བེ་རི་རིག་པའི་རྡོ་རྗེས།
དེ་ཡང་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་ལས། “ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགོད་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།།” ཅེས་གསུངས་པ་ལྟར། ཉེ་ཆར་བཙན་བྱོལ་བོད་མིའི་སྐབས་ ༡༦ སྤྱི་འཐུས་ཚོགས་དུས་ ༩ པའི་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༥ པར། “རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་དུས་ད་ལྟའང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྩིས་མེད་པ་ནི། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་འཕྲོག་པ་དང་། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ། བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ། ཁ་བྲལ་ལ་ངོ་རྒོལ་རྒྱུན་མཐུད་བྱ་རྒྱུ་ཡིན་གནས། ཁྲིམས་ལུགས་དང་རྩ་འགལ་གྱི་བྱ་རིམ་བརྒྱུད་” ཅེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་ལེགས་མོད། ཡིན་ན་ཡང་གཞན་ལ་སྐྱོན་བརྗོད་མ་བྱས་པའི་སྔོན་དུ་རང་ལ་སྐྱོན་དེ་དག་ཡོད་མེད་བསམ་གཞིགས་བྱེད་རྒྱུ་དེ་བས་ཀྱང་གལ་ཆེ།
བཙན་བྱོལ་སྒྲིག་འཛུགས་རང་གི་བཅའ་ཁྲིམས་དང་། དེ་ལག་བསྟར་བྱེད་ཕྱོགས་གཉིས་ཀྱི་ཐོག་ནས་མི་རིགས་དང་ཆོས་ལུགས་བར་དབྱེ་འབྱེད་ཚད་ལས་འདས་པ་བྱས་ཡོད། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟེར་བའི་དོན་ཚན་གཉིས་པ། ཁྱབ་ཚད་ཅེས་པར། “བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་དང་། ཡང་། “དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་དང་མཐུན་པར་ཡིད་འཕྲོག་པ་ཞིག་བཤད་ཡོད་མོད། ཡིན་ན་ཡང་གཤམ་དུ་ཁྲིམས་དང་ལག་ལེན་གཉིས་ཀྱི་ཐོག་ནས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། དཔེར་ན། དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ་ཞེས་པར།
“༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།
ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་པའི་ཐོབ་ཐང་མེད་པ་ཁྲིམས་ཐོག་ནས་ཁ་གསལ་གྱིས་ཐག་གཅོད་བྱས་ཡོད།
