཕུན་སུམ་ཚོགས་པའི་ཡན་ལག་ཞིག་ཡིན་དུ་ཆུག་ཀྱང་། གཤམ་འོག་ཞིང་འབྲོག་མི་མང་ནང་ཐ་སྙད་གཅིག་གིས་དངོས་ཆས་གཅིག་གོ་བརྡ་མི་འཕྲོད་པའི་སྐབས་འདིར་ཐ་སྙད་འདི་ལྟ་བུ་ནི་མི་མང་ལ་བསྐུར་བའི་ཁུར་པོ་ཆེན་པོ་ཞིག་མ་ཡིན་ནམ། ད་ཆར་དངོས་ཆས་གཅིག་ལའང་ཉི་མའི་མིང་གི་རྣམ་གྲངས་ལྟ་བུར་ཆགས་བཞིན་འདུག །དཔེར་ན། CD ལྟ་བུ་ལ། འོད་སྡེར་དང་། སྲེག་ཕབ་ཟེར་སྡེར། ཕབ་སྡེར། བརྙན་སྡེར། བརྙན་འཁོར་སོགས་མིང་མང་དུ་བཏགས་ཀྱང་མིང་གང་ཞིག་གཅིག་གྱུར་སྤྱོད་དགོས་པ་གཏན་འབེབ་ཐུབ་མེད། CD ལ། མི་གཅིག་གིས། སྲེག་ཕབ་ཟེར་སྡེར་ཟེར་ན། ནོར་སོང་ཕབ་སྡེར་རེད་ཟེར། མི་གཅིག་གིས་ཕབ་སྡེར་ཟེར་ན། ནོར་སོང་འོར་སྡེར་རེད་ཟེར། དཔེར་ན་ wechat ཝི་ཅ་ཊི་ལ། འཕྲིན་ཕྲན་དང་། སྐད་འཕྲིན་གང་ཞིག་སྤྱོད་དགོས་མིན་གཅིག་གྱུར་མེད་པས་གཅིག་གིས་སྐད་འཕྲིན་འགོག་ན་གཅིག་གིས་འཕྲིན་ཕྲན་འགོག་བཞིན་པ་ལྟར་རེད།
མགོ་རྙོག་ཆེ་བའི་ཐ་སྙད་འདི་དག་གིས་མི་མང་རྣམས་འུ་ཐུག་སྟེ་ཐ་སྙད་གསར་པ་ལ་བརྩོན་སེམས་ཀྱི་སྤྲོ་སྣང་བརླགས་ཏེ། བོད་ནང་ 微信。ཨུས་ཤིང་དང་། ཕྱི་ལ་wechat ཝི་ཅ་ཊི། ཞེས་སྤྱོད་བཞིན་འདུག །འདི་ནི་འུ་ཐུག་ཁྱི་རྒན་གྱང་མཆོང་གི་དཔེ་བཞིན་ཕྱོགས་གཅིག་ནས་འུ་ཐུག་པའི་སྣང་ཚུལ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་བསམ་ན་མི་མང་གིས་བདམས་ཁ་བྱས་པའི་གྲུབ་དོན་ཞིག་ལ་ངོས་འཛིན་ཆོག །རྗེས་སུ་ལུས་ཟིན་པའི་ཐ་སྙད་གསར་པ་ཅི་ཙམ་མང་པོ་སྦྱངས་ཀྱང་དུས་རབས་གསར་པའི་རིག་གནས་ཀྱི་རྐང་རྗེས་ཙམ་མི་ཟིན་པར་ཟུར་བལྟས་ལེབ་མཐོང་ཡིན། དེར་བརྟེན་ཐ་སྙད་གསར་བཟོའི་ཁ་ཕྱོགས་ལ་འགྱུར་བ་མ་གཏོང་ཚེ་མི་རིགས་འདིས་མི་སྡེའི་སྤྱི་ཚོགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་གོམ་པ་མདུན་བསྐྱོད་བྱ་རྒྱུ་ཕར་བཞག །ཁབ་དང་ཙག་སྒྲ་ཙམ་ཡང་བཟོ་ཤེས་པའི་དུས་ཤིག་ནམ་ཡང་མི་ཡོང་ངོ།།
ཐ་སྙད་གསར་བཟོའི་ལྡོག་ཕྱོགས་ཀྱི་འབྲས་བུ།
ཐ་སྙད་གསར་པ་ནི་ནག་ཁུང་ནས་ནག་ཁུང་དུ་འཁྲིད་པའི་སྣ་ཐག་ཅིག་གྱུར་ཡོད། ཇི་ལྟར་ཡིན་ཟེར་ན། ས་སྐྱ་པཎྜི་ཏའི་མཁས་འཇུག་ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། །དོན་ཆེན་སྒྲུབ་པ་མ་གཏོགས་པ། །སླན་ཆད་མི་སྦྱར་དོན་དེ་ལ། །བརྡ་འཇུག་ན་ཡང་མི་རྟོགས་ཕྱིར། ། ཞེས་དང། དེའི་རང་འགྲེལ་དུ། བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང། ལོག་པར་རྟོག་པ་དང། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། དཔེར་ན་སྨན་པ་དང་། མངོན་དཔྱོད་མཁན་པོའི་བརྡ་བཞིན་ནོ། ཞེས་གསུངས་པ་བཞིན། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མ་ཡིན་པ་དང་། དགོས་པ་མེད་པ། CD ལྟ་བུ་ལ་འོད་སྡེར་དང་། སྲེག་ཕབ་ཟེར་སྡེར་སོགས། ཐ་སྙད་གང་བྱུང་བཟོས་པར་བརྟེན་མདོ་དབུས་ཁམས་གསུམ་དུ་གཅིག་གྱུར་དུ་སྤྱོད་ཐབས་མེད་པ་གྱུར་ཡོད། རྣམ་གྲངས་མང་བས་ཤེས་དཀའ་བ་ཙམ་དུ་མ་ཟད། ཤེས་ཀྱང་ཐ་སྙད་གང་ཞིག་སྤྱི་ཚོགས་ཐོག་སྤྱོད་དགོས་མིན་གྱི་གདེང་ཚོད་མེད་པར་གྱུར་ཡོད།
རྒྱུ་རྐྱེན་དེས་དམངས་ཁྲོད་ལ་ཤ་ཐིམ་རུས་ཐིམ་དུ་སོང་བའི་བོད་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཐ་སྙད་རྣམས། འདི་ཡིན་ནམ་མིན་ནམ་སྙམ་པའི་ཐེ་ཚོམ་གྱི་དྲྭ་བས་བཅིངས་ཏེ་ཐོགས་མེད་དུ་བཀོལ་སྤྱོད་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད། གཉིས་པ། བརྗོད་པ་མི་བདེ་བ། མིང་ཚིག་དང་ཚིག་འགྲེལ་གང་ཡིན་དབྱེ་དཀའ་བ། གསུམ་ནས་ཐ་སྙད་འདི་ཤེས་ཀྱང་ཕན་ཐོགས་མེད་པ། །རྒྱ་གང་ཆེ་ཆེ་ནས་བཤད་ན་བོད་མི་འདུ་སྡོད་ཀྱི་ས་མཚམས་ཙམ་ཡིན་གྱི། དེ་ལས་བརྒལ་ན་བོད་ཀྱི་སྐད་ཡིག་མི་ཤེས་པའི་མི་སུ་ལ་(སྲེག་ཕབ་ཟེར་སྡེར།) ཞེས་ཐེངས་བརྒྱ་སྟོང་ཁྲི་འབུམ་དུ་བཟླས་བརྗོད་བྱས་ཀྱང་(CD)གོ་བརྡ་སྤྲོད་མི་ཐུབ་པས་རང་བཞིན་གྱིས་འོན་ལྐུག་ལྟར་ནུས་མེད་ཆགས་འགྲོ། དཔེར་ན་རང་ཉིད་ལ་ཁྲོམ་ལས་(CD) ཞིག་ཉོ་དགོས་ཚེ་མིག་གིས་མཐོང་སར་མཛུབ་མོ་བཙུགས་ཏེ་ལྐུག་བརྡས་གོ་བརྡ་སྤྲོད་རྒྱུ་ལས་(སྲེག་ཕབ་ཟེར་སྡེར།) ཐ་སྙད་འདིས་ཤི་སྲོག་ལ་ཐུག་ཀྱང་ (CD) གོ་བརྡ་མི་འཕྲོད་པར་བརྟེན་མཐར་སྒོར་མོ་དང་། སྲེག་ཕབ་ཟེར་སྡེར། ཞེས་པའི་ཐ་སྙད་རྩ་ཆེན་དེ་གཉིས་ཁུར་ནས་རང་སར་ལོག་རྒྱུ་དང་། ཡང་ན་(CD) མིག་གིས་མཐོང་སར་ཡོད་ན་ལྐུག་རྟགས་བསྟན་ནས