(ཀན་སུའུ) ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་། རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།
དེ་རིང་དྲ་ལམ་ན“རི་སྐྱེས་སྲོག་ཆགས”དང“བྱེས་སྐྱེས་སྲོག་ཆགས”ཞེས་པའི་ཐ་སྙད་གཉིས་གྱོད་ལ་ཆད་འདུག ཁྱོད་རང་ཁྲིམས་དཔོན་ཞིག་ཡིན་པའི་ཆ་ནས་གྱོད་དེ་བཤད་དགོས་ཞེས་གྲོགས་པོ་འགའ་རེས་ཀུ་རེའི་ཚུལ་དུ་ལབ་བྱུང་། ཞིབ་ཏུ་བསམས་ན། དེ་ནི་ཐ་སྙད་གཉིས་ཀྱི་ཀླན་ཀ་ཙམ་མ་ཡིན་པར། དུས་རབས་གསར་བའི་བོད་ཀྱི་ཤེས་ཡོན་པ་ཚོས་རང་གི་མི་རིགས་དང་རིག་གནས་ལ་བཅངས་པའི་བརྩེ་སེམས་ཀྱི་ཟེགས་མ་འཐོར་བཞིན་པ་མ་ཡིན་ནམ་སྙམ་ནས། ངས་ཀྱང་དེ་ལ་དོ་སྣང་མི་བྱེད་ཀ་མེད་བྱུང་།
ཐ་སྙད་དེའི་འབྱུང་ཁུངས།
ཤེས་གསལ་ལྟར་ན། ཀྲུང་གོ་བོད་ཀྱི་དྲ་བས། 2020 ལོའི་ཟླ2ཚེས27ཉིན། 《བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཞེས་པ་ཞིག་སྤེལ་བ་དང་། དེ་ལོ་ཙཱ་བྱེད་མཁན་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཡིན་པ་གསལ། ལས་ཁུངས་དེ་ནི་མིག་སྔར་བོད་ལ་ཆེས་མཐོ་བའི་མི་རིགས་སྐད་ཡིག་ལོ་ཙཱ་བྱེད་ས་ཉག་གཅིག་ཡིན་པས། དེས་ལོ་ཙཱ་བྱས་བྱས་ཚང་མ་ཚད་མར་འཛིན་བཞིན་མཆིས་མོད། འོན་ཀྱང་། ད་ཐེངས་ཐ་སྙད་དེ་ཚ་ཚ་འུར་འུར་གྱི་རླུང་ལ་བསྐུར་དོན་ནི་མ་ཡིག་གཅིག་ལ་འགྱུར་ཡིག་གཉིས་བྱུང་བའི་རྐྱེན་ཡིན་པ་འདྲ། བཅའ་ཁྲིམས་འདི་ཉིད1988ལོར་ལག་བསྟར་བྱས་པ་དང་། 2004ལོ་དང2009ལོ། 2016ལོ། 2018ལོ་བཅས་ཐེངས་བཞི་ལ་དག་བཅོས་བྱས་མྱོང་། སྔོན་ཆད་ཀྱི་བོད་འགྱུར་མའི་ནང་དུ་རྒྱ་ནག་སྐད་དུ野生动物ཞེས་པ་ལ་བོད་སྐད་དུ“རི་སྐྱེས་སྲོག་ཆགས”ཞེས་བསྒྱུར་ཡོད་པ་དང་། 2018ལོར་དག་བཅོས་བྱས་རྗེས་ཀྱི་བོད་འགྱུར་མའི་བཅའ་ཁྲིམས་དེ་ལས“བྱེས་སྐྱེས་སྲོག་ཆགས”སུ་བསྒྱུར་འདུག དེ་ནི་ལས་ཁུངས་གཅིག་ནས་སྔ་ཕྱིར་འགྱུར་ཡིག་མི་འདྲ་བ་གཉིས་ཐོན་བྱུང་བས། ན་གཞོན་རྣམས་བླང་དོར་གྱི་གནས་ལ་རྨོངས་པར་གྱུར་བ་ལོས་ཡིན་སྙམ།
ཐ་སྙད་དབྱེ་ཞིབ།
《དག་ཡིག་གསར་བསྒྲིགས》ནང་དུ། བྱེས་ནི་རང་ཡུལ་དང་བར་ཐག་རིང་བའི་གནས་ཀྱི་མིང་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་དང་། “གཞིས་པ་བྱས་པ་གཞིས་གོ་ཆོད། བྱེས་པ་བྱས་ན་བྱེས་གོ་ཆོད”ཅེས་དཔེར་བརྗོད་དང་བཅས་བྱེས་ནི་འགྲོ་བ་མིའི་རིགས་གང་ཞིག་རང་ཡུལ་དང་བར་ཐག་རིང་དུ་གྱེས་ནས་བྱ་བ་བྱེད་པ་ཁོ་ན་ལ་འཇུག་པ་གསལ་བོར་བསྟན་ཡོད། མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《རྒྱ་བོད་ཤན་སྦྱར་ཚིག་མཛོད》ནང་དུ“野生动物”ལ་རི་དྭགས་སམ་རི་སྐྱེས་སྲོག་ཆགས་སུ་བསྒྱུར་ཡོད་པ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད》ནང་དུ“རི་སྐྱེས་སྲོག་ཆགས”ཞེས་བསྒྱུར་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ནང་དུ“རི་སྐྱེས་སྲོག་ཆགས”ཞེས་བསྒྱུར་འདུག དེ་དག་གི་ཚིག་འགྲེལ་དུ་མིས་གསོ་སྙོར་ལ་མ་ལྟོས་པའི་སྲོག་ཆགས་ལ་ཟེར་ཏེ། རྩྭ་གཟན་རིགས་ལ་རི་དྭགས་དང་ཤ་གཟན་རིགས་ལ་གཅན་གཟན་ཟེར་རོ། ། དེའི་ཕྱིར་རྒྱ་ནག་སྐད་དུ“野生动物”ཞེས་པ་ལ་བོད་སྐད་དུ་བྱེས་སྐྱེས་སྲོག་ཆགས”ཟེར་བ་ནི་ཅིས་ཀྱང་ར་མགོ་ལུག་སྦྱར་དུ་ཆགས་འདུག་སྙམ།
འགྱུར་སྐྱོན་གླེང་བ།
“བྱེས་སྐྱེས་སྲོག་ཆགས”ཞེས་པ་ལ་མ་མཐའ་ཡང་འགྱུར་སྐྱོན་ལྔ་ཙམ་ཡོད་དེ། སྒྱུར་མཁན་གང་ཞིག་གིས་བསྒྱུར་མྱོང་བའི་འགྱུར་ཡིག་སྔ་མ་སྔ་མའི་ནང་དུ“རི་སྐྱེས་སྲོག་ཆགས”ཞེས་བསྒྱུར་ཡོད་བཞིན་དུ། ཐེངས་འདིར“བྱེས་སྐྱེས་སྲོག་ཆགས”ཞེས་བསྒྱུར་བཅོས་བྱེད་དོན་ནི་ཀུན་སློང་ག་འདྲ་ཞིག་ཡིན་པ་མ་ཤེས་ཀྱང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་ནས་དག་བཅོས་བྱས་པའི་ཁྱབ་ཁོངས་ནང་དུ་ཐ་སྙད་བསྒྱུར་བཅོས་བྱ་རྒྱུ་མི་འདུ་བ་ཁོ་ཐག་ཡིན་པས། སྒྱུར་པ་པོས་རང་སྣང་གང་ཤར་གྱིས་བཅོས་པ་ཡིན་པ་མངོན་གསལ་རེད། དེ་དང་དེ་ལྟ་བུ་ནི་བཅའ་ཁྲིམས་དེ་ཉིད་ཀྱི་གཏན་ཆགས་རང་བཞིན་དང་ཀློག་པ་པོ་རྣམས་ལ་འགན་མི་འཁུར་བའི་ཁ་བརྒྱ་མགོ་བརྒྱ་དང་ཁྲིམས་མེད་ལུགས་མེད་ཀྱི་སྒྱུར་སྲོལ་ཞིག་ཡིན་པས་ཁྲིམས་འགལ་གྱི་སྐྱོན་ཡོད་པ་དང་གཅིག
ཡིག་སྐད་དུ་གཞིས་བྱེས་ཞེས་པ་དེ་ཨ་མདོའི་ཁ་སྐད་དུ་རི་ཡུལ་གཉིས་ཀ་ལ་འཇུག་ཚུལ་ཡོད་ཀྱང་། དེའི་སྐབས་ཀྱི་རི་ནི་རི་མགོའི་དོན་མ་ཡིན་ལ་རི་དྭགས་ཀྱི་དོན་དེ་བས་ཀྱང་མ་ཡིན་པར། རང་ཡུལ་དང་རྒྱང་ཐག་རིང་བའི་གནས་ཙམ་ཁོ་ན་སྟོན་པའི་སྒྲ་ཡིན། དེ་བས་ཐ་སྙད་དེ་ལ་མ་ཡིག་གི་བསྟན་དོན་ལ་ཞིབ་ཏུ་མ་དཔྱད་པར། མིའི་འཚོ་བ་ལ་འཇུག་པའི་ཐ་སྙད་ཅིག་ཨུ་ཚུགས་སྒོས་སྲོག་ཆགས་ཀྱི་ཐད་ལ་ར་མགོ་ལུག་སྦྱར་བྱས་པའི་འགྱུར་སྐྱོན་ཡོད་པ་དང་གཉིས།
ལུང་དང་རིགས་པས་དེད་ན་བོད་ཀྱི་ཐ་སྙད་འཇོག་སྟངས་ལ་མི་མཐུན་ཞིང་། སྔོན་བྱུང་མིང་མཛོད་དང་ཆེད་ལས་བརྡ་ཆད་ལ་རྒྱབ་འགལ་ཏུ་གྱུར་ཡོད་པས། བཀོལ་སྤྱོད་སྟབས་བདེ་མིན་པ་དང་ནང་དོན་ལོག་འགྲེལ་དུ་འགྱུར་སླ་བ། བོད་ཀྱི་སྐད་ལ་བརྗོད་མི་བདེ་བ་སོགས་ཀྱི་སྐྱོན་ཡོད་པ་དང་གསུམ།