ཡིན་ན་ཡང་། “ནང་འགལ་གྱི་བཤང་ལྕིའི་ཁྲོད་ན་བདེན་དོན་གྱི་དྲི་ཞིམ་མེད་”ཟེར་བའི་དཔེ་ལྟར། དོན་ངོ་མར་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཡང་བོད་ཀྱི་ཡུལ་མི་སྤྱི་མཚུངས་བཞིན། རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ལང་པ་དང་། རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་འདེམས་བྱེད་པའི་ཐོབ་ཐང་ཡོད་པ་ཁྲིམས་ཐོག་ན་གསལ་བོར་འཁོད་ཡོད། དཔེར་ན། དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས་ཞེས་པར། “སྤྱི་འཐུས་ཀྱི་འོས་གཞིར་གཞུག་པ་ལ།
༡ བོད་ཀྱི་ཡུལ་མི་ཡིན་པ།
༢ རང་ལོ་ ༢༥ ཧྲིལ་པོ་ལོན་པ།
༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
༦ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་” ཞེས་སོགས་ཏེ། བོད་ཀྱི་ཡུལ་མི་རང་ལོ་ ༢༥ ཧྲིལ་བོར་ལོན་པ་ཡན་ལ་སྤྱི་འཐུས་ཀྱི་འོས་གཞིར་ལང་རྒྱུའི་ཐོབ་ཐང་ཡོད་ལ། དེ་བཞིན་འོས་འཕེན་གྱི་ཐོབ་ཐང་ཡང་བོད་མི་རང་ལོ་ ༡༨ ཡན་ལ་ཆོས་ལུགས་དང་། རིགས་རུས། ཕོ་མོ། སྐྱེ་ཁོངས་བཅས་ཀྱི་དབྱེ་བ་མེད་པར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་ཚུལ་གསལ་བོར་འཁོད་ཡོད། དེ་ལྟར་གསལ་བོར་ཡོད་བཞིན་དུ་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པར་བཟོས་པ་ནི། མི་རིགས་དང་ཆོས་ལུགས་དབྱེ་འབྱེད་བྱེད་ཚུལ་དེ་ཡན་མེད་པ་ཞིག་ཡིན་ལ། རང་གིས་གཏན་ལ་ཕབས་པའི་ཁྲིམས་ལུགས་སམ་བཅའ་ཁྲིམས་དང་རྩ་འགལ་ཆགས་ཡོད།
དེར་བརྟེན་ངས་ཁྱེད་ཚོར་འདི་ནས་དྲན་བསྐུལ་ཞིག་བྱེད། གལ་ཏེ་ཁྱེད་ཚོས་མུ་མཐུད་དུ་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་སྲིད་བྱུས་རྒྱུན་འཁྱོང་གནང་འདོད་ཡོད་ན། གོང་གི་“བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་དང་། དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་དང་། སྤྱི་འཐུས་ཀྱི་འོས་ཆོས་ཞེས་པ་སོགས་ལ་“ཇོ་ནང་པ་མ་ཡིན་པ་”ཞེས་པའི་ཚིག་དུམ་འདི་ཁ་སྣོན་བྱོས་དང་། ཁྱེད་རྣམ་པར་བཤད་ཕོད་ལ་བསྒྲུབ་ཀྱང་ཐུབ་པའི་སྙིང་སྟོབས་ཡོད་པ་མཚོན་ཐུབ་ཅིང་། དེ་ནས་བཟུང་ཁྲིམས་ཐོག་ནས་ཇོ་ནང་པ་རྣམས་རྒྱང་འབུད་བཏང་བ་ཡིན་ལ། དབྱེ་འབྱེད་སྲིད་བྱུས་དེ་ཁྲིམས་མཐུན་ཆགས་པ་རེད། དེ་མིན་སྐབས་ལ་ལར་ཐོབ་ཐང་འདྲ་མཉམ་ཡིན། ཡང་སྐབས་ལ་ལར་ཐོབ་ཐང་མེད་ཅེས་སྨྱོན་པའི་ངག་འཆལ་ལྟར་བཤད་བསྡད་ན་ཁུངས་སྐྱེལ་ཐུབ་པའི་གནས་སྟངས་ཤིག་ཡོང་དཀའ།