ཉོ་རྒྱུ་དང་། དེ་གཉིས་ལས་གཞན་པའི་ལམ་ཁ་ཞིག་ཡོད་ན་གང་ཟག་གསུམ་པ་ཞིག་སྐད་སྒྱུར་འཛུགས་རྒྱུ་དེ་ཡིན། དེའི་ཚེ་དེའི་དུས་སུ་ཐ་སྙད་འདི་དག་མ་བྲིན་པའམ་མཁོ་མེད་ཀྱི་ཟོག་རོ་བཞིན་ལྷག་རྒྱུ་ཐེ་ཚོམ་མེད། དེ་ཡང་ལང་གཤེགས་ལས། མིང་ནི་བརྗོད་པར་མ་བྱས་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མིང་དུ་གདགས་པར་བྱ་བ་ཡིན། །ཞེས་གསུངས་པ་བཞིན་འཇིག་རྟེན་འདིར་ཐ་སྙད་གང་བཏགས་པ་རྣམས་མི་དང་མིའི་བར་ཕན་ཚུན་གོ་བརྡ་འཕྲོད་པའི་ཆེད་དུ་ཡིན་པར་བརྟེན་གོ་བརྡ་མི་འཕྲོད་པའི་མགོ་རྙོག་གི་ཐ་སྙད་ནི་ཕན་མེད་ཀྱི་ཤེས་བྱ་ལྷག་པོ་ཞིག་ཡིན་ནོ།།
སྦྲགས་སྐད་དང་བསྲེ་སྐད།
དེང་སང་མི་ཞིག་གིས་ཀམ་པུ་ཏྲར་ཞེས་པའི་སྒྲ་བསྒྱུར་གྱི་ཐ་སྙད་འདི་འབྲི་བརྗོད་བྱས་ཚེ། སྦྲགས་སྐད་བརྒྱབ་སོང་ཟེར་ནས་མི་གཤིས་ལ་དམའ་འབེབ་དང་། ངན་བརྗོད་ཀྱི་ཚིག་མཚོན་འདེབས་པ། ཐ་ན་སྒོར་མོའི་ཉེས་ཆད་ཚུན་ཆད་འགེལ་གྱི་ཡོད་པ་གོ་ཐོས་བྱུང་། (Computer) ཀམ་པུ་ཏྲར་ཞེས་པའི་སྒྲ་བསྒྱུར་གྱི་ཐ་སྙད་འདི་ཕྱི་སྐད་དང་། དེ་བོད་སྐད་ཀྱི་བརྗོད་པ་དང་མཉམ་དུ་བཀོལ་སྤྱོད་བྱས་ན་དེང་སང་གི་བརྗོད་ཚིག་ལྟར་སྦྲགས་སྐད་དང་བསྲེ་སྐད་ཡིན་པས་བརྗོད་མི་རུང་པ་ཡིན་ན། བོད་ཀྱི་སྐད་ཡིག་ནང་སྦྲགས་སྐད་ཀྱི་བསྲེ་ལྷད་བཅུག་མཁན་ཐོག་མ་དེ་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་ཀྱི་བྱེད་པོ་ཐུ་མི་སམ་བྷོ་ཊ་ལ་ཐུག་ཡོད། ཁོང་གིས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་བཅུ་པའི་འགོར་(བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།) ཞེས་དང་། རྟགས་འཇུག་གི་འགོར་ (ལིང་ག་ཨ་བ་ཏཱ་ར་ནཱ་མ།) ཞེས་སྦྲགས་སྐད་བརྒྱབ་ཡོད།
བོད་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་རིམ་པས་ཀྱང་བསྟན་བཅོས་ཕལ་མོ་ཆེའི་མགོ་མཇུག་བར་གསུམ་དུ་སྦྲགས་སྐད་སྣ་ཚོགས་བཅུག་ཡོད་དེ། དཔེར་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགོར། བྷ་ག་ཝ་ཏི་པྲ་ཛྙ་པ་ར་མི་ཏཱ་ཧྲི་ད་ཡ། ཞེས་དང་། བར་དུ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་དང་། མཇུག་ཏུ། ཤཱ་ར་དྭ་ཏིའི་བུ་སོགས་བཅུག་པ་འདིས་མཚོན་ཡོད། དེ་བཞིན་བྱིས་པ་སྐད་ཆ་ལྡབ་ལྡིབ་སྨྲ་ཤེས་པ་ནས་བཟུང་སློབ་མི་དགོས་པར་ངམ་ངམ་ཤུགས་ཤུགས་ཀྱིས། བོད་མ་ཎི་ཕྲེང་བཟུང་གི་ལུང་པ་ཞེས་པ་ལྟར་འོན་ལྐུགས་ཡིན་ན་མ་གཏོགས་ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་མི་ཤེས་པ་སུ་ཞིག་ཡོད།
དེ་ལྟར་ན་ཁ་བ་ཅན་གྱི་ཆོས་སྐལ་དུ་འདོད་པའི་མ་ཎི་ཡིག་དྲུག་འདོན་ན་སྦྲགས་སྐད་དུ་སོང་བས་འདོར་དགོས་པ་ཡིན་ནམ། བཀའ་དྲིན་ཅན་གྱིས་ལོ་ཙཱ་བ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་བསྒྱུར་བའི་བཀའ་བསྟན་དག་སྦྲགས་སྐད་དང་། འདི་དག་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བསྟན་པ་ཉིན་མོའི་སྣང་བ་ལྟར་གསལ་བར་མཛད་མཁན་རྣམས་སྦྲགས་སྐད་རྒྱག་མཁན་ཞིག་ཡིན་པས། འགོག་དགོས་སམ། དེ་བཞིན་ཁ་དང་ལག་པ་བཞིན་དུ་དམངས་ཁྲོད་ལ་རྒྱུན་སྤྱོད་བྱེད་བཞིན་པའི་པདྨ་དང་། ཙན་དན། ཨང་ཀི །འཇུར་ཏ། སྦི་ཞི་ལིང་། ཀམ་པ་ལིང་སོགས་གྲངས་མེད་ཡོད་པ་འདི་དག་སྦྲགས་སྐད་དམ་ཕྱི་སྐད་མིན་ན་བོད་སྐད་ཡིན་པར་འདོད་དགོས་ལ། དེ་ལྟར་ན་ཀམ་པུ་ཊར་ཞེས་པའི་སྒྲ་སྒྱུར་འདི་བོད་སྐད་ཀྱི་བརྗོད་པ་མ་ཡིན་པའི་རྒྱུ་མཚན་གང་ཡང་མེད་དོ།
ཨང་ཀི་ཞེས་པ་འདི་རྒྱ་གར་གྱི་སྐད་མིན་ནམ་སྙམ། འདི་ལ་རྒྱུ་མཚན་གཉིས་ཡོད་དེ། དང་པོ། དུས་རྒྱུན་ཨང་ཀི་ཞེས་པའི་ཐ་སྙད་འདི་སྤྱོད་སྐབས། དཔེར་ན། ཨང་གྲངས་ག་ཚོད་རེད་ཅེས་དང་། ཨང་གྲངས་གསུམ་པ་དང་། ཨང་གྲངས་བཞི་པ་ཞེས་མཇུག་ཏུ་གྲངས་ཞིག་སྣོན་གྱི་ཡོད། འདི་ནི་ལོ་ཙཱའི་བཀས་བཅད་དང་མཐུན་པར་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །ཅེས་གསུངས་པ་བཞིན་ཨང་ཀི་ནི་གྲངས་ཀ་མཚོན་བྱེད་ཀྱིི་རྟགས་ཤིག་ཡིན་པར་ཤེས་པའི་ཕྱིར་དུ་གྲངས་སྣོན་ནམ་སྙམ།
གཉིས་པ་ནི། संख्यासुचक अंक। སཾ་ཁྱཱ་སུ་ཙ་ཀ ། ཨཾ་ཀ། ཞེས་གྲངས་མཚོན་པ་ལ་ཨཾ་ཀ་ཞེས་སྤྱོད་ཀྱི་ཡོད། དེང་སང་རྒྱ་གར་བ་མང་པོ་ཞིག་གིས་ཨཾ་ཀ་ཡི་དོད་ཐུབ་ལ་དབྱིན་སྐད་ཀྱི་ Number नम्बर ནམྦར། ཞེས་པ་འདི་སྒྲ་བསྒྱུར་གྱིས་བེད་སྤྱོད་བྱེད་ཀྱི་འདུག །རྒྱུ་མཚན་འདི་དག་ལ་བརྟེན་ནས་ཨང་ཀི་ཞེས་པ་འདི་རྒྱ་གར་གྱི་སྐད་ཡིན་པའམ། ཡང་ན་སྟེས་དབང་སྟབས་ཁེལ་ཡིན་སྲིད་པ་ཞིག་རེད། གལ་སྲིད་རྒྱ་གར་སྐད་ཡིན་ཚེ་འདི་དང་ Plate པི་ལེ་ཊི་གཉིས་ཀ་བོད་སྐད་མ་ཡིན་པ་གཅིག་མཚུངས་ཡིན་ཀྱང་། ཨང་ཀི་ནི་བོད་སྐད་ནང་དོད་ཐུབ་མེད་པས་བོད་སྐད་དང་སྦྲགས་ཀྱང་སྐྱོན་མེད་པ་དང། (Plate) པི་ལེ་ཊི་ནི་དོད་ཐུབ་ཀྱི་ཐ་སྙད་གསར་དུ་བཟོས་ནས་སྦྱངས་མི་དགོས་པར་སྡེར་མ་ཞེས་པ་ཡོད་བཞིན་དུ་སྦྲགས་སྐད་རྒྱག་མི་དགོས་པ་ཞིག་གོ །འདིས་མཚོན་ནས་རྒྱུག་པ་ལེབ་རྡུང་དུ་མ་སོང་པར་གང་ཞིག་སྦྲགས་སྐད་བེད་སྤྱོད་དགོས་པ་དང་གང་ཞིག་མི་དགོས་པར་ཤན་འབྱེད་དགོས་པར་མཐོང་ངོ་། །
ཐ་སྙད་ལ་དགོས་མེད་ཀྱི་བཅོས་སྒྲིག་བྱས་པ།
ཐོག་མའི་བོད་ཀྱི་སྐད་ཡིག་ཡིན་མིན་ཡང་། ཐ་སྙད་མང་པོ་ཞིག་བོད་ཀྱི་དམངས་ཁྲོད་དུ་གཞི་རྐང་བརྟན་པོ་ཚུགས་ཟིན་པ་མ་ཟད། དོན་གཞན་དང་འཁྲུལ་གཞི་མེད་པའི་བཏང་འགྲོ་བཞག་སྡོད་འཕེར་བ་ཞིག་ཡིན་ནའང་། རྙིང་གཏོར་གསར་འཛུགས་ཀྱི་བཅོས་སྒྲིག་མང་པོ་བྱས་ཡོད། དཔེར་ན། རླངས་འཁོར་ཆེ་ཆུང་ལ་འཁོར་ཆེན་དང་འཁོར་ཆུང་། སྦག་སྦག་ལ་འཕྲུལ་རྟ། ཆུ་ཚོད་ལ་དུས་ཚོད། འཇུར་རྟ་ལ་ཀོ་ལྷམ། ཚལ་ཏོའོ་ལ་ཚལ་གྲི། ལྟེབ་གྲི་ལ་སྡེབ་གྲི། མོག་མོག་ལ་རླངས་མོག། ཏྲིན་མོག་ལ་དྲིལ་གོར། འགྱིག་བྱི་རིལ་ལ་ཁ་གཙང་ཐང་ཆུ། འོ་མ་བྱི་རིལ་ལ་འོ་སྦྲང་སོགས་མང་པོ་ཞིག་དོན་གཞན་དང་འཁྲུལ་གཞི་ཡོད་པ་དང་ཡང་ན་གོ་ཁག་པའི་ཐ་སྙད་ལ་བཅོས་ཡོད། དཔེར་ན། སྦག་སྦག་ལ་འཕྲུལ་རྟ་ཞེས་བསྒྱུར་འདུག །འདི་དག་ནི་བོད་ཀྱི་སྒྲ་བསྒྱུར་གཞུང་ལུགས་ཀྱི་བསྟན་བཅོས་སྒྲ་སྦྱོར་བམ་གཉིས་ལས། གཽ་ཏ་མ་ལྟ་བུ་གཽའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོོ་ཤི་ཀ་ལྟ་བུའི་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག །ཅེས་པའི་བཀས་བཅད་ལམ་སྟོན་བཞིན་སྔར་ཡོད་ཀྱི་ཐ་སྙད་སྦག་སྦག་རང་སོར་བཞག་ན་ཅ་དངོས་སོགས་གང་ལ་ནོར་མེད་འཁྲུལ་མེད་ཀྱི་གོ་བ་གཏེར་ཐུབ་པ་མ་ཟད་ཧ་ཅང་གིས་བརྗོད་པ་བདེ་པའི་ཐ་སྙད་ཅིག་ལ། འཁྲུལ་གཞི་ཅན་གྱི་འཕྲུལ་རྟ་ལ་བཅོས་འདུག །གང་ལ་འཁྲུལ་གཞི་ཡོད་ཟེར་ན། རྫུ་འཕྲུལ་གྱི་རྟ་དང་། ཡང་ན་འཕྲུལ་ཆས་ཀྱི་རྟ་སོགས་ལ་ནོར་སོ་ཡོད།
དེ་བཞིན་བྱུང་རིམ་རྒྱབ་ལྗོངས་ཀྱི་སྒྲ་བཤད་དུ་ཡོད་པའི་ཆུ་ཚོད་ཅེས་པའི་ཐ་སྙད་དུས་ཚོད་ལ་བསྒྱུར་འདུག །ཆུ་ཚོད་ནི་གནའ་དུས་སུ་དུས་ཚོད་ཀྱི་ཚད་འཛིན་བྱེད་བུ་ག་ཡོད་པའི་ཆུ་སྣོད་ཅིག་གི་ཆུ་ཐིགས་ལ་བརྟེན་ནས་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་དང་། ཆུ་ཚོད་གཅིག་ལ་ཆུ་སྲང་སུམ་ཅུ་ཡོད་པའི་དུས་ཀྱི་ཚད་གཞལ་བའི་ཡོ་ཆས་ཤིག་ལ་ཆུ་ཚོད་ཟེར། དཔེར་ན་ཆུ་ཚོད་བུམ་པ་ལྟ་བུ་རེད། དེང་སང་གི་ཆུ་ཚོད་འཁོར་ལོ་དང་འདྲ། ཆུ་ཚོད་ནི་གྱང་ལྡེབ་ལ་འགེལ་བ་དང་། ཅོག་ཙེའི་སྟེང་དུ་འཇོག་པ། ལག་པར་འདོགས་པ་མ་ཟད་ཆག་གྲུམ་འགྲོ་བ་ཡོད་ལ། བཟོ་བཅོས་ཡང་བྱ་རྒྱུ་ཡོད་། དུས་ཚོད་ནི་དེ་ལས་ལྡོག་སྟེ་བཟོ་བཅོས་སོགས་གང་ཡང་བྱ་རྒྱུ་མེད། ཆུ་ཚོད་ནི་མིག་གིས་མཐོང་དུ་ཡོད་པའི་གཟུགས་རགས་པ་ཞིག་དང་། དུས་ཚོད་ནི་མིག་གིས་མཐོང་དུ་མེད་པའི་ལྡན་མིན་འདུ་བྱེད་ཅིག་རེད། འདི་ནི་དུས་ཚོད་ཚད་འཛིན་གྱི་ཡོ་ཆས་དང་དུས་ཚོད་གཉིས་གཅིག་ཏུ་བྱས་པས་ནོངས།
འགྱིག་བྱི་རིལ་ལའངཁ་གཙང་ཐང་ཆུ་ཞེས་བཅོས་འདུག །འགྱིག་བྱི་རིལ་ནི་ངོ་བོ་འགྱིག་དང་འདྲ་བར་རྒྱུ་མཚན་དུ་བྱས་ནས་བཏགས་པའི་ཐ་སྙད་ཀུན་ལ་གྲགས་ཤིང་གྲུབ་པ་ཞིག་རེད། ཁ་གཙང་ཐང་ཆུ་ནི་དངོས་རྫས་གཉིས་གསུམ་ཞིག་གི་མིང་ཡིན་པ་དང་། ཡང་ན་དངོས་རྫས་ཞིག་གི་འགྲེལ་བཤད་ཡིན་མི་ཤེས་པའི་མགོ་རྙོགས་བཟོས་འདུག །འདིའི་སྐོར་མཁས་པ་ཁ་གཅིག་གིས། གཞན་གྱི་སྐད་རིགས་གང་ལ་ལྟོས་མི་དགོས་པར་བོད་རང་ལ་འདོད་རྒྱལ་རྗེས་གྲུབ་སོགས་མིང་འདོགས་སྟངས་ཀྱི་རིག་པའི་གཞུང་ལུགས་ཡོད་པ་བཞིན་འཕྲུལ་རྟ་ལ་སོགས་རིམ་བཞིན་བསྒྱུར་བ་གསུངས་ན། འདི་ནི་གནའ་ནས་སུ་ལ་མི་ལྟོས་པར་ང་ཚོས་རྟ་དྲེལ་མཛོ་གཡག་ལ་བསྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་པའི་རིག་པའི་གཞུང་ལུགས་ཡོད་པ་བཞིན། ད་ཆར་ཡང་འཕྲུལ་ཆས་ལ་མ་བསྟེན་པར་རྟ་དྲེལ་མཛོ་གཡག་ལ་བསྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཐུབ་ཟེར་བ་དང་མཚུངས་པ་ཡིན། འདིས་མཚོན་པའི་གྲངས་ལས་འདས་པ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་མཚམས་བཅད་པར་བྱའོ།།
ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བཀས་བཅད་ལ་མི་སེམས་པའི་ཐ་སྙད་གསར་པ།
ཕོ་བྲང་འོན་ཅང་དོར། བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ་སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མ་བཅོས་པར་གཞག་པའི་སྒྲ་སྦྱོར་ལོ་ཙཱའི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་ལས། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག །ཅེས་པའི་བཀས་བཅད་ལ་ཇི་མི་སྙམ་པ། དཔེར་ན། (སེམས་ཅན།) Kangaroo ཁུག་བྱི། མཚོ་གཟིག fur scal མཚོ་ཁྱི། starfish མཚོ་འབུ་སྐར་མ་སོགས་དང་། (མེ་ཏོག་ལ།) watcr lily ཆུ་པད་མ། peony ཤིང་པད་མ། calla lily རྡོ་པད་མ་སོགས་དང་། (ཚལ་རིགས།) Chinese cabbage ཚལ་དཀར་ཆེ་བ། cabbage པད་ལོག broccoli མེ་ཚལ་ལྗང་ཁུ་སོགས་དང་། དེ་བཞིན་རྩི་ཤིང་སོགས་ཐ་སྙད་གསར་པའི་འཁྲབ་སྟོན་གིས་མི་མང་གི་མིག་འཁྲུལ་དུ་བཅུག་ཡོད།
ང་ཚོས་བྱེད་དགོས་པ་ནི་སྒྲ་བསྒྱུར་ཡིན།
ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན། མི་སྡེའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་ཁ་ཕྱོགས་ནས་རྔ་ལ་དཔགས་པའི་འཆམས་རྒྱག་རྒྱུ་ལས། ཕྱི་དངོས་པོའི་སྟོབས་ཤུགས་ཆབ་སྲིད་དང་དཔལ་འབྱོར་གང་ལ་བརྟེན་ནས་འཛམ་གླིང་གི་མི་མང་རྣམས་བོད་ཀྱི་སྐད་ཡིག་དང་ཐ་སྙད་ནང་འཁྲིད་ཐུབ་ཐབས་མེད།
དེར་བརྟེན་བྱ་ཚིག་སྤྱི་དང་དོན་བསྒྱུར་མ་བྱས་ཐབས་མེད་ཀྱི་མིང་ཚིག་ཕུད། དུས་རབས་གསར་པའི་ཆབ་དཔལ་རིག་གསུམ་གྱི་ཤེས་བྱའི་མིང་ཚིག་གསར་པ་རྣམས་བོད་ཀྱི་སྐད་ཡིག་ནང་དུ་སྒྲ་བསྒྱུར་བྱེད་དགོས། སྒྲ་བསྒྱུར་དང་དོན་སྒྱུར་གང་བྱས་ཀྱང་བོད་མི་རིགས་ལ་མཚོན་ན་གཞི་ནས་གསར་དུ་སྦྱོང་དགོས་པའི་ཐ་སྙད་གསར་པ་ཞིག་ཡིན་པ་གཅིག་མཚུངས་ཡིན་ཡང་། ཤེས་ནས་སྤྱོད་སྒོ་ཆེ་ཆུང་གནམ་སའི་ཧེ་བག་ཡོད། དོན་བསྒྱུར་ནི་བརྒྱ་ཤེས་གཅིག་མེད་དང་། སྒྲ་བསྒྱུར་ནི་གཅིག་ཤེས་ཀུན་གྲོལ་ཡིན།
ད་བར་ང་ཚོས་དགོས་པའི་ལྷ་ཁང་ནག་པོ་བཞག །མི་དགོས་བྲག་ལ་སྐུ་དཀར་གསོལ། །ཞེས་པའི་གཏམ་དཔེ་བཞིན། (Computer) ཞེས་པའི་འཕྲུལ་ཆས་འདི་འཛམ་གླིང་འདིའི་ཐོག་ཐོན་ཏེ་བོད་པ་རྣམས་ཀྱི་ཁ་དང་ལག་བ་བཞིན་བེད་སྤྱོད་བྱས་ནས་ལོ་སུམ་བཅུའི་ནང་ཕྱིན་ཀྱང་། ད་དུང་སྒྲ་བསྒྱུར་བྱས་པའི་(Computer) དག་ཆ་འདི་ཡིན་ཞེས་པ་ཞིག་གཅིག་གྱུར་གྱིས་གཏན་འབེབ་ཐུབ་མེད། སྒྲ་བསྒྱུར་ནི་སྐད་ཡིག་ཅིག་ནས་བྲིས་པའི་ནང་དོན་དེ་སྐད་ཡིག་གཞན་ཞིག་གི་སྒྲ་གདངས་ཐོག་ནས་མཚོན་པར་བྱ་རྒྱུ་དེ་ཡིན། དཔེར་ན། गुरू guru གུ་རུ། बुद्ध Buddha བུདྡྷ། बोधिसत्व Bodhisatva བོ་དྷཱི་སཏྭ། བཞིན་སྒྲ་བསྒྱུར་གྱི་དག་ཆ་གཏན་འབེབ་ཐུབ་ན་བོད་ཀྱི་སྐད་ཡིག་ནང་ཐ་སྙད་གསར་པ་རྣམས་སྒྲ་དག་སྒྲོས་གསུམ་གྱིས་བཀོལ་སྤྱོད་ཐུབ་པ་དང་། ཇི་ལྟར་བཀོལ་སྤྱོད་ཐུབ་པ་དེ་ལྟར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐུབ་པ་མ་ཟད་ཐ་སྙད་དེ་དག་འཛམ་གླིང་འདིའི་ཐོག་གི་མི་དུང་ཕྱུར་མང་པོ་ལ་གོ་བརྡ་འཕྲོད་པ་གཅིག་གོ་གཉིས་ཆོད་ཀྱི་ཐ་སྙད་ཅིག་ཆགས་ཀྱི་རེད།
སྒྲ་བསྒྱུར་བྱ་ཕྱོགས་སྐོར་མཁས་པའི་དབང་པོ་ཁག་གཅིག་གིས། ཐ་སྙད་གང་ཞིག་སྒྲ་བསྒྱུར་བྱས་ཚེ་ཅ་དངོས་དེའི་ཐོན་ཁུངས་ཀྱི་ཡུལ་ལུང་དེ་དང་དེའི་ཐ་སྙད་ལ་གཞི་འཛིན་དགོས་པ་གསུངས། དེ་ལྟར་ན་རྒྱ་ནག་ནས་ཐོན་པའི་ཅ་དངོས་ལ་རྒྱ་ནག་གི་སྐད་དང་། རྒྱ་གར་ནས་ཐོན་པའི་ཅ་དངོས་ལ་རྒྱ་གར་གི་སྐད་དུ་སྒྲ་བསྒྱུར་བྱེད་དགོས་པར་བརྟེན་བོད་སྐད་དུ་དོན་བསྒྱུར་བྱས་པ་ལས་དམིགས་བསལ་གྱི་དགེ་མཚན་མ་མཐོང་། གང་ཞེ་ན་རྒྱ་དཀར་ནག་གི་སྐད་ཡིག་གི་ས་མཚམས་ལས་བརྒལ་ཚེ་ཐ་སྙད་དེའི་བྱེད་ནུས་རང་བཞིན་གྱིས་ཉམས་ནས་གོ་བརྡ་མི་འཕྲོད་པར་སོ་ན་གནས་ངེས་རེད། དཔེར་མཚོན་ན། དུས་རབས་བཅུ་གཅིག་པར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་པཎྜི་ཏ་སྨྲི་ཏི་དང་། ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་རྩེ་བྱ་བས་གདན་དྲངས་འོངས་པས། ལོ་ཙཱ་བ་བལ་བོར་ཕོ་ལོག་གིས་ཤི་སྟེ་པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས་དབུས་གཙང་ནས་མར་འཁྱམས་ཏེ་སྨྲི་ཏིས་རྟ་ནག་ཏུ་ལུག་རྫི་མཛད་པའི་སྐབས་དེར་ངུ་བྲོ་བའི་གཏམ་རྒྱུད་གསུམ་བྱུང་ཡོད། དེ་ནི་པཎྜི་ཏ་ཁོང་ལ་རང་མི་རིགས་ཀྱི་སྐད་ཡིག་དང་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་མེད་པས་མིན་ལ། ཡུལ་དུས་ལ་བལྟོས་པའི་ཐ་སྙད་བེད་མེད་དུ་སོང་བས་ཡིན།