རི་སྐྱེས་སྲོག་ཆགས་ཞེས་པ་ནི་ཁྲིམས་རིག་པའི་བརྡ་ཆད་ཅིག་ཡིན་པའི་ཆ་ནས་དེ་ལ་གཏན་ཆགས་རང་བཞིན་ལྡན་ཞིང་། ཐ་སྙད་གཞན་དང་མ་འདྲེས་པ། རང་ཚུགས་ཐུབ་པ། ཚིག་ཉུང་ཞིང་དོན་འདུས་པ་བཅས་ཀྱི་ཁྱད་ཆོས་ཡོད་དེ། མདོ་དབུས་ཁམས་གསུམ་གྱི་བོད་རིགས་མང་ཚོགས་ཚང་མས་དཀྱུས་གཅིག་ཏུ་དེ་ལ་དེ་ལྟར་དུ་བརྗོད་ལོབས་སུ་སོང་ཡོད་བཞིན་དུ། བྱེས་སྐྱེས་སྲོག་ཆགས་ཞེས་བཅོས་ན། སྤྱི་ཚོགས་བྱིངས་ཀྱི་བརྗོད་ལུགས་དང་ཡང་མི་མཐུན་པས། མང་ཚོགས་ཀྱི་བློ་ཁ་ལས་འགོངས་པའི་སྐྱོན་ཡོད་པ་དང་བཞི།
བྱེས་སྐྱེས་སྲོག་ཆགས་ཞེས་པའི་ཐ་སྙད་ཅིག་སྔ་རབས་བོད་ཀྱི་མིང་མཛོད་དག་ཏུ་བྱུང་མ་མྱོང་ཞིང་། དེང་རབས་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ནང་དུའང་མཇལ་རྒྱུ་མ་བྱུང་ཕྱིར། དེ་ནི་བྱིས་པ་མ་རབས་ཤིག་གིས་རང་སྣང་གང་ཤར་དུ་བློ་བཟོ་བྱས་པ་ལོས་ཡིན་སྙམ་པའི་འདུ་ཤེས་ཤིག་སྟེར་བས་ན་དེ་ལ་ད་རུང་བྱིས་བློའི་དྲན་སྣང་གི་སྐྱོན་ཡོད་པ་དང་ལྔ་བཅས་ཀྱི་སྒོ་ནས་བལྟས་ན། རྒྱ་ནག་སྐད་དུ野生动物ཞེས་པ་དེ་བོད་སྐད་དུ“བྱེས་སྐྱེས་སྲོག་ཆགས”ཞེས་སུ་བསྒྱུར་བ་ནི་དོན་གྱིས་འཆལ་ཞིང་མིང་གིས་འཆུག་པའི་ནོར་འཁྲུལ་ཞིག་ཡིན་པར་སེམས་སོ། །
རྗེས་རབས་པ་རྣམས་ཀྱིས་ཐ་སྙད་གསར་བཟོ་བྱེད་པ་དང་ཁྲིམས་ལུགས་བརྡ་ཆད་བཀོལ་སྤྱོད་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་བརྡ་ཆད་ཚད་གཞི་དང་བསྟུན་དགོས་ཤིང་། ངེས་པར་དུ་བོད་སྐད་ཀྱི་བརྗོད་ལུགས་དང་བསྟུན་དགོས། ངེས་པར་དུ་ཚད་ལྡན་མིང་མཛོད་ལས་བྱུང་བ་རྣམས་ཚད་མར་འཛིན་དགོས་ཤིང་། ངེས་པར་དུ་རང་གི་མང་ཚོགས་ལ་ཡང་དག་པའི་གོ་བརྡ་འཕྲོད་དགོས། དེ་ལྟར་མ་བྱས་ཚེ་མི་སུམ་ཅུ་བསམ་པ་སུམ་ཅུ་དང་། མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་ཟེར་བ་ལྟར། རང་སྣང་གང་ཤར་དུ་ལོ་ཙཱ་བྱས་ཚེ་ནམ་ཡང་ཐ་སྙད་གཅིག་གྱུར་ཡོང་མི་སྲིད་ལ། བོད་ཡུལ་བདེ་འཇགས་དང་དཔལ་འབྱོར་གོང་འཕེལ་ཐད་ལའང་གནོད་པ་དང་འགལ་རྐྱེན་དུ་མ་འབྱུང་སྲིད་པས་གཟབ་གཟབ་གང་ལེགས་བྱ་རྒྱུ་གལ་ཆེའོ། །
རི་སྐྱེས་དང་བྱེས་སྐྱེས་གོ་དོན་ལས་རྒྱང་རིང་ཙམ་བསྟན་ཡོད། མི་མང་གི་ཡུན་རིང་གོམས་སྲོལ་ལ་རི་སྐྱེས་བེད་སྤྱོད་ཡོད་པས་བྱེས་སྐྱེས་ཟེར་བ་འདི་མིག་ལ་མི་བདེ་བ་ཞིག་འདུག