དེ་བས་ཀྱང་ཉེ་ཆར་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཁང་ནས་ཇོ་ནང་པ་རྣམས་ལ་ཕྱི་ལོ་ ༢༠༢༠།༣།༡༦ འཁོད་པའི་ཡ་ང་བའི་ཐག་གཅོད་ཀྱི་བཀའ་ཡིག་ཞིག་འབྱོར་བའི་ནང་དུ། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་ལྷུག་པོར་གནང་མཐར། དེ་སྔའི་བཞུགས་མོལ་ཚོགས་འདུར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཟིན་པ་ལྟར་གྲོས་ཚོགས་ནང་འཁུར་མི་དགོས་པ་གནང་རྒྱུ་དང་། དེ་ཡང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་རིང་གྲོས་ཚོགས་ནང་འཁུར་མི་དགོས་པ་མ་ཟད། བཞུགས་མོལ་ཚོགས་འདུའི་ནང་ལའང་འཁུར་མི་དགོས་པ་བཅས་ལ་ཐག་གཅོད་གནང་ཡོད་པ་དང་། དེའི་རྗེས་སླར་ཡང་གོང་གསལ་སྙན་ཞུའི་ནང་དོན་གཅིག་མཚུངས་ཀྱི་ ༢༠༡༩།༩།༡༩ འཁོད་ཞུ་སྙན་ཕུལ་འབྱོར་ཐད་ལའང་གཅིག་མཚུངས་ཞུ་དགོས་བཅས་བཀའ་ཕེབས་སོང་བ་དེ་དོན་དགོངས་འཇགས་ཞུ།” ཞེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་བོད་ཀྱི་ཡུལ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་འཐབ་རྩོད་ཀྱི་གནད་དོན་དེ་ཉིད། སྐབས་ ༡༦ སྤྱི་འཐུས་གྲོས་ཁང་དུ་ཡོང་ས་མེད་པ་མ་ཟད། སླད་ཕྱིན་ཡང་གལ་ཏེ་ཇོ་ནང་པའི་སྙན་ཞུ་འབྱོར་བ་ཡིན་ན། གྲོས་ཁང་ནས་གོང་དང་གཅིག་མཚུངས་ཀྱི་བཀའ་ལན་ཕེབས་དགོས་ཞེས་བརྒྱ་ཐག་གཅིག་ཆོད་བྱས་ཡོད་པས། ད་ནས་བཟུང་བྱེས་སྡོད་ཇོ་ནང་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཁང་ལ་ཐོབ་ཐང་འཐབ་རྩོད་ཀྱི་སྙན་ཞུ་དང་། རེ་འབོད་ཞུ་རྒྱུའི་གོ་སྐབས་མཇུག་རྫོགས་པ་ངོས་འཛིན་བྱས་ནས། གྲོས་ཁང་གི་ཐག་གཅོད་བཀའ་ཡིག་དེ་གཞི་བྱེས་ཇོ་ནང་པ་ཡོངས་ལ་མ་གོ་མ་ཐོས་པ་མེད་པ་བྱས་ཏེ། དེའི་མཇུག་འབྲས་ཆ་ཚང་བཙན་བྱོལ་སྤྱི་འཐུས་གྲོས་ཁང་ནས་གཙང་ཁུར་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དགོས།
