ཀརྨ་དགེ་ལེགས།
སྔོན་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས། །
ཡོད་མེད་གཉིས་སུ་ཐམས་ཅད་ཐག་བཅད་ནས། །
ནང་བའི་ལྟ་བ་གཏན་ལ་ཕབ་ཡོད་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ཡོད་པ་མིན་པས་མེད་པ་ཡིན་པར་འགྲུབ། །
མེད་པ་མིན་ན་ཡོད་པ་ཡིན་དགོས་ཞེས། །
ཡོད་མེད་བར་ནས་ཆོས་ཞིག་གསུངས་མེད་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
འགྲོ་བ་ཀུན་ལ་ཡོད་པའི་འདུ་ཤེས་རྣམས། །
སངས་རྒྱས་ཟིན་ཡང་ད་དུང་ཇི་བཞིན་དུ། །
ཐམས་ཅད་གཏན་ནས་འགྱུར་པ་མེད་གྱུར་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
མིག་དང་སྣ་བ་རྣ་ཤེས་ཚད་མ་ཡིན། །
དབང་བོ་འདི་ལས་ལྷག་པའི་ཚད་མ་ཞིག །
འཕགས་པའི་ས་ནའང་ཡོད་པར་མ་གསུངས་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ནི། །
དབང་བོ་དྲུག་གི་ནུས་པ་ལ་བརྟེན་ནས། །
ཐུན་མོངས་འགྲོ་བ་དག་གིས་གཞལ་ནུས་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
སྨྲ་བསམ་བརྗོད་ཡོད་ཤེས་རབ་ཕ་རོལ་ཕྱིན། །
སྐྱེ་ཞིང་འགག་པས་འདུས་བྱས་ངོ་བོ་ཅན། །
སྣ་ཚོགས་འགྲོ་བའི་སྤྱོད་ཡུལ་ཡིན་གྱུར་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
མངོན་སུམ་མཐོང་བའི་གཟུགས་ནི་སྟོང་བ་མེད། །
སྟོང་བའི་ངང་ལས་གཟུགས་སོགས་འཆར་བ་མེད། །
སྣང་སྟོང་ཕན་ཚུན་འགལ་བ་དངོས་ཡིན་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ཤིང་རྟའི་འཕང་ལོ་གཅིག་གི་སྟེང་དེ་ན། །
གྲངས་ལས་འདས་པའི་སེམས་ཅན་ཡོད་དོན་མེད། །
ཡོད་ན་མིག་གིས་མི་མཐོང་མི་སྲིད་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ནམ་མཁའི་ཉི་ཟླ་གཟའ་སྐར་འགྲོ་བ་དང་། །
ས་སྒང་གོ་ལ་མི་འཁོར་བརྟན་གནས་པ། །
ཀུན་ལ་མངོན་སུམ་སྣང་བཞིན་ཡིན་གྱུར་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
མདུན་ན་གནས་པའི་ཀ་བ་བུམ་པ་སོགས། །
སྐད་ཅིག་མི་རྟག་གཡོ་འགུལ་བྱེད་ཀྱིན་པ། །
མིག་གི་དབང་བོས་གསལ་བོར་མཐོང་ཐུབ་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ཆེ་བ་གོ་ལ་འཁོར་ཚུལ་ཇི་བཞིན་དང་། །
