འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།།ན་ནིང་༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པའི་སྐབས། དེང་སང་བོད་པའི་སྤྱི་ཚོགས་སྤྱི་དང། ལྷག་པར་རླུང་འཕྲིན་སོགས་ཀྱི་ནང་བོད་ཀྱི་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་མང་པོ་ཡོང་གི་ཡོད་པ་མི་ལེགས་ཚུལ་དང། སྔོན་གྱི་མཁས་པས་བཟོས་པའི་ཐ་སྙད་ཀྱི་འགྲོ་སྟངས་ལ་ནོར་འཁྲུལ་མེད་སྟབས་ཐ་སྙད་གསར་བཟོ་བྱེད་དགོས་དོན་མེད་ཚུལ་བཀའ་སློབ་ཕེབས་ཡོད། འདི་ཡང་བོད་རང་གི་སྐད་ཡིག་ལ་གཅེས་སྤྲས་བྱེད་སྟངས་ཀྱི་ཆ་ནས་གསུངས་པ་ཡིན་འདུག
དེས་ན་ང་ཚོས་བོད་ཡིག་ཐོག་ནས་རྩོམ་ཡིག་འབྲི་བ་དང། གསར་འགྱུར་སྤེལ་བ། ཡིག་བསྒྱུར་དང་རྩོམ་སྒྲིག་བྱེད་པ། དེ་བཞིན་དྲ་རྒྱའི་ཐོག་ཟིན་བྲིས་དང་ཟིན་ཐོ། བསམ་ཚུལ་དང་བསམ་འཆར། དྲི་བ་དང་ལན་འབྲི་བ་སོགས། མདོར་ན་བོད་སྐད་བོད་ཡིག་གི་ཐོག་ནས་སྒྲུབ་བཞིན་པའི་ལས་དོན་འདི་ཐམས་ཅད་ཀྱི་ནང་དུ། སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་བྱས་ན། བོད་རང་གི་སྐད་ཡིག་ལ་གནོད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ལ་བརྟེན་ཚང་མས་གཟབ་དགོས་པར་གདའ། དེ་ཡང་ཚན་རིག་སོགས་ཤེས་བྱ་གསར་པ་དང་འཕྲུལ་ཆས་སོགས་དངོས་པོ་གསར་པ་དག་ལ་ཐ་སྙད་གསར་པ་བཟོ་མི་རུང་བའི་དོན་མིན་པར། སྔོན་ནས་ཡོད་བཞིན་པའི་ཐ་སྙད་ཀྱི་སྦྱོར་ཚུལ་དང་། མིང་ཚིག་གི་འབྲི་ལུགས་སོགས་ལ་དགོས་མེད་ཀྱི་བཟོ་བཅོས་དང་ཡུལ་སོ་སོའི་ཕལ་སྐད་དུ་བྲིས་ན་མི་ལེགས་པའི་དོན་ཡིན་ངེས་ཏེ། དཔེར་ན། དུས་ཆེན་སྲུང་བརྩི་ལ་སྲུང་གཙི། རྒྱ་ནག་ལ་དགྱ་ནག རྩོད་ཀྱི་ཡོད་དང་ལེན་གྱི་ཡིན་ལ་རྩོད་ཀི་ཡོད་དང་ལེན་གི་ཡིན། ཡོད་པ་རེད་ལ་ཡོག་རེད། ཡིན་ནའང་ལ་ཡིན་ནའི་སོགས་སུ་འབྲི་བཞིན་པ་དང་། གཞན་ཡང་། བརྗོད་བྱ་གསར་པ་དང་རྗོད་བྱེད་གསར་པ་ཞེས་པའི་ཁ་གཡང་འོག སྙན་རྩོམ་དང་དཔྱད་རྩོམ། གཏམ་བཤད་དང་བགྲོ་གླེང། ཐ་ན་གླུ་གཞས་ཚུན་ཆད་དུ་འབྲི་བ་པོོ་རང་གིས་ཀྱང་ཇི་བཞིན་འགྲེལ་མི་ཤེས་པའི་ཚིག་སྦྱོར་གསར་པ་གོ་རྒྱུ་མེད་པ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་པ་དེ་དག་མི་འགྲིག་པར་གསུངས་པ་ཞིག་ཡིན་སྙམ། སྤྱིར་ཐ་སྙད་དང་ཚིག་སྦྱོར་ནི་ཕ་རོལ་པོར་དོན་བརྡ་སྤྲོད་པའི་ཆེད་ཡིན་ཙ་ན། བརྡ་འཕྲོད་ཐབས་ལ་གསར་བཟོ་བྱས་པས་ཕན་ཐོགས་ཆེ་ན་གསར་བཟོ་བྱེད་འོས་ཀྱང། དེ་འདྲའི་དགོས་པ་མེད་པར་གསར་བརྗེ་དང་གསར་གཏོད་ཟེར་བའི་འུར་འདྲོགས་ཙམ་ལ་བརྟེན་ཏེ་རང་སྣང་གང་དྲན་གྱིས་གསར་བཟོ་དང་ཕལ་སྐད་དུ་བྲིས་ཚེ། མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་རྒྱུར་འགྲོ་བར་མ་ཟད། བོད་ཀྱི་ཁྱད་ནོར་དུ་གྲགས་པའི་བཀའ་བསྟན་འགྱུར་གྱིས་གཙོས་སྔོན་གྱི་མཁས་པས་བརྩམས་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