ད་དུང་བཙན་བྱོལ་ཁྲོད་བཞུགས་ཇོ་ནང་པ་རྣམས་ཀྱིས་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཁང་ལ་རེ་བསྐུལ་བྱས་པའི་བརྒྱུད་རིམ་དང་། ལྷག་པར་དུ་དེ་རིང་གི་ཐག་གཅོད་བཀའ་རྒྱ་འདི་ཉིད་རྒྱ་དབྱིན་སོགས་སྐད་ཡིག་གཞན་གྱི་ཐོག་བསྒྱུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཉམ་དུ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་དང་འབྲེལ། རབ་བྱུང་ན་འཛམ་གླིང་མཉམ་འབྲེལ་རྒྱལ་འཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་སམ། ཡང་ན་ཨ་རིའི་མི་སེར་ཡིན་པའི་ཇོ་ནང་པ་རྣམས་ཀྱིས་རང་རང་གི་ཐོབ་ཐང་བེད་སྤྱོད་བྱས་ནས། ཨ་རིའི་ཆོས་དད་རང་དབང་ལྷན་འཚོགས་སུ་ཞུ་གཏུག་གི་ལས་འགུལ་རྣོ་ངར་ལྡན་པ་སྤེལ་རྒྱུ་ལས་ཐབས་གཞན་མེད་པ་བཙན་བྱོལ་སྤྱི་འཐུས་གྲོས་ཁང་གི་དབུ་ལས་ཡོངས་ཀྱིས་མཁྱེན་པ་གནང་དགོས།
གལ་ཏེ་“རྨི་ལམ་ཡག་ཐོག་ལ་སད་”ཟེར་བའི་དཔེ་ལྟར། བཙན་བྱོལ་སྤྱི་འཐུས་གྲོས་ཁང་ནས་གོང་གི་ཐག་གཅོད་ཡིག་བཀའ་ཡིག་དེ་ཕྱིར་བསྡུ་བྱས་ཤིང་། གྲོས་ཆོད་དེ་ཉིད་རྩིས་མེད་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ཡིན་ན། ང་ཚོས་སྔར་བཞིན་འབངས་དང་གཞུང་གི་འདུ་ཤེས་ཀྱི་ཐོག་ནས་རང་ལ་དབང་བའི་འོས་ཆོས་དེ་མུ་མཐུད་དུ་འཐབ་རྩོད་བྱེད་ངེས་ཡིན་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས་བཅའ་ཁྲིམས་ཚད་ལྡན་ཞིག་དང་། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པའི་སྤྱི་འཐུས་གྲོས་ཁང་སྤུས་དག་ཅིག་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་ངེས། འདི་ནི་ང་ཚོའི་དམིགས་འདུན་ཡིན་ལ། བཙན་བྱོལ་སྤྱི་འཐུས་སམ་གྲོས་ཁང་གི་རྨི་ལམ་ཡང་ཡིན་སྲིད།
ངས་སླར་ཡང་བཙན་བྱོལ་གྲོས་ཁང་གི་འཐུས་མི་རྣམ་པར་དྲན་སྐུལ་ཞིག་དང་མཉམ་དུ་འདི་ནས་འབྲི་མཚམས་འཇོག་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་འཐུས་རྣམ་པ་དང་ཐོག་གྲོས་ཁང་དུ་ཕེབས་སྐབས། ལས་འཁུར་དམ་བཅའམ་ཁས་ལེན་ཟེར་པའི་ཚིག་སྙན་པོ་ཞིག་རྗེས་ཟློས་གནང་བཞིན་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