ཆུང་བ་ཕྲ་རབས་སྡུལ་གྱི་གྲུབ་ཚུལ་སོགས། །
དབང་བོ་དྲུག་གིས་གསལ་བོར་ཤེས་ཐུབ་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
དེང་རབས་འཕྲུལ་གྱིས་རམ་འདེགས་ཆུང་ཙམ་རེས། །
ཀུན་ལ་མངོན་སུམ་གྲུབ་པའི་ཚད་མ་དེའི། །
རྫུན་རྔ་ཕུལ་བའི་རང་མཚང་མི་ཞིག་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ལས་སྣང་མ་དག་འགྲོ་ལ་གནོད་ཐུབ་པའི། །
འབྱུང་ལྔ་སོགས་ཀྱིས་ཀུན་ལ་གནོད་སྐྱེལ་ཕྱིར། །
ཡུམ་ཆེན་ལྔ་རུ་གྲུབ་ཚུལ་མེད་གྱུར་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
གཡག་རྭ་ཆེ་རུ་མ་སོང་གཡག་རྭའི་ནང་། །
མི་ལ་ཆུང་དུ་མ་སོང་བཞུགས་པ་ཡི། །
གཏམ་དེ་རྫུན་པ་ཡིན་པར་ཐག་ཆོད་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་དག །
ཡོད་པར་གསུངས་པ་བདེན་པ་མ་ཡིན་ཞིང་། །
ཆེ་ཆུང་རོ་མཉམ་འགྱུར་ཚུལ་མེད་གྱུར་ན། །
ཐ་སྙད་ཚད་མས་གྲུབ་པ་ཅིའི་མི་འདོད། །
ཞེས་པ་འདི་ནི་ཁོ་བོ་ཀརྨ་དགེ་ལེགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་སོགས་དབུ་མའི་གཞུང་དུ་མར་ལྟ་ཁུལ་ཙམ་བྱས་ནས་བྲིས་པ་ཡིན་ནོ།།
།།
ལེགས་པ་ལ། ཁྱོད་ཀྱི་གསུང་བ་དེ་དེ་བཞིན་ནོ། བདག་དགའོ། སེམས་སྐྱིད་དོ།
ཐ་སྙད་ཚད་གྲུབ་རྗེ་ཡིས་གསུངས། །
རང་སྟོང་གཞན་སྟོང་གཞན་གྱིས་བཤད། །
ཡོད་པས་སྟོང་དང་མེད་པས་ཡོད། །
ཡོད་མེད་གཉིས་སྟོང་ང་ཡི་ལུགས། །
ཐ་སྙད་ཚད་གྲུབ་ཅེས་པ་ནི། །
འགྲོ་བ་སོ་སོའི་སྣང་ངོ་རུ། །
རེ་ཞིག་ལྟོས་ནས་བཞག་པ་ཙམ། །
མཐར་ཐུག་དོན་ལ་གྲུབ་པ་མིན། །
ཀརྨ་རྡོ་རྗེ་ལགས།
ཡོད་པས་སྟོང་དང་མེད་པས་ཡོད། །ཡོད་མེད་གཉིས་སྟོང་ང་ཡི་ལུགས། །
ཚིག་འདི་ལ་ཚིག་འགྲེལ་ཁ་གསལ་རེ་ཡོད་ན་ཕྲིས་མ་གཏོགས་ངས་འགྲེལ་ལོག་རྒྱག་གིན་ཡིན་ད།
རྩམ་དགའ་ལགས།
ཐ་སྙད་དུ་ཡོད་ཙམ་གྱིས་སམ་གཞན་ལ་བརྟེན་ནས་བཏགས་ཙམ་དུ་ཡོད་པས་སྟོང་པ་དང་། གཞི་གང་ཡང་རུང་བ་ཞིག་གི་དེའི་སྟོང་པའམ་སྟོང་ཉིད་དེ་དེའི་ཡོད་སྟངས་ཡིན་ཀྱང་དེ་ཡོད་པ་དེ་མ་ཡིན་པས་ན་སྟོང་པས་ཐ་སྙད་པའི་ཚད་མའི་ངོར་ཡོད་པ་ཙམ་གྲུབ་པས་སོ། རྟེན་འབྲེལ་གྱིས་སྟོང་པར་རྟོགས་པ་མ་ཟད་སྟོང་པས་རྟེན་འབྱུང་ལ་ངེས་ཤེས་ལྷག་པར་དྲོངས་པས་སོ།