འོ་ན་སྐད་ཡིག་གང་ཞིག་ལ་སྒྲ་བསྒྱུར་བྱེད་དགོས་ཞེ་ན་དེ་ནི་འཛམ་གླིང་སྤྱི་སྐད་ལྟ་བུར་གྱུར་པའི་དབྱིན་ཇིའི་སྐད་ཡིག་ལ་གཏུག་དགོས། དེ་ཡང་ལེགས་སྦྱར་གྱི་སྒྲ་བསྒྱུར་བཞིན་བསྒྱུར་སྐད་ཡིན་པར་བདེ་བླག་ཏུ་གོ་བ་དང་མཚོན་པར་བྱེད་ཆེད་དུས་རྒྱུན་དམངས་ཁྲོད་ཀྱི་སྐད་ཡིག་ནང་སྤྱོད་སྒོ་དེ་ཙམ་མེད་པའི་ལོག་ཡིག་དང་མཐུག་ཡིག་ बोधिसत्व Bodhisatva བོ་དྷཱི་སཏྭ། ལྟ་བུ་སྒྲ་སྒྱུར་རིག་པའི་གཞུང་ལུགས་ཡོད་པ་ལ་གཞིར་བཞག་ནས་སྒྲ་བསྒྱུར་ཐུབ་ན་ཅ་དངོས་གསར་པ་དེ་དག་ལ་བརྡ་ཆད་གཏན་འབེབ་ཐུབ་པ་སོགས་དགེ་མཚན་ཧ་ཅང་ཆེ་བ་མཐོང་། གཞན་དངོས་ཆས་ཡོད་དོ་ཅོག་རེ་རེ་བཞིན་དོན་བསྒྱུར་བྱེད་དགོས་ན་སོ་སྨན་གཅིག་པུ་ལ་མ་འདྲ་པ་བརྒྱ་སྟོང་མང་པོ་ཡོད་པས་ཐམས་ཅད་དོན་བསྒྱུར་བྱེད་དགོས་སམ་མི་དགོས། དགོས་ན་རེ་རེ་བཞིན་དོན་བསྒྱུར་བྱས་པ་མ་ཟད་དོན་བསྒྱུར་བྱས་པའི་ཐ་སྙད་དེ་དག་བོད་མི་རྣམས་ཀྱིས་བཀོལ་སྤྱོད་ཐུབ་བམ། མི་དགོས་ན་ཅ་དངོས་དེ་དག་བོད་པས་བཀོལ་སྤྱོད་བྱེད་དགོས་སམ་མི་དགོས། དགོས་ན་ཐ་སྙད་གང་ཞིག་གི་ཐོག་ནས་བྱེད། འདིས་མཚོན་ནས་ཉིན་རེ་ནས་ཉིན་རིན་རེར་ཐོན་བཞིན་པའི་དངོས་ཆས་ལ་ཐ་སྙད་གང་ཞིག་དགོས་མིན་བསམ་གཞིགས་བྱ་དགོས་པ་ཡིན་ནོ།
ཕྱི་ལོ་ ༢༠༡༧ ཟླ་༧ཚེས་ ༡༡ ཉིན་སྤེལ།
བམ་ཀློག་བྱས་ཟིན། རྩ་བའི་ཆ་ནས་སོ་སོས་བསམ་ཚུལ་བརྗོད་པ་ཙམ་ལ་ཞུ་ཡ་གང་ཡང་མེད་དེ། ངས་བསམ་ན་གཅིག་གིས་རྟ་རྒྱུག་སར་གཅིག་གིས་དོང་བརྐོ་བའི་དཔེར་མི་འགྱུར་བར་སྨོན་ཞུ་རྒྱུ་ཙམ་ཡིན། བོད་ཕྱི་ནང་གི་མཁས་པ་རྣམ་གྱིས་ལོ་བཅུ་ཕྲག་མང་པོའི་རིང་ལ་དཀའ་ལས་བརྒྱབ་པའི་ངལ་བ་ཁྱད་གསོད་ཀྱི་གྲུབ་འབྲས་དེ་བྷག་བྷག་དང་ཀམ་པུ་ཀྲར་ལྟ་བུའི་མིང་ཚིག་སྟབས་བདེ་འགའ་ཞིག་དང་འབྲེལ་བའི་ཚོར་སྣང་གིས་རྩིས་མེད་གཏོང་ཆོག་པ་ཞིག་མ་རེད། ངས་ནི་སེམས་ཀྱི་གཏིང་ནས་དྲིན་དུ་ཚོར་བཞིན་ཡོད།
ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་ལ་།
ཤེས་རིག་བཀྲ་བའི་ཤེས་བྱའི་མདུན་ལམ་བསྟན་།
ཤེས་བྱ་ཐམས་ཅད་མུན་སེལ་མགྲོན་མེ་ལ་།
ཤེས་རབས་ཅན་ཚོའི་རྟག་ཏུ་དགོས་མཁོར་བླང་།
ད་ལྟའི་དུས་རབས་གློག་རླད་འཕྲུལ་འཁོར་འོག་།
མི་གི་འཚོ་བ་གློག་རླད་འོག་ཏུ་སྲུང་།
མ་འོང་དུས་རབས་བསམ་བློའི་གློག་རླད་འོག་།
མི་གི་འཚོ་བ་བསམ་བློའི་གློག་རླད་སྲུང་།
ནོར་བཅོས་ (རླད་ ) འདི་ཀླད་ལ་བཅོས་རིགས་།
ངས་ཞིབ་ཀློག་བྱས་པ་ཡིན། རྩོམ་འདིའི་ཐོག་མཐའ་བར་གསུམ་ དུ་བོད་ཕྱི་ནང་གི་མཁས་པ་རྣམ་ཀྱིས་དཀའ་ལས་མ་བརྒྱབ་པའི་སྐད་ཆ་གང་ཡང་བཤད་མི་འདུག དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་སྙིང་པོ་མེད་པ་བཤད་འདུག ངས་བལྟས་ན་རྩམ་ཡིག་འདི་ཀློག་རིན་ཡོད་པ་ཞིག་མཐོང་སོང་།
ཆགས་ཞེན་གྱི་དབང་དུ་མ་སོང་པའི་སྐད་ཆ་ཞིག་བཤད་ན། རྩོམ་ཡིག་འདིས་བྷག་བྷག་དང་ཀམ་པུ་ཀྲར་ལྟ་བུའི་མིང་ཚིག་སྟབས་བདེ་འགའ་ཞིག་དང་འབྲེལ་བའི་ཚོར་སྣང་ཙམ་མ་ཡིན་པར་ཐ་སྙད་གསར་པའི་སྐོར་ལ་ཞིབ་འཇུག་མཐིལ་ཕྱིན་བགྱིས་འདུག རྩོམ་ཡིག་འདིས་ཐ་སྙད་གསར་པའི་སྐོར་ལ་བྷག་བྷག་དང་ཀམ་པུ་ཀྲར་ལྟ་བུར་དཔེར་བཀོད་དེ་འདས་སོང་ལ་སྡོམ་ཚིག་བརྒྱབ་འདུག་ལ། མ་འོངས་པའི་ཁ་ཕྱོགས་ཀྱང་གསལ་བསྟོན་བྱས་འདུག
་་་་་་་ སྒྲ་བསྒྱུར་བྱ་ཕྱོགས་སྐོར་མཁས་པའི་དབང་པོ་ཁག་གཅིག་གིས། ཐ་སྙད་གང་ཞིག་སྒྲ་བསྒྱུར་བྱས་ཚེ་ཅ་དངོས་དེའི་ཐོན་ཁུངས་ཀྱི་ཡུལ་ལུང་དེ་དང་དེའི་ཐ་སྙད་ལ་གཞི་འཛིན་དགོས་པ་གསུངས། ་་་་་་་
མཁས་དབང་དགེ་ཆོས་མཆོག་ནི། སྙན་དངགས་དང་། སྔོན་བརྗོད་མིང་གི་རྣམ་གྲངས་ལ་མཁས་ཀྱང་། མི་དམངས་སྤྱི་སྐད་སྤེལ་བ་ལ་ཐུག་དུས། མིང་གི་རྣམ་གྲངས་ལ། མིང་རྗུན་མ་དེ་ཚོ་ཞེས་ཟུར་ཟ་ཞིག་ཀྱང་ཡོད་སྙམ་པ་དྲན།