་གནང་སྲོལ་ཡོད། དཔེར་ན། ཟུར་སྣོན་ཡིག་ཆ་ཞེས་པར། “བདག་་་་་་ཞེས་བགྱི་བ། སྐབས་་་་་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།” ཞེས་པ་འདི་སྤྱི་འཐུས་རྣམ་པའི་སྐུ་ཚེའི་རིང་གི་དམ་བཅའ་རེད་ཟེར་མི་ཐུབ་མོད། སྤྱི་འཐུས་རྣམ་པའི་ལས་རྒྱུན་རིང་གི་དམ་བཅའ་ཡིན་པ་བསྙོན་དུ་མེད་པས། རྒྱུན་ལས་རྣམས་ཉིན་རེར་ལས་ཁུངས་སུ་ཕེབས་སྐབས་དང་། སྤྱི་འཐུས་གཞན་རྣམས་ལོ་རེའི་ཕྱི་ཟླ་ ༣ དང་ ༩ གཉིས་ལ་གྲོས་ཁང་དུ་ཚོགས་ཞུགས་གནང་སྐབས། ཅིས་ཀྱང་ཐུགས་ལ་དྲན་དགོས། གལ་ཏེ་དམ་བཅའ་དེ་དག་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་གནང་བ་ཡིན་ན། རྒྱུད་ལས།
“འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག་པར་བྱེད།། དམ་ཚིག་བསྲུང་ན་དངོས་གྲུབ་སྟེ།། རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག།” ཅེས་པའི་བརྗོད་དོན་མི་འདོད་བཞིན་དུ་དབུ་ལ་དབབ་མི་སྲིད་པ་མིན་ནོ།།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ ཉིན།
མང་པོ་ཞིག་བཤད་འདོད་ཡོད།
ཡིག་ཐོག་ན་ཡོད་ཀྱང་ལག་སྟར་ན་མེད་པ་རྒྱ་དམར་གྱི་ཁྲིམས་སྒྲིག་རེད་ཅེས་སྐྱོན་བརྗོད་་བྱེད་ཀྱིན་བྱེད་ཀྱིན་རང་ཅག་གིས་ཀྱང་དེ་འདྲ་བྱེད་ཀྱིན་འདུག་ཀ འདི་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་སྒེར་གཅོད་བྱས་པ་རེད། ད་དུང་མུ་མཐུད་ནས་་་སྙན་ཞུའི་་གེ་དེ་འདྲ་འབྱོར་ན་རྒྱུན་་ལས་ཡར་མ་བཏང་བར་ནག་བསུབ་བཏང་ཤོག་མདོག་མདོག་གསུང་འདུག་ག
བཙན་བྱོལ་ནང་གི་ཇོ་ནང་བའི་དགོན་པ་དེ་ཚོ་དབུས་བོད་་མི་སྒྲིག་འཛུགས་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་དམ། དེ་ནང་གི་གྲྭ་བཙུན་ཚོ་ལ། རང་གི་ཆོས་རྒྱུད་ཀྱི་འཐུས་མིར་འགྲོ་བའི་ཐོབ་ཐང་མེད་པ་མཟད། སྤྱིར་ན་ཆོས་རྒྱུད་སྤྱི་འཐུས་ལ་འོས་ཤོག་འཕེན་པའི་ཐོབ་ཐང་ཡང་མི་འདུག་ཀ དེ་ལ་ཅི་བྱ་དགོས་སམ། ད་ཆ་སྤྱི་འཐུས་རྒྱུན་ལས་ཀྱིས་སྣ་རང་ངོ་ན་ཡོད་དུས་བདག་བརྒྱག་་ཡག་གནང་ན་ཡག་པོ་ཡོད་རེད། རྗེས་སུ་འ་འུབ་མ་འདུས་པའི་གནས་སྟངས་ཡོང་མི་སྲིད་པ་མ་རེད། སྐབས་འདིའི་སྤྱི་འཐུས་རྒྱུན་ལས་ཀྱི་ནོར་འཕྲུལ་དེར་སྤྱི་འཐུས་ཚང་བསམ་གཏོང་དགོས་ཚོད་རེད་དོ།
