གཡུ་དྲུག་དཀར། རྡ་ས།
གློ་བུར་དུ་བྱུང་བའི་དོན་ངན་དེ་གློ་བུར་དུ་ཐོས་འཛིན་གྱི་བུ་ག་ནས་སེམས་ལ་ཚེར་མ་བཞིན་ཟུག་ཡོང་དུས། གློ་བུར་དུ་ཅི་དྲན་འདི་དྲན་མི་འདུག་ཀྱང་། ལོ་ཤས་སྔོན་གྱི་རྒྱ་གར་གྱི་གྷི་ཇི་ར་ཏི་དང་། ལོ་སྔོན་མའི་རྒྱ་ནག་གི་ཁྲོན་ཆིན། ཟླ་ཤས་གོང་གི་ལྷོ་ཨ་རིའི་ཧི་ཏིས་བཅས་མི་ཚེ་འདིར་བརྒྱུད་ལམ་ཁག་ཅིག་ནས་དངོས་སུ་མཐོང་ཐོས་བྱུང་བའི་འཇིགས་སྣང་དག་གིས་དུས་གཅིག་ཏུ་དྲན་པའི་ཡོལ་ངོས་སུ་འཚང་ཁ་བརྒྱབས་བྱུང་།
སེམས་འཇིགས་སྣང་གིས་ཁེངས་དུས། སྙིང་ལྷོད་ལྷོད་ཅིག་ཡོང་ངམ། སྙིང་གི་འཕར་ལྡིང་ཇེ་མགྱོགས་ནས་ཇེ་མགྱོགས། སྙིང་ཁམས་ཀྱི་འཚུབ་ཆ་དེས། ཁྲག་ྐློང་ཚ་བེར་བེར། རུས་རྐང་ལ་ན་ཟུག་གཏོང་བས། ངས་སྡུག་གི་མྱ་ངན་གྱི་མགོ་བོ་ལྕི་མོ་ནང་ལ་དུད་ནས། ཉི་མ་རེ་རེ་བྱས་ཏེ། ྐློག་ྐླད་རེ་རེའི་མདུན་ངོས་ཀྱི་གསར་འགྱུར་བྐླགས། ཡིག་ཚགས་བསྔོགས། མི་སྒེར་གྱི་ཟིན་བྲིས་དང་བྲིས་རྩོམ་རེ་རེའི་ཡིག་ཕྲེང་རེ་རེ་དེད་ཅིང་ས། ྐློག་ཚིགས་དེ་དག་གི་པར་མཛོད་དུ་ཁྲག་དམར་རྐྱང་རྐྱང་གི་ཁྲོད་ན་འགྱེལ་འདུག་པའི་བེམ་རོ་དང་རྨས་མ་དག་དང་། ཁང་བརྩེགས་མཐོ་དམན་སོགས་ས་ལ་བརྡབས་ཏེ་བཅོམ་ཆག་སྐྱ་ཉིལ་བྱས་པའི་བརྙན་རིས་དེ་
དག་རེ་རེ་ལ་བལྟས།
ད་དུང་ཕ་མ་སྤུན་མཆེད་དང་། ཕུ་ནུ་མིང་སྲིང་། གཅེས་ཕྲུག་མར་ལོ་འདྲ་བོ་ཚོ་སོགས། མདོར་ན་སྤུན་ཟླ་རྐྱེན་ལམ་དུ་སོང་བའི་གྲངས་འབོར་བརྒྱ་ནས་སྟོང་དང་། སྟོང་ནས་ཁྲི། ཁྲི་ནས་ད་དུང་གར་འགྲོ་མི་ཤེས་པའི་མངོན་སུམ་གྱི་འཇིགས་སྣང་ལ་བསམ་བཞིན། ངའི་དོན་ལྔ་སྣོད་དྲུག་གི་ཁམས་ཀྱང་ཡོམ་ཡོམ་འདར་ཞིང་། སྐྱེ་རྒུ་མདོ་ཡི་སྡུག་བསྔལ་ཡོད་ཚད་སྙིང་ཁམས་སུ་འཕོ་བ་ཞིག་ཅིས་ཀྱང་རེད།
འདི་ནི། ང་ཚོ་ཡུལ་དུས་ཉེ་རིང་གིས་མི་ཆོད་པར། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གཟུགས་སྣང་ཡིན། ཨོཾཱ་མ་ཎི་པད་མེ་ཧཱུཾ། ང་ཚོའི་སྙིང་ཁམས་ཀྱི་སྡུག་བསྔལ་འདི་སུ་ཡིས་ནོན་ཐུབ་བམ།
འཇིགས་ཡེར་བའི་སྐྱེ་རྒུ་མདོ། ཉན་མི་བཟོད་པའི་སྐྱེ་རྒུ་མདོ། ཁྱོད་ཀྱི་སྡུག་བསྔལ་ལ་ཉན་གྱིན་ཉན་གྱིན། ཁ་མ་གདངས་ཀྱང་མ་ཎི་ཡིག་དྲུག་ངག་ནས་ལུད་ཡོང་གི་ མིག་མ་གདངས་ཀྱང་མཆི་མའི་རྡོག་ཕྲེང་སེམས་ནས་བཞུར་ཡོང་གི་
ཨོཾཱ་མ་ཎི་པད་མེ་ཧཱུཾ། ཨོཾཱ་མ་ཎི་པད་མེ་ཧཱུཾ། ཨོཾཱ་མ་ཎི་པད་མེ་ཧཱུཾ།