བློ་གཟུ་བོར་གནས་ཏེ་བརྗོད་ན། རྩོམ་འདིར་དོན་སྙིང་ལྡན་པའི་སྐད་ཆ་ཡང་མང་པོ་འདུག་ཅིང་། ཐ་སྙད་གསར་བཟོ་མཁན་ཚོས་ཀྱང་ཡིད་གཟབ་བྱེད་དགོས་པའི་དོན་གནད་གལ་ཆེ་ཞིག་རེད་འདུག་སྙམ་མོ། །
རྩོམ་འདི་ཆ་ཚང་བཀླགས་པ་ཡིན། གོ་རྒྱུ་ཡོད་པ་བཤད་འདུག་རྒྱབ་སྐྱོར་དང་མོས་མཐུན་ཡོད། ལར་ནས་ང་ཚོའི་མི་རིགས་འདི་ནི་ཙག་ཀྲ་དང་ཁབ་ཙམ་ཀྱང་བཟོ་མི་ཤེས་པར་གྱུར་པ་ནི། ཅི་ཞིག་གིས་ལན་པ་ཡིན་མིན་ནི་ཤེས་སླ་མོ་རེད། ཡིན་ནའང་རྒྱུ་མཚན་དེ་བཤད་ན་རྣ་ལམ་དུ་འགྲོ་རྒྱུ་ཁག་པོར་ཆགས་འདུག ང་ཚོའི་མི་རིགས་འདི་ནི་ཕྱི་དངོས་པོ་ལས་ནང་སེམས་ལ་དཔྱད་པ་དང་ཞིབ་འཇུག་དང་དབང་བསྒྱུར་བྱེད་མཁན་ཡིན་ཟེར། ནང་སེམས་ལ་དཔྱད་པ་དང་ཐོས་བསྒོམ་བྱས་ནས་གནམ་ལ་འཕུར་ཡོད་ཟེར། རྒྱ་མཚོའི་གཏིང་ལ་ཕྱིན་ཡོད་ཟེར། གོར་མོ་རྡོ་མར་བཞིན་བརྫིས་ཡོད་ཟེར། ཆུ་ལ་ཟམ་པ་མེད་པར་ཕ་རོལ་དུ་བགྲོད་ཡོད་ཟེར། ད་དུང་གྲུབ་ཆེན་བརྒྱད་བཅུ་དེ་ཚོའི་གྲུབ་རྟགས་དེ་ཚོ་བཤད་ན་འཛམ་གླིང་མི་རྣམས་ཀྱི་བློ་ཡུལ་ལ་ཤོང་རྒྱུ་མེད་པ་རྐྱང་རྐྱང་བཤད་ཡོད། འོ་ན་ད་ལྟ་དེ་འདྲ་མཚན་གཞི་ཞིག་འཇོག་རྒྱུ་ཡོད་དམ་ཟེར་ན་མེད་ཟེར། ད་དེ་ཚོའི་སྐོར་གཡུག་ཞོག བོད་ཀྱི་སློབ་དེབ་རྣམས་སུའང་ཐོབ་རྒྱུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་རྣམ་མཁྱེན་ཡེ་ཤེས་སོགས་རྐྱང་བཤད་ནས་བསྡད་ཡོད། ད་ལྟ་ང་ཚོའི་མི་རིགས་འདི་ཡི་ནང་དུ་དེ་འདྲ་རྒྱུད་ལ་ཡོད་པ་ཞིག་མཚན་གཞི་ཞིག་འཇོག་རྒྱུ་ཡོད་དམ་ཟེར་ན་དེ་ཡང་ཡོད་པ་མ་རེད། གལ་ཏེ་བཤད་ཀྱང་གང་ཟག་གང་དང་གང་གིས་ཚོད་བཟུང་མི་ཤེས་ཟེར་ནས་ཐེ་ཚོམ་གྱི་ལན་ཞིག་ལས་མེད། ད་མི་བཤད་ཡང་ལྟ་ལོག་དང་མུ་སྟེགས་པ་རེད་ཟེར་ཡོང། ད་ང་ཚོ་ནི་དུས་རབས་ཉེར་གཅིག་པའི་ལུས་རྟེན་ལ་རྡོ་ཆས་དུས་རབས་ཀྱི་བསམ་བློ་བ་ཞིག་གི་གནས་སྟངས་སུ་ལུས་ཡོད།
བསམ་བློ་རྗེས་ལུས་གསར་བརྗེའི་མདུན་ལམ་བཀག་།
ལག་ཤེས་རྗེས་ལུས་དངོས་གསར་མདུན་ལམ་བཀག་།
རྙིང་ཞེན་རིང་ལུགས་སྤྱི་ཚོགས་འཕེལ་རྒྱས་བཀག་།
གསར་བརྗེ་རིང་ལུགས་རྙིང་གཏོར་གསར་འཛུགས་སྐྱངས་།
མཁས་དབང་རྫ་ཚེ་རིག་གི་གསུངས་པ་ལྟར། དོན་སྙིང་ལྡན་པའི་ལན་དེར་མོས་མཐུན་ཡོད།
ཡང་སྙིང་ཅི་ཞིག་བཤད་འདོད་ཡོད་མེད་མ་ཤེས་ཀྱང་། ཐ་སྙད་མང་པོ་ཐོན་པའམ་མིང་འདྲ་མིན་འདོགས་རུང་བ་ནི་བོད་ཡིག་ཕྱུག་པོ་ཡོད་པའི་རྟགས་རེད། ཐ་སྙད་ཀྱི་འཕེལ་རྒྱས་དེ་བོད་ཡིག་མ་ཚར་བར་དུ་མུ་མཐུད་དུ་ཡར་རྒྱས་ལ་འགྲོ་གི་རེད་ལ། མིང་འདྲ་མིན་ཀྱང་འདོགས་གི་རེད། མགོ་འཐོམས་ཡ་དང་མིག་འཁྲུལ་ཡ་གནས་སྐབས་ཙམ་རེད་མ་གཏོགས། མ་འོངས་པ་བོད་རང་གི་ཐ་སྙད་ཆགས་གི་རེད་ལ། དོན་བསྒྱུར་བྱས་ན་འདྲ། མིང་གསར་པ་བཏགས་ན་འདྲ། བོད་ཡིག་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་བ་རེད། བོད་སྐད་ཡིག་ཅུང་ཤེས་ན་ཕན་ཐོགས་ཆེ་བ་ཡོད་བ་རེད། སྒྲ་བསྒྱུར་བྱེད་དགོས་པའི་ཚད་ལ་ཐོན་མི་འདུག་་ང་ཚོ་བོད་ཡིག་ནི་མིང་ཚིག་ཕྱུག་པོ་དང་ཕུན་སུམ་ཚོགས་པ་རེད་གདའ།
རྩོམ་ཡིག་འདི་བསྐྱར་ཀློག་བྱས་ཡིན། སྒྲ་བསྒྱུར་དང་དོན་སྒྱུར་གང་བྱས་ཀྱང་བོད་མི་རིགས་ལ་མཚོན་ན་གཞི་ནས་གསར་དུ་སྦྱོང་དགོས་པའི་ཐ་སྙད་གསར་པ་ཞིག་ཡིན་པ་གཅིག་མཚུངས་ཡིན་ཡང་། ཤེས་ནས་སྤྱོད་སྒོ་ཆེ་ཆུང་གནམ་སའི་ཧེ་བག་ཡོད། དོན་བསྒྱུར་ནི་བརྒྱ་ཤེས་གཅིག་མེད་དང་། སྒྲ་བསྒྱུར་ནི་གཅིག་ཤེས་ཀུན་གྲོལ་ཡིན། ཞེས་པ་འདི་རྩོམ་ཡིག་འདིའི་ནང་དོན་ཧྲིལ་པོ་མཚོན་པའི་སྡོམ་ཞིག་མཐོང་། ཐ་སྙད་གསར་པའི་དགེ་སྐྱོན་སྐོར་ཁ་གསལ་ཞིང་གོ་བདེ་བ། གཏིང་ཟབ་ལ་དོན་འགྲུས་པའི་རྩོམ་ཡིག་འདི་འདྲ་བ་ཞིག་ད་བར་མ་མཐོང་། དེར་བརྟེན་ཐ་སྙད་བཟོ་བ་པོ་རྣམས་ཀྱིས་རང་ལྟ་མཆོག་འཛིན་དུ་མ་སོང་པར་ཐ་སྙད་གསར་བཟོའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པར་བསམ།
ཤེས་རིག་ལས་ཁུངས་ཀྱིས། སྤྱི་སྐད་བྲིས་མ་ཞིག་གཏན་འབེས་མ་ཐུབ་པ་འདིས་ལན་པ་རེད། ངས་ལོ་ཉི་ཤུ་སྔོན་ནས་སྤྱི་སྐད་ཐོག་དཀའ་ལས་བརྒྱབས་རྩོམ་བྲིས་པ་ཡིན། ཁ་ཡ་བྱེད་མཁན་མི་འདུག ད་ཐབས་ཟད་ནས། ཁ་བརྡ་དྲྭ་བ་དྲིན་ཆེན་འདི་བེད་སྤྱད་ནས། ཁ་རྡུང་ཟད་བགྱིན་ཟད་བགྱིན། ཨུ་ཚུགས་རྒྱབ་བཞིན་སྤྱི་སེམས་ཤིག་འཁྱེར་ནས། ཧུར་ཐག་བྱེད་བགྱིད་ཡོད་དེ། རྒྱབ་སྐྱོར་བྱེད་མཁན་གཅིག་གཉིས་ཙམ་ལས། གཞན་ལས་འགན་ཡོད་མཁན་དང་འགན་ཡོད་མཁན་ཚོས་ནི། རྒྱབ་སྐྱོར་ཉི་མའི་སྐར་མ་ཙམ་རེད་འདུག ང་ནོར་་ཡིན་ནམ། བོད་ཕྱི་ནང་གི་བོད་རིགས་རྣམས་རྨོངས་དད་དང་རྙིང་ཞེན་ཆེ་དྲགས་པ་ཡིན་ནམ། ཡང་ན། ང་ནོར་བ་ཡིན་ཅང་མི་ཤེས་འདུག ཧཧཧཧཧཧ།། ཧོ་ཧོ།། །།