ད་བར་ཇོ་ནང་ཞེས་པའི་ཆོས་ལུགས་འདི་ཆོས་ལུགས་གང་གི་ཁོངས་གཏོགས་ཡིན་པ་རེད།
དེ་ལྟར་ན་བཀའ་བརྒྱུད་ལའང་བཀའ་བརྒྱུད་ཆེ་ལྔ་ཆུང་ལྔ་བཅས་བཅུ་ཡོད་འདུག་པ་དེ་དག་
རེ་རེ་ལའང་ཆོས་བརྒྱུད་རེ་བརྩི་དགོས་པ་རེད།
ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ་་🙏🏻🙏🏻🙏🏻
ད་ནི། ཆོས་རྒྱུད་སྤྱི་མཐུན་མེད་པ་བཟོ་དགོས་པའི་དུས་ལ་བབ་འདུག་པ་མ་ཟད། ཕྱིས་པའི་སྐྱོན་མང་པོ་བྱུང་སོང་། དེ་སྔོན་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་བསྟུན་ཆོས་རྒྱུད་སྤྱི་མཐུས་བཟོས་པ་ཡིན་ངེས་ཀྱང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཁུལ་བྱས་ཀྱང་འཇིག་རྟེན་འགྲོ་སྟངས་མི་ཤེས་པའི་ཁ་བདེ་ལྕེ་བདེས་ཆོས་སྲིད་རླུང་ལ་བསྐུར་ཡོང་གི་འདུག
རིག་པའི་རྡོ་རྗེ་ལགས། ཇོ་ནང་གི་སྤྱི་མཐུས་རྩོད་པའི་ཚབ་ཏུ་ཆོས་རྒྱུད་སྤྱི་མཐུས་ཡོངས་རྫོགས་མེད་པ་བཟོས་ཏེ། ཆོས་སར་ཆོས་དང་གཞས་སར་གཞས་ཞེས་པའི་དཔེ་ལྟར་ཆོས་སྲིད་སོ་སོ་དྭངས་གཙང་ངེ་བ་ཞིག་ཡོང་བའི་འཐབ་རྩོད་གནང་རོགས། དེ་མིན་ད་དུང་བོད་པ་ཁ་ཆེ་བ་དང་། བོ་དོང་ལུགས་དང་། བུ་ལུགས། བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད། ནམ་ཞིག་ནས་དོལ་རྒྱལ་རྗེས་འབྲངས་བཀའ་གདམས་གསར་མ་བས་ཀྱང་སྤྱི་མཐུས་རྩོད་འོང་། ད་ནི། གྲོས་ཚོགས་ཀྱི་སྲིད་སྟེགས་ལ་བསྡད་ཡོད་པའི་བླ་རྒན་མགོ་རིལ་ཚོ། ང་ཚོ་ཁྱིམ་པའི་སྲིད་སྟེགས་ནས་ཕྱིར་བུད་ཅིག སྟོན་པས་ཀྱང་དགྱེས་མཛུམ་གནང་ངེས་ལ། སོ་སོའི་ཆོས་རྒྱུད་གོང་མ་རྣམས་ཀྱིས་ཀྱང་དབུ་ལྕོག་ལྕོག་གནང་ངེས་རེད།
ཆོས་པ་ཚོས་ཆབ་སྲིད་ཀྱི་རྐུབ་སྟེགས་ཙམ་ཞིག་དོན་དུ་གཉེར་བ་ལ་ཡ་མཚན་དུ་མཐོང་གི་ཡོད། ད་ནི་འགྱུར་བ་ཞིག་གཏོང་དགོས་པའི་ཚད་རེད། ཅི་སྟེ་ཆོས་ལུགས་པའི་འཐུས་མི་ཞིག་དགོས་ན། ནང་པའི་སྤྱི་འཐུས་གཅིག བོན་གྱི་སྤྱི་འཐུས་གཅིག ཡུ་ཤུ་པའི་སྤྱི་འཐུས་གཅིག ཁ་ཆེ་བའི་སྤྱི་འཐུས་གཅིག འདི་འདྲ་ཞིག་བྱུང་ན། ཆབ་སྲིད་རྐུབ་སྟེགས་རྩོད་པའི་རྩོད་གཞི་འདི་འདྲ་ཡོང་གི་མ་རེད།