་དེ་ཐམས་ཅད་རིམ་པས་གོ་མི་ཐུབ་པས་བེད་མེད་ཉམས་བརླག་ཏུ་འགྲོ་བ་དང། མཐར་བོད་མི་རིགས་རྩ་འཐོར་དུ་འགྲོ་བའི་རྐྱེན་བྱེད་པ་སོགས་བོད་རང་གི་མི་རིགས་རིག་གཞུང་དང་བཅས་པ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་པ་ཡིན། གནད་དོན་འདི་སྔོན་གྱི་མཁས་པ་ཆེན་པོ་དག་གིས་ཀྱང་གསལ་པོར་གསུངས་ཡོད་པ་འདིར་དྲན་གསོའི་ཚུལ་དུ་དྲངས་ན། ས་སྐྱ་པཎྜི་ཏའི་མཁས་འཇུག་ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། །དོན་ཆེན་སྒྲུབ་པ་མ་གཏོགས་པ། །སླན་ཆད་མི་སྦྱར་དོན་དེ་ལ། །བརྡ་འཇུག་ན་ཡང་མི་རྟོགས་ཕྱིར། ། ཞེས་དང། དེའི་རང་འགྲེལ་དུ། བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང། ལོག་པར་རྟོག་པ་དང། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། དཔེར་ན་སྨན་པ་དང་། མངོན་དཔྱོད་མཁན་པོའི་བརྡ་བཞིན་ནོ།། ཞེས་དང།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་ལས། རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་གཟབ་དགོས་པ་ལགས། ཞེས་གསུངས། ༸གོང་ས་མཆོག་དང་མཁས་པ་ཆེན་པོ་རྣམས་ཀྱི་གསུང་འདི་དག་ལ་རྒྱུ་མཚན་ཤིན་ཏུ་ཆེ་བ་ནི་དེང་སང་མིག་མཐོང་ལག་ཟིན་ཏུ་འགྱུར་བཞིན་པ་འདི་ཡིན་པས། གནས་ལུགས་འདི་དག་ང་ཚོ་བོད་སྐད་བོད་ཡིག་བཀོལ་མཁན་ཀུན་གྱི་སེམས་ལ་ངེས་པ་བྱས་ཏེ་དེ་ཇི་བཞིན་ལག་ལེན་དུ་བསྟར་རྒྱུ་གལ་ཆེའོ།།
རྩོམ་པ་པོ་འཇིགས་མེད་བཀྲ་ཤིས་ཀྱིས་ང་ལ་འབྲེལ་བ་ཞིག་གནང་རོགས་ཞུ། དེ་མིན་ཁྱེད་ཀྱི་གློག་འཕྲིན་འདིར་འགོད་པའམ་ཡང་ན་ངའི་གློག་འཕྲིན choedak_2008@yahoo.com འདིའི་སྟེང་བསྐུར་ཡང་རུང་གང་ལྟར་ང་ལ་འབྲེལ་བ་ཞིག་གནང་རོགས་ཞུ། ངའི་ཁ་པར་ཨང་གྲངས་ནི ༩༨༠༥༣༤༤༧༨༩ ཡིན།
དངོས་གནས་བདེན་པ་རེད། དེང་སང་དྲ་ཐོག་ཏུ་ཡུལ་སྐད་གཙོ་བཟུང་གིས་འབྲི་མཁན་མང་པས་དེ་ནི་བོད་ཀྱི་སྐད་ཡིག་འདི་རྩ་མེད་དུ་བཟོ་མཁན་གྱི་དགྲ་བོའི་ངོ་མ་དེ་རེད། མི་དེ་ཚོའི་རང་སྐྱོན་ངོས་ཟིན་མེད་པར་བཟང་མདོག་གིས་ཆེད་དུ་བྲིས་བ་ནི་དོན་གྱི་བོད་ཡིག་འདིའི་ཁྱབ་ཆུང་ཆུང་དུ་བཏང་བཞིན་འདུག
ཡུལ་སྐད་སྤྱི་སྐད་དང་མ་བསྲེས་པར་འབྲི་བའི་རྩོལ་བ་གནང་གལ་ཆེ་བ་འདུག
ཐ་སྙད་ལ་འགྱུར་བ་འགྲོ་བ་འདི་ཡང་མི་རུང་བ་ཆེན་པོ་ཨེ་ཡིན་ནམ་བསམས། ང་ཚོས་བཤད་ཀྱིན་པའི་སྐད་ཆ་ཡིག་ཐོག་ཏུ་ཐད་ཀར་འཕབ་མི་ཐུབ་པས། སྐབས་འགར་ཚིག་གྱོང་བོ་འབྱུང་བའམ་བརྗོད་འདོད་པ་དེ་ལ་སིམ་པའི་བརྩེ་དུང་སོགས་རང་བཞིན་ཉམས་འགྲོ་གིན་འདུག་པས། ཁ་སྐད་ཐད་ཀར་ཡིག་ཐོག་ཏུ་འབྲི་བའི་སྲོལ་དར་བ་རེད་ལ། འདི་འང་མཐའ་གཅིག་ཏུ་དགག་མི་རུང་བ་འདྲ། དཔེར་ན། ང་ཚོས་ཁ་བརྡ་བྱེད་པའི་ཚེ། ཡིན་ནའང་ཟེར་བ་ལས་ཡིན་ནའི་ཟེར་བ་བཀོལ་ཚེ། ཕན་ཚུན་གྱི་བར་སྐད་སྐད་ཅིག་ཉིད་ལ་ཇེ་ཉེར་གཏོང་ནུས་པ་ལྟ་བུའོ། །