རྩོམ་ཡིག་འདིར་ཐ་སྙད་གསར་བཟོའི་དགེ་སྐྱོན་ལ་བསྐྱར་ཞིབ་བྱས་པ་ལྟ་བུར་མཐོང་། ང་ཚོས་ངེས་པར་དུ་བསམ་དགོས་པའི་གནད་དོན་མང་པོ་ཞིག་རིགས་པའི་ལམ་ནས་གླེང་པས། བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་འདུག
གཞན་རྣམས་ཁྱོད་ཀྱི་མིག་ལ་ན་མི་འདུག་པ་བཞིན། ཁྱོད་ཀྱང་ངའི་མིག་ལམ་ན་ཕུག་རོན་གཟའ་རོ་འདྲ་ཞིག་ལས། མཁས་བ་ཞིག་ཡིན་ས་རེད་འདོད་པ་ཞིག་རྩ་ནས་མ་ཤེར་ཐལ།
༼༼འབྲི་རུ་སྐལ་བཟང་རྒྱལ་མཚན།༽༽ ཟེར་བ་འདིས་ཁྱོ་ཡིན་པའི་ངོ་རྟགས་ཤེས་བས་འགྲིག་ཡོད་ན་ནི་དེར་ཟེད། དེ་མིན་ཁྱོད་ནི། འབྲུ་རུ་མིན་ལ། སྐལ་བཟང་དང་རྒྱལ་མཚན་ནི་དེ་བས་མིན་པས། མིང་སྦྱོར་སྟངས་ལ་ཁྲིམས་ལུགས་ཞིག་མེད་པ་གསལ་པོ་རེད།
གཙོ་བོ་བཏགས་པའི་མིང་དེ་སྤྱི་ཚོགས་ཀྱིས་བཀོལ་ཤུགས་ཆབ་ཆེ་ཆུང་ལ་རག་ལས་བ་ཞིག་རེད་མ་གཏོགས།
དེ་འགྲིག་གི་མི་འདུག། འདི་ཡིན་དགོས་ཟེར་ན་གང་གི་བཀའ་རེད། བོད་ཡིག་དང་བོད་སྒྲའི་ཐོག་ནས་མིང་ཞིག་རེག་ན་དེ་རེད། བོད་མི་རིགས་ཀྱི་བར་གྱི་བརྡ་སྤྲོད་བྱེད་ཡིན་པས་ན། སྐད་རིགས་པ་གཞན་གྱིས་མ་གོ་ན་ཡང་ཅི་སྐྱོན།
མིང་དང་མིང་གི་རྣམས་གྲངས་ནི་མི་གཅིག་གི་ཚེ་གང་ལ་སྦྱང་མི་ཐུབ་པའི་ཕྱུག་པོ་ཡིན་དགོས།
ཡོད་ཚད་ཚིག་མཛོད་ལ་བཏབ་ཚར་དུས་ཚར་རེད། ཁྱོད་དང་ངེད་གཉིས་ནག་ཁུང་ལ་ཁྲིད་ན། ངེད་གཉིས་ཀྱིས་མ་ཤེས་བའི་རང་མཚང་ཤོར་བ་ལས། གཞན་ལ་ཁ་རྡུང་བཏང་ན་གང་ལ་འགྲིག།
ད་ལྟའི་བོད་འདི། ཁབ་དང་འབར་ཞུན་བཟོས་མི་ཤེས་དུས་ཞིག་ན་མི་འདུག། ཚོང་གི་མདུན་ལམ་ཡོད་ན། ང་རང་རང་གི་ལག་པས་དེ་དག་བཟོས་ནས་ཁྱོད་ལ་གཏོང་ཆོག། དྲང་མོ་ཡིན།
གནམ་ཁྱོད་གླེན་རྟགས་ཚ་བ་ལ། མི་གཞན་མཁས་མིན་བཤད་པ་ངོ་མི་ཚ་ནི། རང་གི་ཚིག་དུམ་དེར་ལྟོས་དང་། དྲ་ངོས་དེར་ཐོན་ན་འགྲིག་ཡོད་ན་དེར་ཟད། དེ་མིན་ཁྱོད་ནི་རྩོམ་རིག་དང་རྟོག་དཔྱོད་ཟེར་བ་ཅིན་ཡིན་ཤེས་མེད་ཚོད་དུ་འདུག །
༄༅། དཔེ་ཡག་པོ་བྲིས་གནང་འདུག་ བཀྲིས་བདེ་ལེགས་ཡོད།
ཡང་མི་དགའ་རེས་རང་གི་བྱེད་ན་མི་བྱོན། གཞན་གྱི་བྱེད་ན་མིག་ཚ་བའི་སྐད་ཆ་བཤད་
བཞིན་པ་དེ་ལ་བལྟ་རྒྱུ་ཅི་ཡོད།
འབྲི་རུ་སྐལ་བཟང་རྒྱན་མཚན་ལགས། ང་ཁྱེད་ལ་དྲི་བ་འགའ་ཡོད།
༡་ ནང་སེམས་བཞག་གི་ཐོག་ནས་བོད་རང་ལ་ཐ་སྙད་ཕུན་སུན་ཚོགས་པ་ཡོད་ཀྱང་། ཕྱི་དངོས་པའམ་དེང་རབས་ཀྱི་འཕྲུལ་ཆས་ཀྱི་སྐོར་ལ་ཐ་སྙད་ནི་ཉི་མོའི་སྐར་བ་བཞིན་རེད་ཟེར་ན་མ་འགྲིག་པ་མ་རེད་བསམ། དེ་བས་ན་ཕྱི་དངོས་པོ་ཡོད་ཚད་ཀྱི་མིང་སྒྲ་བསྒྱུར་བྱས་ན་དེ་བོད་སྐད་རེད་དམ། ཕྱིའི་སྐད་རེད།
༢་ སྔོན་བྱུང་ལོ་ཙྰ་བ་རྣམས་པས་ལོ་བརྒྱ་ཕྲག་མང་བོའི་གོང་ནས་བཀའ་བསྟན་གཉིས་གཙོ་བོར་བྱས་བས་གསུངས་མང་པོ་ཞིག་གི་ནང་དུ་ཕྱིའི་སྐད་རང་བཞིན་བཞག་པ་དང་ཡང་ན་སྒྲ་བསྒྱུར་བྱས་ཡོད་པའི་མིང་ཚིག་དེ་ཚོ་བོད་ཀྱི་མཁས་པ་ཚོ་ཕར་བཞག་ནས་བོད་མི་སྤྱི་མ་ག་ཚད་ཅིག་གིས་ཧ་གོ་ཡོད་དམ། དཔེར་ན། མ་ནི་ཡིག་དྲུག་ལྟ་བུ།
༣་ ཉི་མ་ལྟ་བུ་ལ་མིང་མི་འདྲ་བ་༢༠༠་ཉི་བརྒྱ་ལྷག་ཅིག་ཡོད་པ་དང་། སངས་རྒྱས་ལྟ་བུ་ལ་མིང་མི་འདྲ་༧༠་ལྷག་ཡོད་ཆོག་ན། དེང་གི་ཕྱི་དངོས་པོའི་མིང་ལ་དེ་ཡོད་མ་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཤེས་བྱ་ཐམས་ཅད་ཤེས་དགོས་པའི་ངེས་པ་ཡོད་རྒྱུ་མ་རེད།
༤་ ཁྱེད་ཀྱི་བཤད་པ་ལྟར་ན་དབྱིན་ཡིག་རྒྱལ་སྤྱིའི་སྐད་ཡིག་ལྟ་བུ་ཡིན་པས་བོད་པ་ཚོས་དབྱིན་སྐད་གཞི་ལ་བཞག་ནས་སྒྲ་བསྒྱུར་བྱས་བཟང་རབས་བཤད། དབྱིན་སྐད་བཤད་པའི་རྒྱལ་ཁབ་ལྔ་ཙམ་འདུག དེ་ན་རྒྱལ་ཁབ་གང་གི་དབྱིན་སྐད་དུ་སྒྲ་བསྒྱུར་བྱ་སྲིད་དམ། ཡོ་གླིང་ (Australia ) གི་དབྱིན་སྐད། དབྱིན་ཇི ( English) ཡི་སྐད། ཨ་རི ( America) ) ཡི་སྐད། དེ་བཞིན་ཁ་ན་ཊ་ ( Canada ) ཡི་སྐད། ནི་འཛི་ལེན་ཊི་ ( Newzland ) ཡི་སྐད། རྒྱལ་ཁབ་འདི་དག་གི་ནང་དབྱི་སྐད་བཤད་པ་གཅིག་ཡིནའང་སྐད་ཀྱི་གདངས་ཁ་ཁ་རེད།
མིང་མེད་ལགས།
སྤྱིར་བཏང་བསྒྱུར་མང་ན། མིང་མང་་ལ། མིང་མང་ན། གོ་བ་མང་བས་ཚིག་དོན་ཤེས་པ་ལ་མཁས་པར་སྨྲོས་མ་དགོས་ཀྱང་། གདོང་པ་ལ། face ཕེསེ། ཞེས་པ་གཅིག་ཉིད་ལས་མེད་ཙང་ཨིན་སྐད་ཤེས་སླ་ལ། ཛམ་གྀང་ནང་ལ་སྤྱི་སྐད་ཕན་ཐོགས་ཅན་དུ་གྱུར་པ་རེད།