ཆོས་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགོད་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།། ལེགས་བཤད་འདི་ཁྱེད་ཀྱི་ཤེས་པ་ཁྱེད་ཀྱི་དགོས་མཁོ་ལས་ཡིན་པས་ང་ཚོར་མི་གནད་དོ། བེ་རི་རིག་པའི་རྡོ་རྗེས། བོད་པའི་ལེགགས་བཤད་གཞན་ཤིག་ཞུས་ན། ནོར་ལ་འདོད་ན་སྐྱོན་བཏགས། དེ་མིན་ཁྱེད་བོད་པ་ཞིག་ཡིན་ན་བཙན་བྱོལ་བ་ refugee ཟེར་བའི་དམ་ཕྲུག་དེ་སུས་རྒྱབ་རེད། ཁྱེད་ལ་རིག་པ་མིན་འདུག་སུས་ལབ་ཐུབ། རྩོམ་རིང་པོ་འདི་བྲིས་འདུག དགྲ་གཉེན་མགོན་གསུམ་དེ་ཤེས་ཀྱི་ཨ་ཡོད། ནང་ཆོས་ཀྱི་བྱིན་རླབས་མཇུག་ཡིན་སྲིད། གང་ལྟར་ངས་དྲི་བ་དང་པོ་དེ་། ཁྱེད་རྒྱ་ལ་སྨོན་ན་ཕ་ཡུལ་དོར་ནས་མི་ཡུལ་དུ་ཅི་ཆེད་ཡོང་ངམ། ཕ་ཡུལ་མྱིས་ཁྱེད་ཀྱི་བྱ་ལམ་ལ་མི་དགའ་བས་བྲོསནི་ཨ་ཡིན། རྒྱ་དམར་པོས་དངོས་ཤུགས་བརྒྱུད་གསུམ་གྱིས་ WELCOME ཞུ་འདུག་པས་རྒྱུགས། བོད་མིའི་བཅའ་ཁྲིམས་དེར་མི་འདོད་ན་ཁྱེད་ཀྱི་འདོད་པ་ཡོད་པའི་རྒྱའི་རྩ་ཁྲིམས་འོག་རྒྱུགས།
སྐར་མའི་རྟགས་ཀྱི་ཁ་བརྡ་ནང་དཀྲུག་ཤིང་རྒྱབ་མཁན་གྱི་མིང་མང་པོ་འདུག་པས་བེ་རི་ཁྱེད་ཀྱང་དེ་གྲས་མིན་པ་ཞུ་ཐུབ་རྒྱུ་དཀའ། ཡིན་ཀྱང་གསལ་བཤད་དགའ་ཞུ་གལ་འདུག
༡༽ བཅའ་ཁྲིམས་ནང་ཐོབ་ཐང་ཡོད་པ་ལྟར་བེ་རི་ཁྱེད་དང་དེ་བཞིན་ཇོ་ནང་པས་ ༡༩༦༠ ཙམ་ནས་ཆོས་བརྒྱུད་ལྔ་གང་དུ་གཏོགས་པ་དེར་བོད་མི་ཚང་མ་འདྲ་མཉམ་ཡིན་པ་གསལ་བ་ལྟར་འོས་བླུགས་ཡོད། རྒྱའི་རྩ་ཁྲིམས་ནང་མི་རིག་སོ་སོའི་སྐད་རིག་བདག་ཉར་ཆོག་པའི་ཐོབ་ཐང་ཡོད་ཅེས་གསལ་ནའང་འདྲ་མཉམ་མེད་པས་བོད་ཕྲུག་ལ་དབང་མེད་ཀྱི་རྒྱ་སྐད་སྦྱང་དགོས་འདུག་ག། བེ་རི་ད་དུང་ཁྱེད་ཀྱི་རྒྱའི་རྩ་ཁྲིམས་ལེགས་པ་མཐོང། རྒྱ་མི་གྲངས་མེད་ཀྱི་དྲང་བདེན་མེད་པའི་སྐད་རྒྱབ་གྱི། ཁག་མེད་རྒྱ་ཡིག་མི་ཤེས་པའི་ཁར་མིག་དང་རྣ་ཤེས་སྐྱོན་ལས་བྱས།
༢༽ ཇོ་ནང་པ་བཅའ་ཁྲིམས་ནང་གསལ་ཆོས་བརྒྱུད་ལྔའི་ནང་མི་གཏོགས་སམ། ཉམས་ལེན་ཕྲན་བུ་འདྲ་མིན་ལས་ཆོས་ལུགས་ཁ་ཁག་རྩིས་དགོས་ན་ཆོས་ལུགས་ཁག་ལྔ་ནས་མཐར་བརྒྱ་ཡང་ཡོང་སྲིད། དཔེ་ན་བཀའ་བརྒྱུད་ལ་ཆེ་བཞི་ཆུང་བརྒྱད་དང་དེ་དག་ལའང་རིས་མེད་དང་མགོན་པ་ཆགས་ཡུལ། ཆོས་ལུགས་གཞན་ཞིག་དང་འབྲེལ་ཆེ་བས་མིང་གཞན་ཞིག་སོགས།་དེ་བཞིན་དགེ་ལུགས་ལའང་གྲ་ཚང་སོ་སོའི་སྲུང་མ་བསྟན་སྲོལ་ཡོད་པའི་མི་འདྲ་བ་སོགས་གཞི་འབྲེལ་ཆོག