གསར་མ་༸རྗེ་ཡིས་ཐ་སྙད་ཚད་གྲུབ་གསུངས་པའི་དགོས་དོན་ནི། །
སྐྱེས་བུ་དམན་པ་ང་དང་ང་འདྲར་ལས་འབྲས་སྲུངས་ཕྱིར་ཡིན། །
རྙིང་ལུགས་རྫོགས་ཆེན་གཞུང་ནང་ཅི་ཡང་མེད་པ་སྟོན་དོན་ནི།
དག་ས་འོད་གསལ་ངང་ལ་ལས་འབྲས་ཀ་ནས་དག་ཕྱིར་གསུངས། །
གསར་རྙིང་བོད་བསྟན་ཡུན་གནས་ཤོག །
ཨ་ཁ་ཁ། ད་ཡིན་ན་ཁྱོའི་འགྲེལ་ཆུང་འདིས་བླུན་རྒན་ངའི་མགོ་བརྒྱ་འགྱུར་གྱིས་ཇེ་རྨོངས་སུ་གཏོང་གིན་འདུག
གང་ལྟར་ལྷག་བསམ་རྣམ་དག་གིས་འགྲེལ་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།
སྣང་བའི་ཡོད་གོ་ཆོད་པ་དང།།
སྟོང་བའི་མེད་གོ་ཆོད་པ་ཡི།།
ལུགས་འདི་ལ་ནི་མཁས་པ་རྣམས།།
དགྱེས་པའི་ལེགས་བཤད་རྨད་དུ་བྱུང།།
་་་་པས་ཞེས་པ་རྟགས་སམ་རྒྱུ་མཚན་གྱི་ཚིག་ཡིན་པས་ན། གཞི་གང་ཡང་རུང་བ་ཞིག་གི་རང་གི་དགག་ཕྱོགས་ནས་དཔྱད་དུས་རང་གི་ངོ་བོ་བཙལ་ནས་དེའི་གདགས་གཞིའམ་བཏགས་ཆོས། རྒྱུན་གྱི་ཆ་ཤས་སམ་ཆ་ཅན་གང་ལའང་མ་རྙེད་ཀྱང་ཡོད་ནི་ཡོད་པས་སྟོང་པའོ། དེའི་གྲུབ་ཕྱོགས་ནས་རང་གི་ངོ་བོ་གཞན་ལ་མ་ལྟོས་པར་རང་དབང་བའམ་རང་ཚུགས་སུ་མེད་ཀྱང་རྩ་ཆད་སྟོང་པ་མེད་པ་མ་ཡིན་པས་ན་སྟོང་པས་ཐ་སྙད་དུ་ཡོད་པ་ལ་ངེས་ཤེས་གསར་པ་རྙེད་པས་སོ། །
རྩོད་ཟློག་ལས།
གང་ལ་སྟོང་ཉིད་འདི་སྲིད་པ།།
དེ་ལ་དོན་རྣམས་ཐམས་ཅད་སྲིད།།
གང་ལ་སྟོང་ཉིད་མི་སྲིད་པ།།
དེ་ལ་ཅི་ཡང་མི་སྲིད་དོ།།
གང་ཞིག་སྟོང་དང་རྟེན་འབྱུང་དང་།།
དབུ་མའི་ལམ་དུ་དོན་གཅིག་པར།།
གསུང་མཆོག་མཚུངས་པ་མེད་ཡི།།
སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པས་སྟོང་བ་དང་རྟེན་འབྱུང་གཉིས་ཀ་རྗེ་རིན་པོ་ཆེ་གཅིག་བུས་གསུངས་པ་ཞིག་ག་ལ་ཡིན།
གཞན་ཡང་། ཀརྨ་དགེ་ལེགས་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཅེས་བཀོད་ན་རིགས་པའི་རྒྱལ་བོ་རྟེན་འབྲེལ་གྱི་གཏན་ཚིག་ཡིན་པས། གལ་ཏེ་ཐ་སྙད་ཚད་གྲུབ་མེད་ན་ནི་གཏན་ཚིག་འདི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ།།
་་་་་་་་་་་་རྟགས་ཀྱི་ངོ་བོ་མེད་བར་ཐལ། རྟགས་ཀྱི་རང་བཞིན་མེད་པའི་ཕྱིར་དང་།
་་་་་་་་་་་་རྟགས་དེ་ཡོད་ཀྱང་རྟགས་དེ་ཐ་སྙད་ཚད་གྲུབ་དུ་མེད་ཅེས་ན་ལེན་ཅི་ཡོད།
ཀར་དགེའི་དགོངས་རྒྱན་དབུ་དཞུང་ལྟ་ཁུལ་ལ་འགོག་ཁུལ་བཞི་ལ་གཅིག་གཅོད་མ་བཞུགས་སོ། །
ཐུགས་བརྩེའི་གཞན་དབང་ཤཀྱཱ་མུཎི་ཡིས། །
༡༽ ཡོད་མེད་བར་ན་སྟོང་ཉིད་གསུངས། །
༢༽ ཡིན་མིན་བར་ན་བདེན་མིན་གསུངས། །
༣༽ སོ་འཕགས་བར་ན་སྒྱུ་མ་གསུངས། །
༤༽ མིག་གཉིས་བར་ན་མངོན་ཤེས་གསུངས། །
༥༽ མིག་ཡེ་བར་ན་དབང་ནུས་མེད། །
༦༽ བརྗོད་མེད་སྣ་ཚོགས་སྤྱོད་ཡུལ་མིན། །
༧༽ སྣང་སྟོང་འགལ་བ་རྟག་ཆད་ལྷུང་། །
༨༽ ཡོད་ཚད་མིག་མཐོང་རྒྱང་འཕེན་ལུགས། །
༩༽ ཀུན་ལ་སྣང་བ་རང་སྣང་དག །
༡0༽ མི་རྟག་མིག་མཐོང་མིག་ཉིད་འཁྲུལ། །
༡༡༽ ཕྲ་རྡུལ་མིག་མཐོང་དེ་ཡང་འཕྲུལ། །
༡༢༽ སྐོག་མེད་ཚན་རིག་རང་མཚང་ཉིད། །
༡༣༽ སྔགས་ལམ་མེད་ན་ཡུམ་ཆུངའང་མེད། །
༡༤༽ ཕྱི་རོལ་པ་ལའང་རྫུ་འཕྲུལ་ཡོད། །
༡༥༽ གཅིག་སྟེང་དེ་སྙེད་སངས་རྒྱས་ཡོད། །
ཆོས་གྲགས་ཆ་པ་རྒྱས་འགྱུར་ཅིག། །
ཀརྨ་རྡོ་རྗེ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའི་གཏན་ཚིགས་དང་། ཀརྨ་རྡོ་རྗེ་ཆོས་ཅན། བདེན་པར་མེད་དེ། རི་བོ་རྭ་ཡིན་པའི་ཕྱིར་ཟེར་བའི་རྟགས་གཉིས་ལ་རྟགས་ཡང་དག་ཡིན་མིན་ཁྱད་པར་གང་ན་ཡོད། གཉིས་ཀ་ཡང་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་མཚུངས་པའི་ཕྱིར།
ཐ་སྙད་དུ་ཡོད་ནས་ཐ་སྙད་ཚད་གྲུབ་མེད་ཟེར་བ་འདི་ཅི་རེད། ཐ་སྙད་ཚད་གྲུབ་ཟེར་བ་ཐ་སྙད་བདེན་པ་མཇལ་བའི་ཚད་མའི་ངོར་གྲུབ་པ་ལ་ཐ་སྙད་ཚད་གྲུབ་ཟེར་བ་མིན་ནམ། ཡང་ཐ་སྙད་པ་མཇལ་བའི་ཚད་མའི་ངོར་གྲུབ་པ་མེད་ན་ཐ་སྙད་བདེན་པ་ཡོད་པར་ཇི་ལྟར་ཤེས།
རྩོད་ཟློག་ལས།
གང་ལ་སྟོང་ཉིད་འདི་སྲིད་པ། །
དེ་ལ་དོན་རྣམས་ཐམས་ཅད་སྲིད། །
རྩོད་ལན་ལ།
ཁྱེད་རང་ངོ་བོ་བདེན་ཡོད་ལ། །
དེ་ལ་རྟགས་རྣམས་མ་གྲུབ་ཉིད། །
ཡུན་རིང་བོ་དྲ་ཐོག་ཏུ་ལྟ་མ་ཐུབ།
ཐ་སྙད་མ་སྙད་ཟོག་ནི་ངས་མི་ཤེས། །
ཚད་མས་དམིགས་དུས་ཡོད་ནི་ཡིན་རྒྱུ་རེད། །
མེད་པ་གཅིག་ལ་དམིགས་རྒྱུ་ཡོད་སོང་ན། །
ཡོད་དང་མེད་ཅེས་ཐ་སྙད་འདི་མི་དགོས། །