བོད་སྐད་ནང་། ཡུལ་ལུང་རེ་རེ་ལ་ཡུལ་སྐད་རེར། དེས་མ་ཚད། སྤྱི་སྐད་ནང་ལ། ངོ། གདོང་། ངོ་གདོང་། ཞལ། ཞར་རས་སོགས་མང་དྲགས་ནས་དིང་གི་བོད་པ་ཚོ་བོད་སྐད་སྦྱང་ཡ་ཉོབ་བསྡད་ནས་ཡོད་པ། ཀུན་གསལ་མིག་མཐོང་ལག་ཟིན་རེད་དོ།།
ཀརྡོ་རམ་འབྱམས་པ་ལགས།
འཛམ་གླིང་གི་སྐད་རིགས་གང་ཡིནའང་མིང་ཚིག་གཅིག་ལ་དོན་མི་འདྲ་བ་འགའ་དང་། དེ་བཞིན་དངོས་པོ་གཅིག་ལའང་མིང་མི་འདྲ་བ་ཡོད་པ་དེ་ཆོས་ཉིད་ཅིག་རེད། བོད་པ་ཚོས་བོད་ཡིག་སྦྱང་འདོད་ཀྱི་འདུན་པ་མེད་པ་ནི་གནས་སྐབས་ཀྱི་དཔལ་འབྱོར་ལ་ཐུག་ཡོད་པ་ལས་བོད་ཡིག་ལ་དངོས་པོ་གཅིག་ལ་མིང་མང་པོ་ཡོད་པས་མ་རེད་བསམ། སྤྱིར་ཡིན་ན་ཅ་དངོས་གཅིག་ལ་མིང་གཅིག་རེ་ཡིན་ན་ལས་བཟང་། འོན་ཀྱང་བོད་པ་ཡིན་ན་ཕྱི་དངོས་པོའི་སྐོར་གྱི་ཐ་སྙད་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་པས་དེང་གི་དུས་འདིར་རང་ཅག་གི་མཁས་པ་ཚོས་གང་ཐུབ་ཀྱིས་ཕྱིའི་སྐད་ཡིག་ནང་ལོག་ཏུ་བསྒྱར་དང་སྒྱུར་བཞིན་པ་རེད། དེ་ནི་བོད་པ་རང་ལ་མཚོན་ན་རྟ་གོམ་ཙམ་རེད།
ཁྱེད་ཀྱིས་བཤད་ན་དབྱིན་སྐད་ལ་དངོས་པོ་གཅིག་ལ་མིང་གཅིག་རེ་མེད་པས་དབྱིན་སྐད་ནི་འཛམ་གླིང་གི་སྤྱིའི་སྐད་དུ་ཆགས་པ་རེད་ཟེར། ངས་ནི་དེ་ལྟར་མི་འདོད། དབྱིན་སྐད་འཛམ་གླིང་གི་སྤྱིའི་སྐད་ལྟ་བུ་ཆགས་པ་ནི་དབལ་འབྱོར་ཁོ་ནར་དམིགས་ནས་ཆགས་པ་ཞིག་རེད། དཔལ་འབྱོར་གང་ནས་ཡོད་ན་མི་མང་དེར་རྒྱུག་པ་ལས་ཤེས་ཐུབ། དཔེར་ན། དེང་དུས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སོང་དང་འགྲོ་བཞིན་པའི་སྐབས་འདིར་ཕྱི་མི་མགོ་སེར་ཚོས་དཔལ་འབྱོར་ཐོབ་ཐབས་ཀྱི་ཆེད་དུ་རྒྱ་སྐད་ཇི་ལྟར་སྦྱང་གིན་འདུག
ཡང་ཅིག་བཤད་ན། དུས་རབས་ཉེར་ཅིག་པ་འདིར་བོད་པའི་ནང་ཆོས་ཀྱིས་མིའི་ལུས་སེམས་སུ་ཕན་ཐོག་ཡོད་པ་མི་མང་པོས་ཤེས་བས་བོད་སྐད་ཡིག་ལ་ག་འདྲ་དུངས་བ་དང་སྦྱང་འདོད་ཀྱི་འདུན་པ་ག་ཚད་འདུག བོད་སྐད་ཡིག་སྦྱང་བཞིན་པའི་ཕྱིའི་མགོ་སེར་དང་མགོ་ནག་ག་ཚད་འདུག བོད་ཀྱི་ནང་ཆོས་ལྟ་གྲུབ་སྦྱང་མཁན་ནི་ལོ་རེ་རེར་མང་པོར་འགྲོ་གི་འདུག ནམ་ཞིག་བོད་སྐད་ཡིག་འདི་ཡང་སེམས་ཁམས་ཀྱི་སྐོར་ནས་འཛམ་གླིང་གི་སྤྱིའི་སྐད་མི་ཆགས་པར་སུས་བཤད་ཐུབ་བམ།
ཁྱེད་ཀྱིས་བཤད་པ་དེ་བདེན་ཡང་། ངའི་གོ་དོན་དང་བཤད་དོན་དེ། དེ་མ་རེད། ངས། ོབོད་གཞུང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་། བོད་མཁས་བླུན་ཚང་མའི་སྙན་ལ་སྡུག་སྐད་བརྒྱབས་ཚར་བ་ཡིན། ད་གཅིག་ལྷག་བསྡད་པ་ནི། ༸གོང་ས་མཆོག་ལ་སྙན་གསན་ཞུ་རྒྱུ་ལས་གང་ཡང་ལྷག་མེད། དེ་ནས་ཀྱང་ངས་ངུ་སྐད་འདིས་ཕན་མ་ཐོགས་ན། ང་ཡང་མི་སྨྲ་བའི་རྟུལ་བཞུགས་བཟུང་ནས་ཁ་འདོན་འདྲ་བྱས་ནས་བསྡད་ཡ་མ་གཏོགས་གང་ཡང་བྱ་རྒྱུ་ལྷག་ཡོད་མ་རེད་དོ།། །།
གཞན་ལ་སྡུག་སྐད་བརྒྱབ་ནས་ཅི་ཕན། དེ་ལས་རང་ཉིད་ནས་མགོ་བརྩམས་ཏེ་བོད་སྐད་ཡིག་ལ་ཕན་ཅི་ཐོག་ལྟ་ཆོག དེ་ལ་ཡང་ལོ་གཅིག་དང་གཉིས་མ་ཡིན་པར་མི་རབས་ནས་མི་རབས་སུ་ལྟ་དགོས། རང་ཉིད་ཀྱིས་ཁ་འདོན་བྱེད་པ་ལས་ཀ་ཁ་ཡིན་རུང་བོད་ཀྱི་སོན་རྩ་ཚོར་བརྒྱུད་སྤྲོད་བྱ་ཐུབ་པར་ལྟ་དགོས། དེ་འདྲ་བྱས་ན་ད་བཟོད་རང་ཉིད་བོད་པ་ཞིག་ཡིན་པའི་གོ་མཆོད་པ་རེད།
བཙན་བྱོལ་བ་ཞིག་གི་གནས་སྟངས་ཀྱི་འོག་ནས་ཤེས་རིག་ལས་ཁུངས་དང་བཙན་བྱོལ་བོད་མི་ཡོད་ཏོ་ཅོག་གིས་རང་མི་རིགས་དང་རིག་གཞུང་ལ་ཕན་ཅི་ཐོག་བལྟས་དང་ལྟ་བཞིན་པ་རེད། སངས་མ་རྒྱས་པར་བྱ་བ་གང་བྱས་རུང་སོ་སོའི་འདོད་བློ་གང་བ་ཞིག་ཡོང་སྲིད་པ་མ་རེད། འོན་ཀྱང་དུས་དང་གོ་སྐལ་ལ་བསྟུན་ནས་བྱ་བ་སྒྲུབ་ཆོག
རྩོམ་པ་པོས་སེམས་ཁུར་བླངས་རྗེས་རང་ཉིད་ཀྱི་བསམ་ཚུལ་དང་འཛིན་སྟངས་གང་ཡིན་ཤར་མར་གསུང་པར་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། ཡིན་ནའང་རྩོམ་པ་པོའི་སྤྱན་ངོས་སུ་ཐ་སྙད་གསར་པའི་ལས་དོན་མང་པོ་ཞིག་མཁྱེན་རྟོགས་མེད་པ་མངོན། དཔེར་ན། དེ་སྔ་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་ནས་བཟུང་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་རིག་གསར་གྱི་ཐ་སྙད་དེ་དག་དང་། ཐ་སྙད་ལས་གཞི་དེས་རང་རེའི་རིག་གཞུང་ནང་ཁ་གསབ་ཇི་ཙམ་ཐུབ་མིན་ཐད་དགོངས་པ་བཞེས་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར། བསམ་ཚུལ་ཙམ་མོ། །