རྒྱ་ཧ་ཤང་ཆོས་ལུགས་ཀྱང་ཡོད་མི་སྲིད་པ་མིན། དེ་ལྟར་ན་རྙོག་ཁྲ་ཚ་བོ་མ་རེད་པས། བསམ་ཞིག་ཞུས་ན་ཆོས་འཐུས་མེད་པས་སྐྱོན་གང་བྱུང་འདུག བསྟན་པ་འཛིན་རྒྱུ་དེ་གལ་ཆེ། ཆོས་འཐུས་རྣམ་པས་དམའ་མཐར་ལུས་ངག་ཡིད་གསུམ་གྱི་ཚུལ་ཁྲིམས་དེ་ཡང་མ་སྲུང་ན་བསྟན་པས་ཞབས་འདྲེན། བསྟན་པ་སྤྱི་དང་སྐབས་དུས་ནང་པའི་བསྟན་པ་ལ་དད་པ་ལོག་བཅུག་མཁན་དེ་འདྲ་བྱུང་ན་ཅི་ཕན། ཇོ་ནང་བཞེད་སྲོལ་མི་ཉམས་སླར་གསོ་དགོས་པའི་བཀའ་དགོངས་ལ་བརྙས་ནས་རྩོད་ན་ངས་ནི་ནོར་པ་ཆེན་པོ་མིན་ནམ་བསམ།
གང་ལྟར་ཡང། ཇོ་ནང་པར་བོད་མིའི་ཐོབ་ཐང་མ་སྤྲད་པའམ་མེད་པ་བཟོས་སོགས་གང་ཡང་མིན། ཐོབ་ཐང་མེད་པའམ་བཅའ་ཁྲིམས་ནང་མ་གསལ་བ་ཞིག་དགོས་ཟེར་པ་ལྟར་རག་མེད། ལས་སླ་པོ་ག་ནས་འོང། ངོས་འཛིན་ན་རྒྱ་ཁབ་ཅིག་གི་ཁྲིམས་སྒྲིག་ཡིན་པ་མ་ཟད་དོམ་ཚན་ཡང་གལ་འགངས་ཆེ་གྲས་ཤིག་ཡིན་ནོ།
མཐར་བེ་རི་པས་དམིགས་ཡུལ་དེ་དོལ་རྒྱལ་ཚོགས་པ་ནས་དཔེ་ལེན་ཏེ་བོད་མི་མང་དང་གཞུང་། དེ་བཞིན་ང་ཚོའི་འདི་ཕྱི་གཉིས་ཀྱི་དབུ་འཕྲིད་མཆོག་ལ་སྨད་ཆེད་ཀྱི་བརྒྱུད་སྐུལ་དུ། དེ་རིང་གི་ཐག་གཅོད་བཀའ་རྒྱ་འདི་ཉིད་རྒྱ་དབྱིན་སོགས་སྐད་ཡིག་གཞན་གྱི་ཐོག་བསྒྱུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཉམ་དུ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་དང་འབྲེལ། རབ་བྱུང་ན་འཛམ་གླིང་མཉམ་འབྲེལ་རྒྱལ་འཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་སམ། ཡང་ན་ཨ་རིའི་མི་སེར་ཡིན་པའི་ཇོ་ནང་པ་རྣམས་ཀྱིས་རང་རང་གི་ཐོབ་ཐང་བེད་སྤྱོད་བྱས་ནས། ཨ་རིའི་ཆོས་དད་རང་དབང་ལྷན་འཚོགས་སུ་ཞུ་གཏུག་གི་ལས་འགུལ་རྣོ་ངར་ལྡན་པ་སྤེལ་རྒྱུ་ལས་ཐབས་གཞན་མེད་པ་བཙན་བྱོལ་སྤྱི་འཐུས་གྲོས་ཁང་གི་དབུ་ལས་ཡོངས་ཀྱིས་མཁྱེན་པ་གནང་དགོས། ཞེས་ཇོ་ནང་པ་ནས་རེ་འདུན་ཞུ་བཞིན་པར་ཐུགས་ཞིབ་ཀྱིས་ལན་མ་གནང་ན་ཁོས་བསམ་ཚུལ་དེ་ཇོ་ནང་པས་དགོངས་ཚུལ་དུའང་ལེན་ངེས་སོ།།
ད་ལྟ་ཆོས་བརྒྱུད་སྤྱི་འཐུས་ཚོའི་རྐུབ་ལ་དབྱུག་པས་གཞུ་བའི་དུས་ལ་སླེབས་ཡོད་པས་འདིའི་རིགས་ལ་རྩོད་པའི་ངལ་བ་སྟེན་མི་དགོས་སྙམ།